Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱག་རྒྱ་ཆེན་པོའི་བོགས་འདོན་གསོལ་འདེབས་རྡོ་རྗེ་འཆང་ཆུང་མའི་དམིགས་རིམ།
   
   
   


 
previousཕྱག་རྒྱ་ཆེན་པོའི་བོགས་འདོན་གསོལ་འདེབས་རྡོ་རྗེ་འཆང་ཆུང་མའི་དམིགས་རིམ།next

ཕྱག་རྒྱ་ཆེན་པོའི་བོགས་འདོན་གསོལ་འདེབས་རྡོ་རྗེ་འཆང་ཆུང་མའི་དམིགས་རིམ།


CMR004_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོའི་བོགས་འདོན་གསོལ་འདེབས་རྡོ་རྗེ་འཆང་ཆུང་མའི་དམིགས་རིམ་བཞུགས་སོ།།


CMR004_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་མུ་དྲ་ཡ། །ཕྱག་རྒྱ་ཆེན་པོའི་ཁྲིད་དང་ལུང་གི་རིགས། །མང་དུ་ཐོབ་ཅིང་གནས་འགྱུ་སྲུང་ཕྱོགས་ཤེས། །དེ་ལ་མོས་འདུན་ཆེ་ཕྱིར་མ་བརྗེད་ཙམ། །རྒྱུན་དུ་བསྐྱངས་ཀྱང་བོགས་སྐྱེད་ཅི་ཡང་མེད། །ཡུན་རིང་སོང་ནས་འཁྲེབ་སྟེ་བསྐྱུར་ཉེན་ཆེ། །དེ་ལ་བོགས་འདོན་གདམས་ངག་གལ་ཆེ་བས། །ཕྱག་རྒྱ་ཆེན་པོ་ཟེར་བའི་ཡེ་ཤེས་དེ། །གསར་རྙིང་རྒྱུད་སྡེ་ཀུན་ནས་རྒྱ་ཆེར་གསུངས། །རྒྱ་བོད་གྲུབ་ཆེན་ཐམས་ཅད་གཤེགས་པའི་ལམ། །འགྲན་མེད་ཉི་ཟླ་ལྟ་བུར་ཡོངས་སུ་གྲགས། །དེ་ནི་ཤེས་རབ་ཆེ་བས་གོ་བ་མིན། །གཞུང་ལུགས་རྒྱ་ཆེར་ཤེས་ཀྱང་དེ་མ་


CMR004_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས། །རིག་པའི་གནས་ལྔར་མཁས་ཀྱང་དེ་མི་ཤེས། །འདོད་པ་ཆེན་པོ་བྱས་ཀྱང་ཕན་པ་མེད། །དེ་ཉིད་མ་རྟོགས་རྟོགས་པར་བྱ་བ་དང་། །རྟོགས་པ་དེ་ཉིད་འཕེལ་བར་བྱ་བ་དང་། །འཕེལ་བ་དེ་ཉིད་བརྟན་པ་ཐོབ་པའི་ཐབས། །བླ་མའི་མོས་གུས་མ་གཏོགས་གཅིག་ཀྱང་མེད། །གསང་སྔགས་བྱིན་རླབས་ལམ་ཞེས་བྱ་བ་སྟེ། །བྱིན་རླབས་འཇུག་ཐབས་མོས་གུས་ལས་གཞན་མེད། །མོས་གུས་གསོལ་བ་འདེབས་པ་ཁོ་ན་སྟེ། །མོས་གུས་གསོལ་བ་འདེབས་པའི་ལམ་ཞེས་བྱ། །གསོལ་བ་འདེབས་ཡུལ་གང་རུང་མི་ཆོག་སྟེ། །བརྐོས་ཕོར་རི་མོ་སཱཙྪར་དོད་པ་


