Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་བརྒྱུད་སྤྱིའི་གསོལ་འདེབས།
   
   
   
   


 
previousབཀའ་བརྒྱུད་སྤྱིའི་གསོལ་འདེབས།next

བཀའ་བརྒྱུད་སྤྱིའི་གསོལ་འདེབས།


CMR004_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་སྤྱིའི་གསོལ་འདེབས་བཞུགས། ན་མོ་མ་ཧཱ་མུ་དྲ་ཡེ། མི་བདག་གི་སྤྱི་བོའི་གཙུག་རོལ་ན། །གདན་ཉི་ཟླ་པདྨ་བརྩེགས་པའི་སྟེང་། །རང་བཀའ་དྲིན་ཐོབ་པའི་བླ་མ་རྣམས། །དེ་གཅིག་བསྡུས་ཆོས་སྐུ་རྡོ་རྗེ་འཆང་། །སྐུ་མཐིང་གསལ་ནམ་མཁའ་ལྟ་བུའི་མདོག །ཕྱག་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །མཚན་དཔེ་བྱད་དར་དང་རིན་ཆེན་བརྒྱན། །འཇའ་འོད་ཟེར་སྤྲིན་ཕུང་ཀློང་ན་བཞུགས། །རྗེ་དེ་ཡི་སྤྱི་གཙུག་ནམ་མཁའ་ལ། །ཆོས་ཕྱག་ཆེན་བརྒྱུད་པའི་བླ་མ་རྣམས། །དཔེ་མུ་ཏིག་སྟར་ལ་བརྒྱུས་པ་བཞིན། །ཆོས་སྒྲུབ་བརྒྱུད་བླ་མ་སྤྲིན་ལྟར་འཁྲིགས། །ལྷ་དེ་དག་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་པས་ཞིང་ཁམས་རབ་འབྱམས་ནས། །ལྷ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །དེ་རྒྱལ་བ་ཀུན་དང་དབྱེར་མེད་གྱུར། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དཔལ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཤར་ཟ་ཧོར་ནོར་བུའི་དགོན་པ་ན། །དཔལ་ཏེ་ལོ་སངས་རྒྱས་ལ་གསོལ་བ་འདེབས། །བྱང་པུལླ་ཧ་རིའི་དགོན་པ་ན། །མཁས་པ་ནཱ་རོ་པཎ་


CMR004_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལ་གསོལ་བ་འདེབས། །ལྷོ་གྲོ་བོ་ལུང་གི་སྨན་ལྗོངས་ན། །སྒྲ་སྒྱུར་མར་པ་ལོ་ཙཱ་ལ་གསོལ་བ་འདེབས། །ནུབ་ལ་ཕྱི་གངས་ཀྱི་ར་བ་ན། །རྗེ་རས་པ་ཆེ་ཆུང་ལ་གསོལ་བ་འདེབས། །ཤར་དྭགས་ལ་དཔལ་གྱི་སྒམ་པོ་ན། །རྗེ་ལྷ་རྗེ་ཁུ་དབོན་ལ་གསོལ་བ་འདེབས། །དཔལ་ཕག་མོ་གྲུ་ཡི་ནགས་ཁྲོད་ན། །བདེ་གཤེགས་ཁམས་པ་རྡོར་རྒྱལ་ལ་གསོལ་བ་འདེབས། །མཚུར་མདོ་བོ་ལུང་གི་དགོན་པ་ན། །རྗེ་ཁམས་པ་དབུ་སེ་ལ་གསོལ་བ་འདེབས། །འབྲུག་ར་ལུང་གཉིས་ཀྱི་དགོན་པ་ན། །གྲུབ་ཐོབ་གླིང་རྗེ་རས་པ་ལ་གསོལ་བ་འདེབས། །གནས་སྟག་ལུང་རྡོ་རྗེ་གདན་སྟེང་ན། །ཆོས་སྐུ་སྟག་ལུང་ཐང་པ་ལ་གསོལ་བ་འདེབས། །འབྲི་གུང་དཔལ་གྱི་ཡང་དགོན་ན། །སྐྱོབ་པ་འཇིག་རྟེན་མགོན་པོ་ལ་གསོལ་བ་འདེབས། །གནས་མར་ཐང་དཔལ་གྱི་རི་བོ་ན། །ཆོས་སྐུ་ཨོ་རྒྱན་མགོན་པོ་ལ་གསོལ་བ་འདེབས། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། །འཇམ་དབྱངས་བཀྲ་ཤིས་དཔལ་གྲུབ་ལ་གསོལ་བ་འདེབས། །དག་སྣང་ཕྱོགས་མེད་ཀྱི་གཞལ་ཡས་ན། །བསྟན་འཛིན་སྐྱེས་བུ་དམ་པ་ལ་གསོལ་བ་འདེབས། །རྗེ་བཀའ་བརྒྱུད་


