Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚངས་པར་སྤྱོད་པའི་དགེ་བསྙེན་ཞེས་བྱ་བ་ཡིན་ནོ། །དེང་སང་བརྗེ་བྱེད་དགེ་མ་བྱེད་ཟེར་བའི་སྐུ་ཕུད་སྡོམ་པ་ལེན་པའི་ཆོ་ག་ཁྱེར་བདེ་བལྟས་ཆོག།
   
   
   
   
   
   
   


 
previousཚངས་པར་སྤྱོད་པའི་དགེ་བསྙེན་ཞེས་བྱ་བ་ཡིན་ནོ། །དེང་སང་བརྗེ་བྱེད་དགེ་མ་བྱེད་ཟེར་བའི་སྐུ་ཕུད་སྡོམ་པ་ལེན་པའི་ཆོ་ག་ཁྱེར་བདེ་བལྟས་ཆོག།next

ཚངས་པར་སྤྱོད་པའི་དགེ་བསྙེན་ཞེས་བྱ་བ་ཡིན་ནོ། །དེང་སང་བརྗེ་བྱེད་དགེ་མ་བྱེད་ཟེར་བའི་སྐུ་ཕུད་སྡོམ་པ་ལེན་པའི་ཆོ་ག་ཁྱེར་བདེ་བལྟས་ཆོག།


CMR004_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པར་སྤྱོད་པའི་དགེ་བསྙེན་ཞེས་བྱ་བ་ཡིན་ནོ། །དེང་སང་བརྗེ་བྱེད་དགེ་མ་བྱེད་ཟེར་བའི་སྐུ་ཕུད་སྡོམ་པ་ལེན་པའི་ཆོ་ག་ཁྱེར་བདེ་བལྟས་ཆོག་ཡོད་ལགས་སོ།།


CMR004_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྟོན་པའི་སྐུ་དང་མཆོད་པ་སོགས་བཤམས་ལ། དེ་ཡང་བཀའ་གདམས་ལུགས་ལ། ས་དེར་དགེ་སློང་སྡོམ་པ་འབོགས་མཁས་པ་གཞན་ཡོད་ན། འདུལ་ཁྲིམས་ཀྱི་སྡོམ་པ་འབོགས་མི་རུང་གསུངས་ནའང་། དེའི་ཁ་རང་གིས་བཀག་པ་ནི་མིན་ན་རུང་སྟེ། དཔེར་ན་སྐུ་སྐྱེ་རྣམས་དགེ་བསྙེན་ལས་ད་རུང་མ་ཞུས་ཀྱང་། དྲུང་སྐོར་དགེ་སློང་མང་བ་ཡང་དད་པའི་དབང་གིས་སྐུ་སྐྱེ་ལ་ཞུ་བ་ཀུན་ལ་དར་བ་བཞིན་ནོ། །དེས་ན་རབ་དགེ་སློང་། འབྲིང་དགེ་ཚུལ། ཐ་མ་དགེ་བསྙེན་གྱིས་ཀྱང་སྡོམ་པ་འབོགས་རུང་བར་བཤད་དོ། །དེས་ཆབ་བླང་ལྷམ་ཕུད་མཚོན་ཆ་དང་ཕྲེང་བ་སོགས་ཕུད་ལ་ཙོག་པུར་ཆངས་ཟུང་གིས་ཐལ་མོ་སྦྱར་ནས་འདུག་བཅུག་ལ། འོ་ན་ཁྱེད་རྣམས་དལ་འབྱོར་