CMR004_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་། །ཕྱག་རྒྱ་ཆེན་པོར་བཀའ་བབས་བླ་མ་དགོས། །དེང་སང་གང་ཟག་ཚིག་བརྒྱུད་བླ་མ་ལས། །ཕྱག་ཆེན་ཁྲིད་དང་ལུང་རྣམས་ཐོབ་ཕྱིན་ནས། །གསོལ་བ་དོན་བརྒྱུད་བླ་མར་འདེབས་ཆོག་སྟེ། །དྭགས་པོ་དུས་མཁྱེན་རྒོད་ཚང་པ་རྣམས་ཀྱིས། །མ་འོངས་ཕྱག་ཆེན་ཁྲིད་ལུང་ཐོབ་ཕྱིན་ནས། །ཁོང་རྣམས་རྩ་བའི་བླ་མར་ཟུངས་མཛོད་ལ། །གསོལ་བ་ཐོབ་དང་བྱིན་གྱིས་རློབས་པ་དང་། །ཉམས་རྟོགས་སྐྱེ་ཞེས་ཞལ་གྱིས་བཞེས་པ་ཡིན། །དེ་ཕྱིར་མོས་གུས་སྒོམ་གྱི་མགོ་བོ་ཡིན། །གྲུབ་མཐའ་སོ་སོའི་འདོད་གཏམ་མི་གཅིག་ཀྱང་། །པདྨ་དཀར་དང་ཏིང་འཛིན་རྒྱལ་པོ་སོགས། །མདོ་སྣ་གསུམ་ནས་མཉམ་མེད་དྭགས་པོ་འདི། །སྟོང་ཉིད་ཏིང་འཛིན་སྟོན་པའི་སྐྱེས་ཆེན་དུ། །ཐུབ་པས་ལུང་བསྟན་གསལ་ཕྱིར་འཁྲུལ་པ་མེད་། །དེ་བཞིན་དུས་མཁྱེན་དྲུག་པ་སེང་གེའི་སྒྲ། །ཐུབ་པ་ཨུ་རྒྱན་གཉིས་ཀའི་ལུང་བསྟན་གསལ། །ཕྱག་ཆེན་རྒྱ་གཞུང་བོད་དུ་མང་འགྱུར་ཀྱང་། །གྲུབ་པ་ཐོབ་པ་ཧ་ཅང་མང་བ་མིན། །ཕྱག་ཆེན་ལ་བརྟེན་དྭགས་པོ་ལྷ་རྗེའི་རྒྱུད། །གྲུབ་ཐོབ་གནམ་གྱི་སྐར་མ་ལས་ཀྱང་མང་། །དེ་ཕྱིར་བཀའ་བབས་བྱིན་རླབས་ཚན་ཁ་ཆེ། །མར་པོས་མི་ལ་རས་པར་ལུང་


CMR004_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས། །སངས་རྒྱས་བསྟན་པ་ཇི་སྲིད་གནས་ཀྱི་བར། །ཉམས་དང་རྟོགས་པའི་བརྒྱུད་པ་མི་ཆད་གསུངས། །དེ་ཕྱིར་བརྒྱུད་པའི་བྱིན་རླབས་ཡལ་རྒྱུ་མེད། །དེ་ཕྱིར་སེམས་རྩ་མ་ཞུམ་སྤྲོ་བ་བསྐྱེད། །མོས་གུས་སྒོམ་གྱི་མགོ་བོར་གསུངས་པ་བཞིན། །དམིགས་པ་འདི་བསྒོམ་གསོལ་འདེབས་འདི་ཉིད་ཀྱིས། །རང་ཉིད་ཡི་དམ་ལྷའམ་ཐ་མལ་པའི། །སྤྱི་གཙུག་ཁྲུ་གང་ཙམ་གྱི་ནམ་མཁའ་ལ། །སྣ་ཚོགས་པད་མ་ཟླ་བའི་གདན་གྱི་སྟེང་། །དྲིན་ཐོབ་བླ་མ་དེ་དང་དབྱེར་མེད་པའི། །ཆོས་རྗེ་དཔལ་ལྡན་དུས་གསུམ་མཁྱེན་པ་ནི། །སྐུ་མདོག་སྔོ་སྐྱ་བསྒྲེས་ཚུལ་དབུ་སྐྲ་དཀར། །དགེ་སློང་ཆ་ལུགས་ཞྭ་ནག་གསེར་མདོངས་ཅན། །དེ་ཡི་དབུ་གཙུག་དྭགས་པོ་ལྷ་རྗེ་ནི། །བསྒྲེས་ཚུལ་དབུ་སྐྲ་དཀར་ཞིང་དྭགས་ཞུ་གསོལ། །དེ་སྟེང་རྗེ་བཙུན་མི་ལ་རས་ཆེན་ནི། སྔོ་སྐྱ་དབུ་སྐྲ་ཕོད་ཀ་ལིང་ངེ་བ། །སྐུ་ལ་དར་དཀར་ན་བཟའ་གསོལ་བའོ། །དེ་སྟེང་མར་པ་སྐུ་མདོག་དམར་སྨུག་ལ། །དབུ་སྐྲ་རལ་པ་ཨག་ཚོམ་བཅས་པ་སྟེ། །རལ་གུ་སྨུག་པོ་བེར་ཕྱམ་དམར་པོ་ཅན། །དེ་སྟེང་ནཱ་རོ་སྐུ་མདོག་སྨུག་ནག་དང་། །དེ་སྟེང་ཏེ་ལོ་སྐུ་མདོག་མཐིང་ག་གཉིས། །ཐོར་ཚུགས་རུས་


