Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྙེན་གནས་དང་སྨྱུང་གནས་ཀྱི་སྡོམ་པ་འབོག་བྱའི་བསྙེན་གནས་དཀར་ཕྱོགས་སྲུང་བ་ཤིན་ཏུ་ཁྱེར་བདེ་བ་ཕྱག་ལེན་ཞིབ་གསལ།
   
   
   
   
   
   


 
previousབསྙེན་གནས་དང་སྨྱུང་གནས་ཀྱི་སྡོམ་པ་འབོག་བྱའི་བསྙེན་གནས་དཀར་ཕྱོགས་སྲུང་བ་ཤིན་ཏུ་ཁྱེར་བདེ་བ་ཕྱག་ལེན་ཞིབ་གསལ། next

བསྙེན་གནས་དང་སྨྱུང་གནས་ཀྱི་སྡོམ་པ་འབོག་བྱའི་བསྙེན་གནས་དཀར་ཕྱོགས་སྲུང་བ་ཤིན་ཏུ་ཁྱེར་བདེ་བ་ཕྱག་ལེན་ཞིབ་གསལ།


CMR004_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་གནས་དང་སྨྱུང་གནས་ཀྱི་སྡོམ་པ་འབོག་བྱའི་བསྙེན་གནས་དཀར་ཕྱོགས་སྲུང་བ་ཤིན་ཏུ་ཁྱེར་བདེ་བ་ཕྱག་ལེན་ཞིབ་གསལ་བཞུགས་སོ།།


CMR004_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་ཁྱེད་རང་རྣམས་ལ་སྨྱུང་གནས་ཀྱི་སྡོམ་ཆུང་བྱེད་པ་ཡིན་ཏེ། དེ་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ་ལས། རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྟེན་ནི་ཚུལ་ཁྲིམས་ཡིན་ཏེ། བྱང་ཆུབ་དང་སངས་རྒྱས་ཀྱི་ཆོས་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་སོ། །ཞེས་གསུངས་པས་དལ་འབྱོར་མི་ལུས་ཐོབ་དཀའ་བས། ལན་གཅིག་ཐོབ་པ་འདི་ཡང་ཡུན་རིང་མི་གནས་སྐྱུར་དགོས་པས། ད་རེས་སྙིང་པོ་ཞིག་ལེན་པ་གལ་ཆེ། དེ་ཡང་སྨྱུང་གནས་འདི་སོ་སོར་ཐར་པའི་སྡོམ་པ་རིགས་བརྒྱད་ཀྱི་ནང་དུ་མི་ཐེ་སྟེ། འདི་ནི་


CMR004_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་ཞགས་པའི་རྒྱུད་དང་བཅུ་གཅིག་ཞལ་གྱི་གཟུངས་དང་། ལེགས་གྲུབ་སོགས་བྱ་རྒྱུད་རྣམས་ནས་བཤད་པ་སྔགས་ཀྱི་ཉམས་ལེན་ཡིན་པས། བསྙེན་གནས་ཡན་ལག་བརྒྱད་པ་དང་། གདན་གཅིག་བསྲུང་ཞེས་ཟས་གཅིག་པའི་སྡོམ་པ་དང་ཡང་མི་གཅིག །བསྙེན་སྒྲུབ་བྱེད་པའི་ངག་བཅད་དང་། འདི་ཡི་ངག་བཅད་ཀྱང་མི་གཅིག །འདི་ནི་སྨྱུང་གནས་དང་དཀར་ཕྱོགས་སྲུང་བའི་སྡོམ་པ་སྲུང་བ་ཡིན། འདི་སྲུང་བར་བྱེད་པ་ལ། རབ་ཀྱི་དང་པོ་བླ་མ་ལ་སྡོམ་ལུང་ཞུ། དེ་ནས་རང་གི་ནམ་སྲུང་རྟེན་གྱི་དྲུང་དུ་ལེགས་པར་སྲུང་། དཀར་ཕྱོགས་བཙུགས་