CMR004_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མི་ལུས་རིན་པོ་ཆེ་ཐོབ་དཀའ་བ་འདི་ཐོབ་ཀྱང་ཡུན་རིང་མི་གནས་འཆི། ཡང་ཡང་མི་ཐོབ་པས། ད་རེས་ལུས་འདི་ལ་སྙིང་པོ་ཞིག་ལེན་དགོས། དེ་ལེན་པ་ལ་སྡོམ་པ་སྲུང་དགོས། སྡོམ་པ་སྲུང་བ་ལ་ཞུ་དགོས། སྡོམ་པ་ཞུས་པ་ལ་ཕན་ཡོན་དཔག་ཏུ་མེད་དེ། དྲན་པ་ཉེར་བཞག་ལས། རབ་ཏུ་བྱུང་བའི་སེམས་བསྐྱེད་དེ། དགེ་བསྙེན་རྫོགས་པར་ཐོབ་པའི་ཚེ། བར་སྣང་གི་ལྷ་ཐམས་ཅད་དགའ་ནས། སྙན་པ་སྒྲོག་གོ །དེས་རྒྱལ་ཆེན་རིགས་བཞིའི་ལྷ་གནས། སུམ་ཅུ་རྩ་གསུམ་པའི་ལྷའི་དབང་པོ་བརྒྱ་བྱིན་གྱི་བར་དུ་སྙན་པ་སྒྲོག་ཅིང་བསྟོད་པ་བྱེད་


CMR004_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་རྒྱ་ཆེར་གསུངས་ལ་རབ་ཏུ་བྱུང་བའི་བསོད་ནམས་ནི། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས། བསྐལ་པའི་བར་དུ། བུ་དང་ཆུང་མ་སྦྱིན་པ་གཏོང་བའི་བསོད་ནམས་ལས། རབ་ཏུ་བྱུང་བའི་བསམས་པས་དགོན་པར་གོམ་པ་གཅིག་བོར་ན་བསོད་ནམས་ཆེ་བ་དང་། ཟས་དང་སྐོམ་དང་མེ་ཏོག་ལ་སོགས་ཀྱིས་སངས་རྒྱས་ལ་མཆོད་པ་བས། རབ་ཏུ་བྱུང་བའི་སེམས་ཀྱིས་དགོན་པར་གོམ་པ་བདུན་བོར་ན་བསོད་ནམས་ཆེ་བར་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་སོ། །དགའ་བོ་རབ་ཏུ་བྱུང་བའི་མདོ་ལས། རྫོགས་པའི་སངས་རྒྱས་རྣམས་ཀྱིས། འཇིག་རྟེན་གྱི་ཁམས་གང་བར་གྱུར་པ་ལ། ལོ་བརྒྱའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས། བསྙེན་བཀུར་བ་བས་རབ་ཏུ་བྱུང་བའི་བསོད་ནམས་བཅུ་དྲུག་འགྱུར་གྱིས་ཆེ་བར་གསུངས་སོ། །དེ་ལ་རབ་ཏུ་བྱུང་བ་དངོས་ནི། བར་མ་རབ་བྱུང་ཡན་ཆོད་ཡིན་མོད་ཀྱང་། ཚངས་སྤྱོད་དགེ་བསྙེན་དང་དགེ་བསྙེན་མ་ཡང་ཁྱིམ་ཐབས་སྤང་བ་ཡིན་པས། དོན་ལ་རབ་བྱུང་གི་ཁོངས་སུ་གཏོགས་པ་ཡིན་ཏེ། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། ཁྱིམ་ན་གནས་པ་ནི། ཀུན་དུ་གནོད་པ་སྟེ་སྡུག་བསྔལ་འབབ་