CMR004_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྲུབ་ཐོབ་ཆ་ལུགས་ཅན། །དེ་སྟེང་རྡོ་རྗེ་འཆང་ཆེན་སྐུ་མདོག་མཐིང་། །རྡོར་དྲིལ་ཐུགས་ཀར་བསྣོལ་ཞིང་ལོངས་སྤྱོད་རྫོགས། །དུས་གསུམ་མཁྱེན་པའི་མཐའ་སྐོར་ཐམས་ཅད་དུ། །ཕག་གྲུ་དྭགས་པོ་སྒོམ་ཚུལ་འབའ་རམ་པ། །སྐྱོབ་པ་ཐང་པ་གླིང་རས་རྒྱུ་རས་དང་། །སྐྱེ་མེད་ཞང་དང་ཆོས་རྗེ་གཡའ་བཟང་བ། །རྒྱལ་བ་རྒོད་ཚང་བ་དང་ཡང་དགོན་པ། །མཁའ་སྤྱོད་དབང་པོ་གྲུབ་ཆེན་རྨ་སེ་དང་། །སངས་རྒྱས་དབོན་པོ་ངོམ་པ་མཁའ་སྤྱོད་པ། །ཚེར་ལུང་ཀུན་དགའ་རྣམ་རྒྱལ་ལ་སོགས་པའི། །འོད་གསལ་ཕྱག་རྒྱ་ཆེན་པོར་མངའ་བརྙེས་པའི། །བཀའ་བརྒྱུད་བླ་མ་ཁྲོམ་ཚོགས་བཞིན་དུ་བསྒོམ། །དབུ་ལ་སྒོམ་ཞྭ་སྐུ་ལ་ཆོས་གོས་གསོལ། །ཐམས་ཅད་ཕྱག་གཉིས་མཉམ་གཞག་སྤྱན་ཟིམ་མེ། །སངས་རྒྱས་ཞིང་ཁམས་རབ་འབྱམས་ཐམས་ཅད་ནས། །བསྒོམས་པ་ལྟ་བུ་ཡིད་ཀྱིས་སྤྱན་དྲངས་བསྟིམ། །རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །དུས་གསུམ་ཤེས་བྱ་ཀུན་མཁྱེན་ཀརྨ་པ། །ཆེ་བཞི་ཆུང་བརྒྱད་བརྒྱུད་པ་འཛིན་རྣམས་དང་། །འབྲི་སྟག་ཚལ་གསུམ་དཔལ་ལྡན་འབྲུག་པ་སོགས། །ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །


CMR004_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བཀའ་བརྒྱུད་བླ་མ་རྣམས། །བརྒྱུད་པ་འཛིན་ནོ་རྣམ་ཐར་བྱིན་གྱིས་རློབས། །ཞེན་ལོག་སྒོམ་གྱི་རྐང་པར་གསུངས་པ་བཞིན། །ཟས་ནོར་ཀུན་ལ་ཆགས་ཞེན་མེད་པ་དང་། །ཚེ་འདིའི་གདོས་ཐག་ཆོད་པའི་སྒོམ་ཆེན་ལ། །རྙེད་བཀུར་ཞེན་པ་མེད་པར་བྱིན་གྱིས་རློབས། །མོས་གུས་སྒོམ་གྱི་མགོ་བོར་གསུངས་པ་བཞིན། །མན་ངག་གཏེར་སྒོ་འབྱེད་པའི་བླ་མ་ལ། །རྒྱུན་དུ་གསོལ་བ་འདེབས་པའི་སྒོམ་ཆེན་ལ། །བཅོས་མིན་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པ་བཞིན། །གང་ཤར་རྟོག་པའི་ངོ་བོ་སོ་མ་དེ། །མ་བཅོས་དེ་ཀར་འཇོག་པའི་སྒོམ་ཆེན་ལ། །བསྒོམ་བྱའི་བློ་དང་བྲལ་བར་བྱིན་གྱིས་རློབས། །རྣམ་རྟོག་ངོ་བོ་ཆོས་སྐུར་གསུངས་པ་བཞིན། །ཅི་ཡང་མ་ཡིན་ཅིར་ཡང་འཆར་བ་ཡི། །མ་འགགས་རོལ་པར་འཆར་བའི་སྒོམ་ཆེན་ལ། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང་། །སོགས་བརྗོད། ཅེས་པའང་བན་སྒར་འཇམ་དཔལ་བཟང་པོས་མཛད་པའོ། །དེ་ལྟར་