CMR004_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ན་བླ་མ་དེས། ཉིན་ཡ་འདོན་ཅིང་ཉི་མ་ཤར་ཙམ་ན། ལུང་གནང་དགོས། འབྲིང་ནི་བླ་མ་མེད་ན་རྟེན་གྱི་དྲུང་དུ་བླངས་ཀྱང་སྡོམ་པ་སྐྱེ་བ་ཡིན། ཐ་མར་རྒྱུན་དུ་ཞུ་དཀའ། །རང་གིས་ལེན་ཡང་མི་ཤེས་པ་རྣམས་ལ་བླ་མའི་དྲུང་དུ་དུས་རེས་མོས་སྡོམ་པ་བླངས་ནས། ནམ་སྲུང་ཆོག་པ་ནི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཕྱག་ལེན་ལ་ཡོད་པ་ཡིན་པས་དེ་བྱའོ། །སྡོམ་པ་མ་ཞུས་པར་སྨྱུང་གནས་བསྲུང་ཡང་། སྨྱུང་གནས་ཕན་ཡོན་མི་ཐོབ་སྟེ། བར་མའི་དགེ་བ་ཞེས་ཏེ་གར་འགྲོ་ཆ་མེད་ཡིན། མདུན་གྱི་ནམ་མཁར་མེ་ཏོག་པདྨའི་སྡོང་པོ་ཡལ་ག་མེ་ཏོག་འདབ་མ་ཕུན་སུམ་ཚོགས་པ་འབྲས་བུ་རིན་པོ་ཆེ་སྣ་ཚོགས་སྨིན་པའི་ཟེའུ་འབྲུ་དང་འདབ་མ་རྣམས་ལ་ཟླ་བའི་གདན་རེ་རེ་གསལ་ཐེབས་པ། པོ་ཊ་ལ་ནས། འཕགས་པ་བཅུ་གཅིག་ཞལ་ལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་མངོན་སུམ་དུ་བྱོན་ནས་པད་ཟླའི་གདན་ལ་བཞུགས་པར་སྒོམས་ཤིག །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་


CMR004_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདིར་གཤེགས་སུ་གསོལ། །ཨོ་ལོ་ཀི་ཤྭ་རི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་ཧཱུཾ། དེ་ལྟར་མདུན་གྱི་ནམ་མཁར་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཚོགས་བཞུགས་པ་དང་། སློབ་དཔོན་གཉིས་ཀའི་དྲུང་དུ་སྨྱུང་གནས་ཀྱི་སྡོམ་པ་ཞུ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྐྱེ་བར་ཤོག །ད་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་


CMR004_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྟོགས་པར་བྱ་བའི་ཕྱིར། །གསོ་སྦྱོང་ངེས་པར་བླང་བར་མཛད་པ་དེ་བཞིན་དུ། འདིར་སྨྱུང་གནས་འདུག་མི་སྣེ་མོའི་མིང་ནི། བདག་ཅག་རྣམས་ཀྱིས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྟོགས་པར་བྱ་བའི་ཕྱིར། དུས་འདི་ནས་བཟུང་སྟེ། འཕྲལ་དུ་ཡིན་ན། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། གཏན་དུ་ཡིན་ན། ཇི་སྲིད་འཚོའི་བར་དུ་ནམ་སྨྱུང་གནས་བསྲུང་བ་དེའི་ཚེ་གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །ཞེས་ལན་གསུམ་བྱ་སྟེ། དེས་ལན་གཅིག་