CMR004_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། ཞེས་པ་ནས། ཁྱིམ་ན་གནས་པ་ནི་ཐོབ་པའོ། །རབ་ཏུ་བྱུང་བ་ནི་ཐིབ་པོ་ལས་ཐར་བ་ཡིན་ཏེ་ཞེས་པའི་བར་དུ། ཁྱིམ་པ་དང་རབ་བྱུང་གཉིས་ལ། ཁྱད་པར་བརྒྱ་དང་རྩ་བརྒྱད་ཡོད་ཚུལ་རྒྱས་པར་གསུངས་ཤིང་ཁྱིམ་ན་གནས་པ་ནི། དགེ་བའི་རྩ་བ་འཇོམས་པར་བྱེད་པ། འབྱུང་བ་སུན་འབྱིན་པ། དགེ་བའི་སྡོང་པོ་བསྐྱེལ་བར་བྱེད་པ་སྟེ། དེའི་ཕྱིར་ཁྱིམ་ཞེས་བྱའོ། །ཞེས་གསུངས་པས་ཁྱིམ་ཐབས་སྤང་སྟེ་སྐྲ་ཕུད་འབུལ་བ་དེ་ཕན་ཡོན་བསམ་ལས་འདས་པ་ཡིན། ད་ནི་འདིར་བཤམས་པའི་དཀོན་མཆོག་གི་རྟེན་དང་། །ཡིད་ཀྱིས་ཀྱང་ཐུབ་པ་དང་། གནས་བརྟན་བཅུ་དྲུག་འཁོར་དགྲ་བཅོམ་པ། ཁྲི་དྲུག་སྟོང་བཞི་བརྒྱ་དང་བཅས་པ་མདུན་གྱི་ནམ་མཁར་བཞུགས་པར་མོས་པས། དཀོན་མཆོག་གསུམ་ལ་ཕྱག་གསུམ་དང་། ང་ལ་སློབ་དཔོན་ཞུ་བའི་ཕྱིར་ཕྱག་གསུམ་འཚོལ་ལ། །ཙོག་པུར་ཐལ་མོ་སྦྱར་ཏེ་སྡོད། ཅེས་དེ་ལྟར་བྱེད་བཅུག །ད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དགེ་བསྙེན་གྱི། བུད་མེད་ཡིན་ན། དགེ་བསྙེན་མའི། སྡོམ་པ་བླངས་ནས་སྲུང་སྙམ་པ་གྱིས་ལ། རྗེས་ཟློས་


CMR004_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། ཆོས་འབྲེལ་མེད་ན་བཙུན་པ། ཡོད་ན་སློབ་དཔོན་བརྗོད། སྔོན་དུ་སྐྱབས་སྡོམ་རང་ལ་ཞུས་ཡོད་པས་སློབ་དཔོན་རུང་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆགས་པ་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། ཆང་མི་ཆོད་ན་ཕལ་ཆེར་སྤྱོད་པ་ཅུང་ཟད་འཛིན་པ་དང་ཆོད་ན་ཚངས་པར་སྤྱོད་པའི་དགེ་བསྙེན་དུ། སློབ་དཔོན་གྱིས་བཟུང་དུ་གསོལ། དེ་ལན་གཉིས། ལན་གསུམ་པའི་སྐབས་སུ་སྡོམ་པ་ཐོབ་པ་ཡིན་པས་དེ་ཤེས་པར་གྱིས་ལ་རྗེས་ཟློས་མཛོད་། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆགས་པ་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་


CMR004_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། ཕལ་ཆེར་སྤྱོད་པ་ཅུང་ཟད་འཛིན་པའི། ཚངས་པར་སྤྱོད་པའི་དགེ་བསྙེན་དུ། བུད་མེད་ལ། དགེ་བསྙེན་མར་སློབ་དཔོན་གྱིས་བཟུང་དུ་གསོལ། སློབ་དཔོན་གྱིས། ཐབས་ཡིན་ནོ་བརྗོད། སློབ་མས་ལེགས་སོ་ཞེས་བརྗོད་བཅུག །དེ་ལྟར་ཁྱོད་ཀྱིས་ཚངས་སྤྱོད་དགེ་བསྙེན་གྱི། སྡོམ་པ་ཐོབ་ནས། སྲུང་དགོས་པས། སྲུང་ཚུལ་སྤང་བ་ལྔ་པོ་ཡིད་ཀྱི་སྒོ་ནས་སྤང་། ལུས་ཀྱི་སྒོ་ནས་སླར་ལྡོག་པར་གྱིས། སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་འབྲངས་ནས། སྲུང་སྙམ་པ་གྱིས་ལ་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས། ཇི་སྲིད་འཚོའི་བར་དུ། སྲོག་གཅོད་པ་སྤང་སྟེ། སྲོག་གཅོད་པ་ལས་སླར་ལྡོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། སྲོག་གཅོད་པ་སྤང་སྟེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས། འཕགས་པ་དགྲ་བཅོམ་པ་དེ་དག་གི །རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིའོ། །གཞན་ཡང་སྔོན་གྱི་