CMR004_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པའི་དུས་སུ་ཡང་། །དམིགས་པ་རྩེ་གཅིག་དད་འདུན་དྲག་པོ་ཡིས། །བླ་མ་རྒྱང་འབོད་ཚུལ་དུ་གསོལ་བ་བཏབ། །གསོལ་བ་ཁྱི་སྐད་མ་རུ་གདབ་གསུངས་པས། །བསླབ་པའི་གྱེར་དབྱངས་ལེགས་པོ་མི་ཤེས་ཀྱང་། །རྣལ་འབྱོར་རང་གདངས་གང་ཤེས་གྱེར་དབྱངས་བྱ། །གསོལ་བ་འདེབས་དུས་བླ་མར་མོས་གུས་ཀྱིས། །བ་སྤུ་གཡོ་ཞིང་མཆི་མ་འཁྲུགས་པ་དང་། །ཡུས་ཀྱིས་མནངས་ནས་ཅི་དྲག་གང་དྲག་གི །ཉམས་འབར་འཁྲབ་ཅིང་རྒྱུག་མཆོང་བླ་མར་འབོད། །དེ་ནི་མོས་གུས་སྒོམ་གྱི་མགོ་བོ་ཡིན། །དེ་ནས་སྤྱི་བོའི་བླ་མ་ཐམས་ཅད་ནི། །འོད་ཞུ་གཙོ་བོ་དུས་གསུམ་མཁྱེན་པར་ཐིམ། །དུས་གསུམ་མཁྱེན་པ་འོད་ཞུ་བདག་ལ་ཐིམ། །བཀའ་བརྒྱུད་བླ་མ་དེ་རྣམས་སྐུ་གསུང་ཐུགས། །རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ། །ཆུ་ནང་འོ་མ་བླུགས་བཞིན་འདྲེས་པར་བསྒོམ། །དེ་ནས་གང་ཤར་སེམས་ཀྱི་ངོ་བོར་བལྟ། །ཅི་ལྟར་ཤར་ཡང་བཟོ་བཅོས་མ་བྱས་པར། །མ་བཅོས་དེ་གར་མ་ཡེངས་ཙམ་དུ་སྐྱོང་། །ཡག་འདོད་ཉེས་སུ་དོགས་པ་རྩད་ནས་སྤང་། །མོས་གུས་སྟོབས་ཀྱིས་སྐྱེས་པའི་ཉམས་རྟོགས་ལ། །གེགས་དང་གོལ་ས་གཅིག་ཀྱང་ཡོད་མ་


CMR004_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་། །རྣམ་རྟོག་འཕྲོ་རྒོད་སྤྲིན་སྤྱན་ཅི་བྱུང་ཡང་། །ཆུ་དང་ཆུ་རླབས་བཟང་ངན་མེད་པ་ལྟར། །གནས་དང་བདེ་དང་གསལ་བས་ལེགས་རྒྱུ་མེད། །འཕྲོ་རྒོད་སྤྱན་སྤུན་བྱུང་ཡང་ཞན་རྒྱུ་མེད། །ཡེ་ནས་སེམས་ཉིད་ཆོས་སྐུ་རྗེན་པ་ཡིན། །ངོ་ཤེས་མ་ཡེངས་དྲན་རྫིས་བསྐྱངས་བས་ཆོག །གང་ཤར་ངོ་ལྟ་རང་གྲོལ་ལ་སོགས་པ། །དང་པོ་ཡིན་གྱི་རྒྱུན་དུ་དེ་མི་དགོས། །མ་ཡེངས་དྲན་པའི་རྒྱང་སོ་གཅིག་པུས་ཆོག །དེ་ནི་ཡེངས་མེད་སྒོམ་གྱི་དངོས་གཞི་ཡིན། །།ཚེ་འདི་མི་རྟག་རླུང་གསེབ་མར་མེ་འདྲ། །མངའ་ཐང་ལོངས་སྤྱོད་ཡོད་ཀྱང་འཁྱེར་དབང་མེད། །མཐུན་གྲོགས་འཁོར་འབངས་མང་ཡང་འཁྲིད་དབང་མེད། །དེ་ཕྱིར་སེམས་ལ་ཆགས་ཞེན་འཁྲི་བ་བཅད། །ཟས་ནོར་ལོངས་སྤྱོད་བསྙེན་བཀུར་ལ་སོགས་པ། །བཟང་པོ་ཆེན་པོ་བྱུང་ཡང་ཆགས་འཛིན་སྤང་། །སྒྲིབ་དག་བྱང་ཆུབ་ཐོབ་ཕྱིར་བསྔོ་སྨོན་བྱ། །ཤུགས་ཀྱིས་བྱུང་ན་ཆེད་དུ་སྤང་མི་དགོས། །དགེ་ཕྱོགས་གང་འགྲུབ་རང་ལུས་དཀྱིལ་འཁོར་མཆོད། །ཡོད་ཀྱང་ཟས་མི་ཟ་བའི་དཀའ་ཐུབ་དང་། །ངོ་སྲུང་མེད་ཅེས་ཀུན་དང་འཁོན་པའང་སྤང་། །འཕྲལ་དུ་འཇིག་རྟེན་མི་དང་བློ་བསྟུན་ཀྱང་། །