CMR004_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་གཉིས་པའི་རྗེས་ཟློས་མཛོད། ཡང་གོང་གི་དེས། པུས་བཙུགས་ཐལ་མོ་སྦྱར་བྱས་ནས། །ཉན་སོགས་འདོད་པས་གསོལ་གསུམ་གདབ། །ཅེས་དང་། གཞུང་ལས་ལན་གསུམ་བརྗོད་གསུངས། གསུམ་པའི་རྗེས་ཟློས་མཛོད། ལན་གསུམ་སོང་ནས། དེས་ནི་ཁྱེད་རང་རྣམས་སྨྱུང་གནས་བསྲུང་ཡང་སྡོམ་པ་ཐོབ་པར་གྱུར་པ་ཡིན་པས་ལེགས་སོ་བརྗོད། །སློབ་མས། ལེགས་སོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། །བརྗོད། དེ་ལྟར་སྡོམ་པ་ཐོབ་ནས། དཀར་ཕྱོགས་ཆོ་འཕྲུལ་གྱི་ཟླ་བ་འབུམ་འགྱུར་ཡིན་པ་དང་། ས་ག་ཆེན་པོ་བྱ་གྲགས་ཟླ་བ་ནི་དཀར་ཕྱོགས་དུས་ཁྱད་པར་ཅན་ཡིན་ཏེ། དེའི་བཅོ་ལྔ་ལ་མངོན་པར་སངས་རྒྱས་པའི་དུས་ཡིན། དེ་མིན་ཀྱང་ནམ་ཡང་རུང་སྟེ། ཚེས་གཅིག་ནས་བཅོ་ལྔའི་བར་དུ་བསྲུང་བ་བཅུ་དྲུག་ཉིན་རྗེས་ཆོག་ཚུལ་དང་ཞག་བཅུ་དྲུག་སྲུང་བ་ནི་དཀར་ཕྱོགས་གཅིག་ཡིན། དེ་ཚེ་སྨྱུང་ཆོག་བཅུ་གཅིག་ཞལ་གྱི་ཆོ་ག་འདོན་ཤེས་ན་འདོན་ཅིང་གཟུངས་བཟླས་ན། བཅུ་གཅིག་ཞལ་གྱི་བསྙེན་པ་བཀའ་རྫོགས་པ་ཆེན་པོ་ཡིན། འོན་ཀྱང་ཐམས་ཅད་ཀྱི་མི་ཤེས་པས། བླ་མས་ཆོ་ག་དང་གཟུངས་འདོན་ཅིང་


CMR004_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་སྤྱོད་པ་ཕྱག་ལེན་ལ་སྣང་། དེ་ཙམ་མ་ཐུབ་ཀྱང་ཞག་གཉིས་བསྲུང་བའི་ཉིན་གཅིག་ངག་བཅད། ཉིན་གཅིག་གསུང་འདོན་གཅིག་བསྲུང་བྱས་པས་སྨྱུང་གནས་གཅིག་ཡིན་ཏེ། མི་འདྲ་བའི་ཁྱད་པར་ནི། རང་བསྙེན་གནས་དང་གདན་གཅིག་བསྲུང་བ་ལ་ཚོང་འདུས་གསུམ་པའི་ཤ་བཟའ་རུང་། འདིར་སྨྱུང་གནས་ཀྱི་གདན་གཅིག་ཉིན་ཤ་ཁྲག་བཟའ་མི་རུང་། རུས་པ་དང་ཚིལ་ཡང་མི་རུང་། གཞན་མཚམས་སྒྲུབ་ཀྱི་ངག་བཅད་ལ་ཟས་ལ་བཅད་ཁྲིག་མེད། འདོན་པ་དང་གྱེར་དབྱངས་ལ་བཀག་པ་མེད། གཞན་ངག་མི་བསྲེ་བ་ཙམ་ཡིན། འདིར་སྨྱུང་གནས་ཀྱི་ངག་བཅད་ལ། ཟས་དང་བཟའ་བཏུང་ཆུ་ཡང་མི་རུང་། འདོན་པ་ཡང་ཡིད་འདོན་མ་གཏོགས་ཁ་གྲག་མི་རུང་། ལུས་དལ་བར་སྡོད་པ་མ་གཏོགས་ཕྱག་བསྐོར་མི་རུང་། དེ་ཅི་ཡིན་ཞེ་ན་ཟས་ཀྱི་དྲི་ཞུ་ནས་ཁོག་པའི་འབུ་སྲིན་ལ་ལྟོགས་པའི་སྡུག་བསྔལ་འབྱུང་བས་མི་རུང་བ་ཡིན། ངག་བཀྲོལ་ནས་ཆུ་ཐང་ཙའུ་ཁ་ངོ་དོད་པ་ཕོར་པ་ཆེ་གང་ཙམ་འཐུང་། དེ་མ་འཐུང་ན་འབུ་སྲིན་ལ་མུ་གེའི་སྡུག་བསྔལ་ཡོད་པོ་ཡིན། དེ་བས་མང་བ་སྐ་བ་མི་རུང་། གདན་གཅིག་ཉིན་བསྲུང་བྱ་བརྒྱད་ཆབ་