CMR004_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་དགྲ་བཅོམ་པ་དེ་དག་གི །ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ། བག་མེད་པའི་གནས་སྤང་སྟེ་འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་ལས། སླར་ལྡོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་བཅོས་པའི་ཆང་། མྱོས་པར་འགྱུར་བ། བག་མེད་པའི་གནས་ལས། སླར་ལྡོག་པར་བགྱིའོ། །ཡན་ལག་ལྔ་པ་འདིས། བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ། །རྗེས་སུ་བསླབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིའོ། །དེ་ལན་གཅིག་གིས་ཆོག་གོ །སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས། ལེགས་སོ། །བཅུག །དེས་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན། དེ་ནས་བུད་མེད་གཞོན་ནུ་རྣམས་དད་གུས་ཆོས་འདོད་ལ་མ་གནང་ན། སེམས་ཅན་བློས་བཏང་གི་ལྟུང་བ་འོང་ཞིང་ལོ་ཤས་ལ་དགེ་སྦྱོར་བྱེད་པ་འགགས། ཚངས་མ་བྱིན་ན་མཐར་མི་ཕྱིན་པས་


CMR004_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་ཆེ་སྟེ། བུད་མེད་སྐྱེས་པ་གཏན་ནས་མེད་ན། མོ་ནད་ཀྱིས་བཞི་བཅུ་ཡན་མི་ཐུབ་པར་འཆི་བར་བྱས་སོ་གསུངས་པའི་ངག་རྒྱུན་ལྟར་ཡིན་པས། དེ་མི་སྨྲ་ན། རྒན་གཞོན་སོ་སོར་ཕྱེ་ལ། རྒས་པ་ལ་གོང་གི་ཚངས་མ་དེ་གནང་ནས། གཞོན་པ་ཚོར་ལོགས་སུ་འདི་གནང་བ་ལེགས་སོ། །ད་ཁྱེད་རང་རྣམས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆགས་པ་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། སྣ་འགའ་སྤྱོད་པའི་དགེ་བསྙེན་མར། སློབ་དཔོན་གྱིས་བཟུང་དུ་གསོལ། ལན་གཉིས་དང་། ལན་གསུམ་པའི་མཇུག་ཏུ་སྡོམ་པ་ཐོབ་པ་ཡིན་པས། ཐོབ་པའི་དུས་ཤེས་པར་གྱིས་ལ། རྗེས་ཟློས་མཛོད། ཞེས་གོང་གི་དེ་ལན་གཅིག་ཝིག་གོ སློབ་དཔོན་གྱིས། ཐབས་ཡིན་ནོ། །སློབ་མས། ལེགས་སོ། །རྗེས་ཟློས། ཞེས་བརྗོད་བཅུག་ནས། ད་བསླབ་པ་ཁས་ལེན་པའི་ཕྱིར་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་


CMR004_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ། སྲོག་གཅོད་པ་སྤང་སྟེ། སྲོག་གཅོད་པ་ལས། སླར་ལྡོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤང་སྟེ། སྲོག་གཅོད་པ་ལས། སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས། བདག་འཕགས་པ་དགྲ་བཅོམ་པ། དེ་དག་གི་བསླབ་པ་ལ། རྗེས་སུ་བསླབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིའོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ། དེ་དག་གིས། ཇི་སྲིད་འཚོའི་བར་དུ་མ་བྱིན་པ་ལེན་པ་དང་། རྫུན་སྨྲ་བ་སྤང་སྟེ། མ་བྱིན་པ་ལེན་པ་དང་། རྫུན་སྨྲ་བ་ལས། སླར་ལྡོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང་། རྫུན་སྨྲ་བ་ལས། སླར་ལྡོག་པར་བགྱིའོ། །ཡན་ལག་འགའ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ། རྗེས་སུ་བསླབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས། ཐབས་ཡིན་ནོ་བརྗོད། །