CMR004_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །མི་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །ཐོབ་དཀའ་བའི་དལ་འབྱོར་མི་ལུས་འདི། །དེ་དོན་མེད་སྟོང་ལོག་མི་བྱེད་པར། །ལུས་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ཚེ་མི་རྟག་ནམ་མཇུག་སྦྲང་བུ་འདྲ། །ད་ཡུན་རིང་འདུག་ཚོས་མི་བྱེད་པར། །བདག་འཆི་བ་དྲན་པར་བྱིན་གྱིས་རློབས། །ལས་རྒྱུ་འབྲས་མེ་ལོང་གཟུགས་བརྙན་བཞིན། །ཁས་བཙན་པོ་གཤིན་རྗེའི་ཁྲིམས་ར་ན། །བདག་ངོ་གནོང་མེད་པར་བྱིན་གྱིས་རློབས། །གནས་རིགས་དྲུག་སྡུག་བསྔལ་བཙོན་ར་ན། །སྐྱོབས་ངེས་པའི་བླ་མ་དཀོན་མཆོག་གསུམ། །བདག་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། །མ་འགྲོ་དྲུག་བདེ་ལ་འགོད་པའི་ཕྱིར། །བདག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སྔོན་ཐོག་མེད་དུས་ཀྱི་སྡིག་སྒྲིབ་རྣམས། །རྗེ་ཁྱེད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །ལུས་ལོངས་སྤྱོད་དགེ་རྩ་ཅི་མཆིས་པ། །རྗེ་བཀའ་བརྒྱུད་རྣམས་ཀྱི་སྤྱན་སྔར་འབུལ། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །བདག་དེ་ལྟར་རྩེ་


CMR004_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གསོལ་བཏབ་པས། །ཕ་བཀའ་བརྒྱུད་བླ་མ་འོད་དུ་ཞུ། །མི་བདག་དང་དབྱེར་མེད་གཅིག་ཏུ་འདྲེས། །དོན་རང་སེམས་ཆོས་སྐུ་རྗེན་དུ་བུད། །ཆོས་ཀུན་གྱི་རྩ་བ་རང་གི་སེམས། །བུ་མ་ཡེངས་རང་གི་སེམས་ལ་ལྟོས། །སེམས་བལྟས་པས་གཟུགས་དང་ཁ་དོག་མེད། །ཆོས་སྟོང་ཉིད་ཟེར་བ་ལོགས་ན་མེད། །སེམས་མེད་པ་མ་མཆིས་གར་ཡང་འགྲོ། །དེ་རིག་ན་རང་རིག་ཡེ་ཤེས་ཡིན། །ལུས་ཕྱི་རུ་བཙལ་ཡང་སེམས་མ་མཆིས། །ཕྱི་སྟོང་པ་ཉིད་དེ་དེ་ལ་ཟེར། །ལུས་ནང་དུ་བཙལ་ཡང་སེམས་མ་མཐོང་། །ནང་སྟོང་པ་ཉིད་ཅེས་དེ་ལ་བརྗོད། །འདི་ཤེས་ན་ཤེས་བྱ་ཀུན་གྱི་རབ། །བཀའ་ཤེས་རབ་ཕར་ཕྱིན་རང་གི་སེམས། །སེམས་གར་འགྲོ་ཐོངས་ལ་རྒྱངས་སོ་ཚུགས། །དོན་ཕྱག་རྒྱ་ཆེན་པོ་ལོགས་ན་མེད། །སེམས་གསལ་ན་གསལ་བའི་ངོ་བོར་ལྟོས། །དོན་གསལ་སྟོང་ཡེ་ཤེས་ཨེ་མ་ཧོ། །བུ་འགྲོ་ཞིང་འགྲོ་ཞིང་སེམས་ལ་ལྟོས། །དོན་དམ་པའི་སྐོར་བ་ཨེ་མ་ཧོ། །བུ་ཟ་ཤིང་ཟ་ཤིང་སེམས་ལ་ལྟོས། །དོམ་དམ་པའི་ཚོགས་འཁོར་ཨེ་མ་ཧོ། །བུ་ཉལ་ཞིང་ཉལ་ཞིང་སེམས་ལ་ལྟོས། །གཉིད་འོད་གསལ་གདམས་པ་ཨེ་མ་ཧོ།