CMR004_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ལྷམ་ཕུད་སོགས་དེ་རྣམས་ཕྱག་ལེན་ཐེབ་པར་བྱེད་དེ། ནམ་སྨྱུང་གནས་བསྲུང་བའི་དུས་འདི་རྣམས་བསྲུང་སྙམ་པས་རྗེས་ཟློས་མཛོད། འཕྲལ་དུ་ཡིན་ན་དང་ནས་བརྗོད་དགོས་ཀྱང་། དེ་ཚེ་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱོད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གླུ་དང་གར་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤངས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་དཀྲུག་འཇིག་རྟེན་འདི། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་གསུམ། དེ་ནི་སྨྱུང་གནས་བསྲུང་ཡང་བསླབ་པ་ཁས་བླངས་བར་འོངས་ནས་ལེགས་སོ་བརྗོད། སློབ་མས། ལེགས་སོ། །སློབ་དཔོན་གྱིས། ཐབས་ཡིན་ནོ་བརྗོད། དེ་ཡང་དོན་ཡོད་ཞགས་པའི་རྒྱུད་ཆེན་པོ་ཆོ་ག་ཞིབ་མོ་ཞེས་བྱ་བ་ལས། གཟུངས་འདིས་སྨྱུང་བར་


CMR004_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་གསོ་སྦྱོང་ཡན་ལག་བརྒྱད་བཟུང་ནས། མི་སྨྲ་བར་ལན་ཉི་ཤུ་རྩ་གཅིག་དོན་ཡོད་ཞགས་པའི་སྙིང་པོ་བཟླས་བརྗོད་བྱ། བཟླས་བརྗོད་བྱས་པ་ཙམ་གྱིས་མོད་ལ་ཚུལ་ཁྲིམས་ཡོངས་སུ་དག་པ་ཆེན་པོ་དང་ལྡན་པར་འགྱུར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་དྲི་མང་པོ་ལུས་ལ་འབྱུང་ཞིང་ཕྱོགས་བཅུའི་འཇིག་རྟེན་ན་གྲགས་པར་འགྱུར་རོ། །གང་གིས་ཉི་མ་རེ་རེ་བཞིན་གཟུངས་འདི་སྒྲོག་ན་འདིའི་རྟག་ཏུ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་རོ། །དགེ་སློང་གང་གི་ཉམས་པ་སྨྱུང་བར་བྱས་ཏེ། འདི་བཟླས་བརྗོད་བྱས་པ་ཙམ་གྱིས་མོད་ལ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་རོ། །ཞེས་གསུངས་པས་དཀར་ཕྱོགས་ལ་ཕྱིན་དུས་ཡིན་ན། ཉི་མ་རེ་རེ་ཞིང་ཉེར་གཅིག་རེ་བརྗོད་པ་ཡིན་པ་དང་། འདིར་སྡོམ་ལུང་གི་སྐབས་སུ་ཡང་རྟེན་འབྲེལ་མཚོན་ཙམ་བརྗོད་པའི་ཕྱག་སྲོལ་ལེགས་པས་གཟུངས་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མོ་གྷ་ཤི་