CMR004_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་ལེགས་སོ་རྗེས་ཟློས། དེས་ཁྱེད་རང་རྣམས་སྣ་འགའ་སྲུང་བའི་དགེ་བསྙེན་མའི་སྡོམ་པ་ལེགས་པར་ཐོབ་པ་ཡིན། དེ་ནས་རྒན་གཞོན་སོ་སོར་ཡོད་ན་སྟབས་གཅིག་བྱ། སྐྱེས་པའི་སྐུ་ཕུད་བླང་པ་ཡོད་ཀྱང་རུང་ཐམས་ཅད་ལ་མཉམ་དུ་ཞལ་དེ་འདྲ་བ་འདི་བརྗོད་དོ། །དེ་ལྟར་ཁྱེད་རང་རྣམས་སྡོམ་པ་ཐོབ་ནས་སྲུང་དགོས་ཏེ། ཚུལ་ཁྲིམས་ཡང་དག་ཕར་ལྡན་པའི་མདོ་ལས། སྲོག་དང་བྲལ་ཞིང་ཤི་ནི་སླའོ། །ཚུལ་ཁྲིམས་རལ་ཞིང་ཞིག་པ་ནི་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་བ་ནི་དེ་ཉིད་ཀྱི་སྐྱེ་བ་ཞིག་པར་ཟད་ཀྱི། ཚུལ་ཁྲིམས་ཞིག་པ་ནི། སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ། རིགས་དང་བྲལ་ཞིང་བདེ་བ་སྤང་སྟེ། རྣམ་པར་ལྟུང་ཞིང་ཉམས་པར་འགྱུར་རོ། །ཞེས་དང་། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། སྲོག་ལ་བབས་ཀྱང་ཚུལ་ཁྲིམས་ནི། །གཏོང་བ་མི་མཁས་བླུན་པོ་ཡིན། །སྲོག་ཆད་ཕྱི་ནས་སྐྱེ་བ་སྟེ། །ཚུལ་ཁྲིམས་ཕྱི་ནས་དེ་ལྟར་མིན། །ཞེས་གསུངས་པས། སྲུང་རྒྱུ་རྩ་བཞི་ཆང་ལྔ་ཀུན་གྱིས་ཤེས་པ་དེ་སྲུང་དགོས། གལ་ཏེ་ཆང་སྤང་མ་ཐུབ་ན་ཡང་ལྟུང་བཤགས་དང་ཕྱག་སྐོར་བ་སོགས་བཤགས་པ་བྱེད། དེ་ལྟར་རྩ་བཞི་དེ་


CMR004_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་ན་རང་ཉིད་དགེ་འདུན་གྱི་རྟགས་སུ་འགྲོ་བས། ཆོས་སྐྱོང་རྣམས་ཀྱིས་སྲུང་ཞིང་སྡོམ་པ་དྲག་པོ་བྱེད། མགོན་པོ་ཕྱག་བཞི་པའི་རྒྱུད་གྲི་གུག་བརྩེགས་པ་ནས། སྲོག་གཅོད་སྤངས་པས་ཞི་བས་སོ། །མ་བྱིན་ལེན་སྤང་རྒྱས་པས་སོ། །མི་ཚངས་སྤྱོད་སྤང་དབང་དུ་འགྱུར། །རྫུན་སྨྲ་ལ་སོགས་ཤུགས་མཐུ་ཡི། །མངོན་དུ་གསལ་བར་བྱེད་པ་ཡིན། །རྩ་བ་འདི་དག་རབ་སྦྱོར་པས། །མ་ཡེངས་མ་འགལ་ལམ་བྱས་ན། །ཆོས་སྐྱོང་ཚོགས་རྣམས་འདུ་བར་བྱེད། །ཅེས་གསུངས། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ཚུལ་ཁྲིམས་འདི་ནི་བདེ་བའི་མཆོག །ཚུལ་ཁྲིམས་འདི་ནི་ཐར་པའི་ལམ། །ཚུལ་ཁྲིམས་འདི་ནི་ཡོན་ཏན་ཞིང་། །ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ། །ཚུལ་ཁྲིམས་འདི་ནི་མཆོག་ཡིན་པས། །མིག་གི་འབྲས་བུ་བཞིན་དུ་སྲུང་། །ཞེས་གསུངས་ཤིང་། ལྷ་དང་མིའི་བདེ་སྐྱིད། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཚུལ་ཁྲིམས་ལས་བྱུང་བ་སྟེ། མདོ་སྡུད་པ་ལས། ལྷ་རྫས་དགའ་རྒྱུ་མི་ཡི་ལོངས་སྤྱོད་དང་། །བདེ་མཆོག་རོ་མཆོག་ལྷ་ཡི་ཕུན་སུམ་ཚོགས། །ཚུལ་ཁྲིམས་རྒྱུས་བྱུང་ཅི་ཞིག་ངོ་མཚར་ཆེ། །སངས་རྒྱས་ཆོས་རྣམས་དེ་