CMR004_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གསོལ་འདེབས་དགེ་སྦྱོར་སྐྱོང་བ་སོགས། །དུས་གསུམ་གྱི་དགེ་བ་ཅི་བསགས་མཐུས། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །དཔལ་འབྱོར་པའི་མཐུན་རྐྱེན་རབ་འཕེལ་ཞིང་། །དོན་འོད་གསལ་ཆོས་སྐུ་རྟོགས་པར་ཤོག །དུས་ནམ་ཞིག་མི་གནས་འཕོ་བའི་ཚེ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །ལུས་རྫུས་སྐྱེས་སྤྲུལ་སྐུ་མྱུར་ཐོབ་ནས། །ས་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །བདག་བྱང་ཆུབ་མངོན་དུ་བྱེད་པར་ཤོག །རྗེ་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །གཞི་གདོད་ནས་སྐྱེ་བ་མེད་པ་དང་། །ལམ་རྟེན་འབྲེལ་བསླུ་མེད་བདེན་པའི་མཐུས། །བདག་སྨོན་ལམ་བཏབ་ཀུན་འགྲུབ་གྱུར་ཅིག །ཅེས་ཨ་མཆོད་སེར་གཟུགས་འཛིན་པས་བསྐུལ་ངོར། ཨ་རཱ་གས་འཕྲལ་དུ་བྲིས་སོ།། །། ༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


CMR004_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷརྨ་ཤྭ་ར་ཡེ། དཔལ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །རྗེ་སྟོབས་བཅུའི་མངའ་བདག་ཏེ་ལོ་པ། །གནས་འཕགས་ཡུལ་གཙོ་བོ་ནཱ་རོ་པ། །བོད་གངས་ཅན་སྒྲོན་མེ་ལྷོ་བྲག་པ། །ཆོས་སྒྲུབ་པའི་སྲོག་ཤིང་མི་ལ་རྗེ། །དོན་སྙིང་པོའི་མངའ་བདག་སྒམ་པོ་པ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི། །ད་བསྟན་པ་དར་བར་ཁྱེད་རང་མཁྱེན། །རྗེ་བསྐལ་བཟང་སངས་རྒྱས་དུས་གསུམ་མཁྱེན། །དཔལ་མ་ཧཱ་ཀཱ་ལ་རས་ཆེན་པ། །ཕ་ཧཱུྃ་ཆེན་ཀ་ར་སྤོམ་བྲག་པ། །དཔལ་རྟ་མཆོག་རྒྱལ་པོ་པཀཱིའི་ཞབས། །དཔལ་ནག་པོ་སྤྱོད་པ་ཨོ་རྒྱན་པ། །སྐྱབས་པད་འབྱུང་དངོས་ཉིད་རང་བྱུང་བ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི། །ད་བསྟན་པ་དར་བར་ཁྱེད་རང་མཁྱེན། །རྗེ་དགའ་རབ་རྡོ་རྗེ་གཡུང་སྟོན་མཚན། །དཔལ་སྤྱན་རས་གཟིགས་དབང་རོལ་པའི་མཚན། །རྗེ་འོད་དཔག་མེད་མགོན་མཁའ་སྤྱོད་དབང་། །དཔལ་ཤཱཀྱ་ཐུབ་དངོས་དེ་བཞིན་གཤེགས། །རྗེ་གྲུབ་ཆེན་ནམ་མཁའི་རྒྱལ་མཚན་ལ། །སྲས་


CMR004_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་ཆོས་ཀྱི་རྒྱལ་མཚན་པ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི། །ད་བསྟན་པ་དར་བར་ཁྱེད་རང་མཁྱེན།། དཔལ་ཡི་དམ་འཁོར་ལོ་བདེ་བའི་མཆོག །བཱི་མ་ཧཱ་ཀཱ་ལ་བྱ་རོག་མཚན། །བཀའ་བསྟན་པ་སྲུང་མཛད་རྡོ་རྗེ་ལེགས། །ཀླུ་གྷ་ཡ་དྷ་ར་བྱིས་སྦའི་གཟུགས། །ཁྱེད་ཐམས་ཅད་མཐུ་དང་དཔུང་བསྐྱེད་ལ། །བདག་སྒོ་གསུམ་ཆོས་ལ་འགྱུར་བ་དང་། ཆོས་སྒྲུབ་བརྒྱུད་བསྟན་པ་དར་ནས་ཀྱང་། །ཕ་མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་པའི། །ཐུགས་དགོངས་པ་ཡོངས་སུ་རྫོགས་པ་ཞིག །ད་འགྲུབ་པར་ལྷ་སྲུང་ཁྱེད་རྣམས་མཁྱེན། །ཅེས་རྣམ་རྒྱལ་དགོན་གྱི་གདན་ས་དེར་བཞུགས་པའི་ཕྱིར་ཉིན་རཱ་ག་ཨ་སྱས་བྲིས་པའོ།། །༧ ཁམས་སྟོདནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousབཀའ་བརྒྱུད་སྤྱིའི་གསོལ་འདེབས།next