CMR004_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ་པདྨ་བྷི་བྷུ་ཥི་ཏ། བྷུ་ཛ་དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ནི་ཚུལ་ཁྲིམས་ཡོངས་སུ་དག་པའི་སྔགས་ཡིན་པས། གོང་དུ་དོན་ཡོད་གྲུབ་པའི་སྙིང་པོ་བཟླ་གསུངས་པས། དོན་ཡོད་ཞགས་པའི་སྙིང་པོ་འདིའི་རྗེས་ཟློས་མཛོད། ཨོ་ཧཱིཏྲེ་ལོཀྱ་བི་ཛ་ཡ། ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧཱི༔ཧ་ཧཱུྃ་ཕཊ་སྭཱ་ཧཱ། ད་སྨོན་ལམ་བཏབ་པ་ནི་ཁྱེད་རང་རྣམས་ཀྱིས་ཕྱིན་ཆད་སྨྱུང་གནས་སྲུང་བ་ཐམས་ཅད་ཆུད་མི་ཟ་བར་བྱང་ཆུབ་ཀྱི་རྒྱུར་བསྔོ་བའི་ཕྱིར་འདིའི་རྗེས་ཟློས་མཛོད། སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །ཡང་ན། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །ཉོན་མོངས་པས་ཚུལ་ཁྲིམས་འཆལ་བ་ལས་བྱུང་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་


CMR004_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཅིག །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་སྐལ་པ་དང་ལྡན་པར་གྱུར་ཅིག །ཉོན་མོངས་པའི་ལྟུང་བས་མི་བརྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །དེ་ནི་དཀར་ཕྱོགས་བསྲུང་བ་རབ་ཡིན་ཀྱང་། སྨྱུང་གནས་རེ་རེ་ཡན་ཆོད་གང་བསྲུངས་ཀྱང་རྣམ་པར་དག་པར་འགྱུར་བ་ཡིན་ལ། དེ་ཡང་སྨྱུང་གནས་བསྲུང་རུང་མི་རུང་གི་ས་མཚམས། བསྲུང་བའི་ཕན་ཡོན་གཉིས་ཏེ། ཕ་གཅིག་དམ་པ་སངས་རྒྱས་ཀྱི་ཞལ་ནས། །གཞོན་པའི་དུས་སུ་དཀའ་ཐུབ་སྙིང་རུས་གྱིས། །རྒས་ནས་འབྱུང་བས་མི་ཐུབ་དིང་རི་བ། །ཞེས་གསུངས་པ་ལྟར། གཞོན་ནུ་ནད་མེད་པས་བསྲུངས་ན། ཉོན་མོངས་པ་ཐམས་ཅད་ཞི། སེམས་ལས་སུ་རུང་། རབ་བྱུང་དང་བཙུན་པའི་རིགས་ཡིན་ན། །