CMR004_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བར་ལྟོས། ཞེས་གསུངས་པ་དང་། སྐྱབས་འགྲོ་ཡིག་དྲུག་སོགས་ལ་དགའ་བ་ཡི། སྐྱེས་བོ་གཙང་མ་འབུམ་ཚོ་བསྟེན་པ་བས། བནྡེ་དགེ་མ་གཙང་མ་གཅིག་ལ་བསྟེན་པ་ཕན་ཡོན་ཆེ་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ལས། སྐྱེ་བོ་གཙང་མ་སྟོང་ཕྲག་བརྒྱ། །བྲམ་ཟེ་གཙང་མ་གཅིག་ལ་སྦྱར། །བྲམ་ཟེ་གཙང་མ་སྟོང་ཕྲག་བརྒྱ། །ཚུལ་ཁྲིམས་ལྡན་པ་གཅིག་ལ་སྦྱར། །ཞེས་གསུངས་སོ། །ངེད་རང་རྣམས་ནམ་འཆི་ཆ་མེད་པ་ལ། སྡོམ་པ་གཙང་ནས་ཤི་ན་ཡང་ལུས་འདི་བས་མི་ཞན་པ་ཞིག་ལེན་པས་ཆོག་པས། ཤིན་ཏུ་གལ་ཆེ་བ་ཡིན་ནོ། །དེ་ཁོ་ནར་མ་ཟད་མཐར་སངས་རྒྱས་ཐོབ་པའི་རྒྱུ་ཡང་འབྱུང་བ་ཡིན་པས། དེ་ལྟར་ཉེས་དམིགས་དང་ཕན་ཡོན་ཤེས་པས། ལེགས་པར་སྲུངས་ཤིག །དེ་ནས་སྐབས་འདིར་མིང་བཏགས་པ་ནི། འདུལ་བ་ནས་སྲས་མིང་། དགེ་ཚུལ་རབ་བྱུང་དུས་བར་མ་གསུངས་ཀྱང་། བོད་དུ་དར་བ་ཡིན་པས། གསུམ་རེད་ན། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། ལྔ་འདུག་ན། རྡོ་རྗེ། རིན་ཆེན། པདྨ། ཕྲིན་ལས། ཀརྨ། སངས་རྒྱས། བདེ་གཤེགས། དྲུག་རེད་ན། སྦྱིན་པ། ཚུལ་


CMR004_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས། བཟོད་པ། བསམ་གཏན། བརྩོན་འགྲུས། ཤེས་རབ། ཐབ་མཁས། སྟོབས་བཅུའམ་མཆོག །ཡེ་ཤེས་ཏེ་ཕར་ཕྱིན་དྲུག་གམ་བཅུ། རབ་དགའ། དྲི་མེད། འོད་བྱེད། འོད་འཕྲོ། སྦྱང་དཀའ་མི་བདེ་བས་དྲི་བྲལ། རིང་དུ་སོང་བ་མི་བདེ་བས་འཕགས་པ། མངོན་དུ་ཕྱོགས་པ་མི་བདེ་བས་ཐར་ལམ། མི་གཡོ། །བློ་གྲོས། ཆོས་ཀྱི་སྤྲིན་ཏེ་ས་བཅུ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་ནི་ལམ་ལྔ་དང་། ནོར་བུ། བདེ་ལྡན། སྟོབས་ཆེན་འདྲ། རྒོལ་འཇོམ་སྟེ་རྒྱལ་སྲིད་དང་། དད་པ། ཐོས་པ། གཏོང་བ། བག་ཡོད་སོགས་དང་། དེ་གང་འོས་ལ་བནྡེ་ལ། མགོ་ན། ཀརྨའམ། པདྨ་སྦྱར། དགེ་མ་ལ་མཇུག་ཏུ། དཔའ་མོ་འམ་། རྡོ་རྗེ་མ། ཞེས་པ་སྦྱར་ཏེ། མིང་གང་འོས་བཏགས། འཇིགས་པ་ལ། སྦྱོར་ལམ་དང་། རྒྱལ་མཚན་དང་། སེང་གེ་དང་། གཞན་ཕན་དང་། འགྲོ་འདུལ་སོགས་དང་། ཚངས་དབྱངས་སོགས་བཏགས་དགོས། དེ་ནས་སྐྲ་ཕུད་བཅད་ལ་སྟོན་པའི་ཕྱག་ཏུ་བཞག་ལ། མེ་ཏོག་གཏོར་ཞིང་། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །


CMR004_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་སྨོན་ལམ་དང་། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུངས་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་རྒྱལ་སྲས་ཐུགས་རྗེ་ཡིས། །ཉན་ཐོས་ཚུལ་བཟུང་སྲིད་པ་ཇི་སྲིད་པར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པ། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །བསོད་ནམས་རི་བོ་བཞིན་དུ་སོགས་དང་། བཀྲ་ཤིས་བརྗོད། རྒན་མོ་བུ་ཡོད་ན་སྐྱ་མི་འབྲེག །ལེན་བུ་བཤིག་སྟེ་བཞག །གཞོན་ལ་ཡང་སྐར་ཡིག་ལྟར། ཉི་ནག་སོགས་མེད་ཅིང་སྐྲ་སྐར་བཟང་དུས་བཞར་བཅུག་གོ །མཎྜལ་ཕུལ། ཕྱག་འཚལ་ནས་གྲོལ་བའོ། །འདི་ལྟར་སྐྱབས་སྡོམ་བསྙེན་གནས། དགེ་བསྙེན་གྱི་སྡོམ་པ་གསུམ་གྱི་སྡོམ་རྒྱུན་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན་འདི་ས་ར་ཧའོ། །འཕགས་པ་ཀླུ་སྒྲུབ། ཡོན་ཏན་བློ་གྲོས། རིན་ཆེན་བཤེས་གཉེན། ཆོས་ཀྱི་བཟང་པོ། ཡོན་ཏན་རྒྱ་མཚོ། ཆོས་ཀྱི་ཕྲེང་བ། བློ་གྲོས་འབྱུང་


CMR004_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྦས་པ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། བྱང་ཆུབ་དཔལ། དབང་ཕྱུག་གྲགས་པ། གཞོན་ནུ་བྱང་ཆུབ། གནས་བརྟན་ཡོན་རྒྱལ། ཡོན་ཏན་བློ་གྲོས། འདུལ་འཛིན་སེང་གེ་དཔལ། རབ་འབྱོར་སེང་གེ །ཆོས་གྲུབ་སེང་གེ །རྗེ་མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །དྲུང་པ་ཀུན་དགའ་རྣམ་རྒྱལ། སྤངས་བ་ཚངས་སྤྱོད་དགེ་བསྙེན་ཡིན་ཏེ། དེང་སང་མི་དར་འདུག་ན་ཡང་། ཞུ་བ་བྱུང་ན་ཚིགས་བསྒྱུར་ཤེས་པར་བྱའོ། །བྷ་ཝནྟུ། རྒྱལ་བའི་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཨ་རཱ་གས་མཛད་པའི་གདམ་གཏད་ལས་གསལ་ལོ།། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཚངས་པར་སྤྱོད་པའི་དགེ་བསྙེན་ཞེས་བྱ་བ་ཡིན་ནོ། །དེང་སང་བརྗེ་བྱེད་དགེ་མ་བྱེད་ཟེར་བའི་སྐུ་ཕུད་སྡོམ་པ་ལེན་པའི་ཆོ་ག་ཁྱེར་བདེ་བལྟས་ཆོག།next