CMR004_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་ལྷ་མི་འཁོར་བའི་བདེ་སྐྱིད་འདིས། །མི་འཚེངས་ཕན་ཆུང་གནོད་པ་ཆེ་བར་བསམ། །འཁོར་བ་སྡུག་བསྔལ་རྒྱ་མཚོ་འདིར་སྐྲག་ནས། །ཕྱིར་མི་ལྡོག་པར་བདེ་ཆེན་ཞིང་ཁམས་སུ། །འགྲོ་བའི་ཐབས་ལ་ཅི་དྲག་གང་དྲག་བྱ། །དེས་ནི་རིགས་དྲུག་འཁོར་བར་ཞེན་པ་ལོག །ཞེན་ལོག་སྒོམ་གྱི་རྐང་པ་དེ་རང་ཡིན། །ཕྱི་མ་མི་ལུས་བདེ་སྐྱིད་སྨོན་ལམ་འདེབས་། །དེ་འདྲ་ཞེན་པ་ལོག་པ་ག་ལ་ཡིན། །མོས་གུས་མགོ་དང་ཡེངས་མེད་ལུས་པོ་དང་། །ཞེན་ལོག་སྒོམ་གྱི་རྐང་པ་ཚང་བ་ན། །སྒོམ་གྱི་མགོ་རྐང་ཚང་བས་འདོད་དོན་འགྲུབ་། །དེ་གསུམ་གཅིག་མ་ཚང་ཡང་དོན་མི་འགྲུབ། །བོགས་སྐྱེད་མེད་པ་དེ་གསུམ་མ་ཚང་རྟགས། །དྭགས་པོ་བཀའ་བརྒྱུད་ལུགས་ཀྱི་ཕྱག་ཆེན་གྱི། །དོན་གྱི་གནད་འགགས་གསོལ་འདེབས་འདི་ལ་ཚང་། །ཞྭ་ནག་ཅོད་པན་འཛིན་པ་དྲུག་པ་ཡི། །སྲས་ཀྱི་ཐུ་བོ་འཇམ་དཔལ་བཟང་པོ་དེ། །གཉན་ཆེན་ཐང་ལྷའི་རི་མགུལ་ཕུག་པའི་ནང་། །ལོ་གྲངས་བཅོ་བརྒྱད་མཚམས་བསྡམས་མཛད་པ་ཡིན། །དེ་ཕྱིར་གསོལ་འདེབས་འདི་ཉིད་བྱིན་རླབས་ཆེ། །བཀའ་བརྒྱུད་སྤྱི་ཡི་གསོལ་འདེབས་འཐུས་ཀྱང་ཆེ། །དམིགས་པ་གསལ་ཞིང་གསོལ་


CMR004_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་འདི་བྱས་ན། །ཉམས་རྟོགས་བོགས་སྐྱེད་འོང་བ་ཐེ་ཚོམ་མེད། །དེ་ཡང་མོས་གུས་དྲག་པོ་བསྐྱེད་གལ་ཆེ། །རཱ་ག་ཨ་སྱས་གྲྭ་པ་སྤྱི་རྣམས་ལ། །ཕན་པའི་བསམས་པས་ཐུན་སྐབས་ཤིག་ལ་སྨྲས། །སྒོམ་ཆེན་པདྨ་མཐར་ཕྱིན་ཞེས་པས་བྲིས། །འདིས་ནི་གཞན་ཕན་རྒྱ་ཆེར་འབྱུང་བར་ཤོག །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཕྱག་རྒྱ་ཆེན་པོའི་བོགས་འདོན་གསོལ་འདེབས་རྡོ་རྗེ་འཆང་ཆུང་མའི་དམིགས་རིམ།next