CMR004_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དུལ་ཞིང་ལས་སུ་རུང་བས་སྡོམ་པ་དམ་ཚིག་མཐར་ཕྱིན་པར་གྲོགས་བྱེད་པས་ལེགས། རྒས་ཤིང་འཁོག་པ་དང་རླུང་ནད་ཅན་གྱིས་བསྲུང་བར་མི་བྱ་ཞིང་། །ལུས་ཀྱི་འབྱུང་བས་མི་ཐུབ་པས། ཚེ་སྲོག་གི་བར་ཆད་འོང་བས། དེ་བས་དགེ་སྦྱོར་གཞན་བྱས་ན་ལེགས། འདི་བྱ་རྒྱུད་ཡིན་པས་གཙང་སྦྲ་གལ་ཆེ་བས། སྨྱུང་གནས་བྱས་པས་ལུས་ཀྱི་མི་གཙང་བ་ཐམས་ཅད་ཤུགས་ཀྱིས་ཉུང་བ་དང་། །རང་ལུས་ཐ་མལ་པའི་འདུ་ཤེས་ཡིན་པས། ལུས་སྒྲིབ་སྦྱང་ཕྱིར་ཡིན་པས། བྱ་རྒྱུད་དང་སྤྱོད་རྒྱུད་ཉམས་སུ་ལེན་ན། སྨྱུང་གནས་འདི་མེད་ཀ་མེད་དུ་གལ་ཆེན་ཡིན། འོན་ཀྱང་རྣལ་འབྱོར་བླ་མེད་ལ་ཉམས་ལེན་གཙོར་བྱེད་པ་རྣམས་ཀྱིས་སྨྱུང་གནས་མི་བསྲུང་སྟེ། ཕུང་ཁམས་སྐྱེ་མཆེད་ལྷའི་དཀྱིལ་འཁོར་དུ་ངོ་སྤྲོད་ནས་བསྒོམ་པ་ཡིན་པས། ཤིན་ཏུ་ལྟོགས་པའི་དཀའ་ཐུབ་བྱས་པས་ལྷ་དེར་བརྙས་བཅོས་བྱས་པའི་ལྟུང་བ་སྟེ། ཕུང་པོ་སངས་རྒྱས་ལ་བརྙས་བྱེད་ལྟུང་བའོ། །དེ་ལྟར་བླ་མེད་ཀྱི་ཉམས་ལེན་ཅན་དང་། རྒས་པ་དང་རླུང་ནད་ཅན་མ་ཡིན་པས། འདི་ཉམས་ལེན་བྱས་ན་ཕན་ཡོན་ཆེན་པོ་ཡོད་དོ། །འཕགས་པ་བཅུ་གཅིག་ཞལ་


CMR004_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཟུངས་ལས། སྤྱན་རས་གཟིགས་ཀྱིས་གསུངས་པ། སུ་ཞིག་བདག་གི་སླད་དུ། ཚེས་བཅུའམ། བཅོ་ལྔར་སྨྱུང་བར་བགྱིས་ན་དེའི་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་བར་འགྱུར་ལགས་སོ། །ཞེས་དང་། སྤྱན་རས་གཟིགས་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་ཞེས་བྱ་བ་ལས། འཕགས་པ་སྤྱན་རས་གཟིགས་ཀྱིས་གསུངས་པ། ལག་ན་རྡོ་རྗེ་གང་ཞིག་གིས་ཞག་གཅིག་གམ། ལན་གསུམ་སྨྱུང་བར་གནས་ཏེ་བཟླས་པ་དང་བཅས་པ་བྱེད་ན། ལག་ན་རྡོ་རྗེ་དེ་ནི་ཚེ་འདི་ཉིད་ལ་མི་བདག་བདག་ཉིད་ཀྱི་ངོ་བོ་སྒྲིབ་པ་དང་བྲལ་ནས། དོན་ཡོད་པ་ཆེན་པོ་དྲི་མ་མེད་ཅེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ། །པདྨ་གསལ་བ་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་འཐོབ་བོ། །དོན་ཡོད་པ་དྲི་མ་མེད་པར་སྣང་བའི་ཏིང་ངེ་འཛིན་འཐོབ་བོ། །དོན་ཡོད་པ་རྣམ་པར་གཟིགས་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ། །པདྨ་གཙུག་ཏོར་མཐར་ཕྱིན་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ། །དོན་ཡོད་པ་འབར་བའི་གཙུག་ཏོར་གྱི་སྙིང་པོ་གསང་བ་སྒྲུབ་པ་འཐོབ་བོ། །དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་དང་། དེ་


CMR004_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར། ཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་པདྨ་ལ་བརྫུས་ཏེ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་དང་། སྨྱུང་གནས་ལོ་རྒྱུས་ཆེན་མོ་སོགས་ནས། བཅུ་གཅིག་ཞལ་གྱི་གཟུངས་ཐུང་བ་དྲུག་འབུམ། སྨྱུང་གནས་ལན་བདུན། བཅུ་གཅིག་ཞལ་ཡིད་བཞིན་འཁོར་ལོའི་གཟུངས་སྟོང་ཕྲག་གཅིག །ས་བཅུ་པའི་གཟུངས་དང་། སྒོ་མཐའ་ཡས་པའི་གཟུངས་ཅི་རིགས་བཟླས་པ་ནི་བཅུ་གཅིག་ཞལ་གྱི་བསྙེན་ཚད་ཡིན་ལ། གྲངས་བསྙེན་ཐེམ་པའི་མི་དེ་རི་བོའི་རྩེར་ཕྱིན་ན་དེ་མཐོང་ཚད་ངན་སོང་དུ་མི་འགྲོ་བ་དང་། མི་དེས་ཆུ་བརྒལ་བའི་ཆུ་འཐུང་བ་དང་། དེའི་གྲིབ་མ་ཕོག་པ་དང་། དེའི་ལུས་ལ་རེག་པ་ཐམས་ཅད་ངན་སོང་དུ་མི་འགྲོ། བུད་མེད་སྨྱུང་གནས་ལན་གཅིག་བྱས་ན་ཤི་འཕོས་ནས། ས་དང་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྐྱེས་པར་གྱུར་ནས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་སོ། །སྨྱུང་གནས་བྱས་པས་ལུས་ཀྱི་སྒྲིབ་པ་དག །ངག་སྨྲ་བཅད་པས་ངག་གི་སྒྲིབ་པ་དག །


CMR004_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཡིད་བཟླས་བྱས་པས་ཡིད་ཀྱི་སྒྲིབ་པ་དག །ཡང་སྨྱུང་གནས་བྱས་པས་ཡི་དྭགས་ཀྱི་སྐྱེ་སྒོ་ཁོག །སྨྲ་བཅད་བྱས་པས་དུད་འགྲོའི་སྐྱེ་སྒོ་ཁོག །གཟུངས་ཡིད་བཟླས་བྱས་པས་དམྱལ་བའི་སྐྱེ་སྒོ་ཁོག་པར་བཤད་དོ། །གལ་ཏེ་གཟུངས་མི་ཤེས་ན་ཡིག་དྲུག་འདོན་པས་འཐུས་ཏེ། པདྨ་ཅོད་པན་གྱི་རྒྱུད་ལས། གཟུངས་བསྡུས་པ་ཡིག་དྲུག་ཡིན་པར་གསུངས་སོ། །སྨྱུང་གནས་བྱ་བའི་ཕྱི་ཉིན་ཇ་སོགས་དུས་རུང་བའི་ཟས། གུང་ཚིགས་དྲང་ན་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བྱིན་པ་དང་བསོད་ནམས་མཉམ། ངན་སོང་དུ་མི་སྐྱེ་ལ། སྐྱེ་བ་ཀུན་ཏུ་མི་ཟད་པའི་གཏེར་དང་འཕྲད་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བཤད་དོ། །དེས་ན་ཁྱེད་རང་རྣམས་དང་ད་ཕྱིན་ཆད་སྨྱུང་གནས་བསྲུང་བས་བཅུ་གཅིག་ཞལ་གྱི་ཆོ་ག་འདོན་ཤེས་ན་རབ་ཡིན། དེ་མི་ཤེས་ན་རང་ཉིད་ཀྱི་མདུན་གྱི་ནམ་མཁར་བཅུ་གཅིག་ཞལ་བཞུགས་པར་བསྒོམ། རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་དུ་དགེ་སློང་མ་དཔལ་མོ་རབ་ཏུ་བྱུང་བའི་ཆ་བྱད་ཅན། ཕྱག་གཉིས་ཐལ་མོ་སྦྱར་བས་ངོ་ཆེན་མཛད་ནས་གསོལ་བ་འདེབས་རོགས་མཛད་པར་བསྒོམས་ནས། ཐུགས་


CMR004_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོའི་པོ་བསྟོད་ཚར་བདུན་སོགས་པ་དང་གཟུངས་འདོན། དེ་ཡང་མི་ཤེས་ན་རང་ཐུགས་རྗེ་ཆེན་པོ་ཕྱག་གཉིས་པའམ་བཞི་པར་བསྒོམ། ནམ་མཁར་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་བཞུགས་པར་བསྒོམ། གདན་གཅིག་ཉིན་བརྒྱ་ཕྱག་གམ་ཅི་ནུས་འཚལ། ངག་བཅད་ཉིན་ཡིག་དྲུག་ཡིད་འདོན་བྱེད་པ་ཡིན་ལ། ཡང་མདུན་གྱི་ནམ་མཁར་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་བཞུགས་པར་མོས་ནས་ཕྱག་འཚལ་བ་དང་། ཨོ་པདྨོ་ཨུཏྟཱི་ཥ་བི་མ་ལེ་ཧཱུཾ་ཕཊ། ཞེས་པ་བཅུ་གཅིག་པའི་གཟུངས་འདི་བཟླས་ན་ནི། །དོན་ཡོད་ཞགས་པའི་སྨྱུང་གནས་སུ་འགྱུར་བས་ཕན་ཡོན་ལྷག་པར་ཆེ་བ་ཡིན་ནོ། །ཆོས་བཤད་པ་ལས་བྱུང་བ་ཡི། །དགེ་བ་བསྒྲུབ་པ་གང་ཡིན་པ། །དེ་ཡིས་འཇིག་རྟེན་མ་ལུས་པ་། །ཐུབ་དབང་གོ་འཕང་མྱུར་ཐོབ་ཤོག །ས་གཞི་སོགས། མཎྜལ་ཕུལ། ཞེས་པ་འདི་ནི་དོན་ཡོད་ཞགས་པ་དང་བཅུ་གཅིག་ཞལ་གྱི་རྒྱུད་རྣམས་དང་། སྨྱུང་གནས་ཀྱི་ལོ་རྒྱུས་ཆེན་པོ་ཤིན་ཏུ་རྒྱས་པ། རྗེ་དཀོན་མཆོག་འབངས་དང་། སོག་དབོན་ནམ་མཁའ་བཟང་པོས་མཛད་པ་དང་། ས་ལུགས་མང་དུ་མཐོང་བས་དེ་དག་དང་མི་འགལ་ཞིང་། ཁྲོམ་ལ་སྡོམ་པ་འབོགས་པས་ཕན་ཡོན་ཆེ་བར་བསམས་ནས་རཱ་ག་ཨ་སྱས་བསྒྲིགས་པའོ། །སྡོམ་


CMR004_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་འདིའི་སྡོམ་རྒྱུན་ནི། ཀརྨ་བསྟན་འཕེལ་ནས་བདག་ཆུང་ངུ་དུས་ཐོབ་འདུག་པའི་བརྒྱུད་པ་ནི། བཅུ་གཅིག་ཞལ་གྱི་དབང་གི་བརྒྱུད་པ་དང་མཐུན་ནོ།། མངྒ་ལཾ།། །ཨོ་དི་བྱ་ཡེན་ས་མཱ་དྷི་ངྷ་ན་པྲ་ན་ནི་སྭཱ་ཧཱ། རྣམས་བྱ་རྒྱུད་ལ་བཟའ་མི་རུང་བས་སྔགས་འདི་ལན་བདུན་གྱིས་བསྔགས་ནས་སྤྱད་པས་དངོས་གྲུབ་ཀྱི་རྫས་སུ་འགྱུར་བས་དེ་ལྟར་གཅེས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousབསྙེན་གནས་དང་སྨྱུང་གནས་ཀྱི་སྡོམ་པ་འབོག་བྱའི་བསྙེན་གནས་དཀར་ཕྱོགས་སྲུང་བ་ཤིན་ཏུ་ཁྱེར་བདེ་བ་ཕྱག་ལེན་ཞིབ་གསལ། next