Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོས་སྤྱོད་བག་ཆགས་རང་གྲོལ་དང་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་གཉིས་ཀྱི་ཟིན་བྲིས་ཞལ་ཤེས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོས་སྤྱོད་བག་ཆགས་རང་གྲོལ་དང་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་གཉིས་ཀྱི་ཟིན་བྲིས་ཞལ་ཤེས།next

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོས་སྤྱོད་བག་ཆགས་རང་གྲོལ་དང་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་གཉིས་ཀྱི་ཟིན་བྲིས་ཞལ་ཤེས།


CMR005_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོས་སྤྱོད་བག་ཆགས་རང་གྲོལ་དང་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་གཉིས་ཀྱི་ཟིན་བྲིས་ཞལ་ཤེས་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR005_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཧཱུཾ། ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ། །དེ་ཡི་དབང་བསྐུར་ལེགས་པར་ཐོབ་པའི་མིས། །ཨ་ནུ་ཡོ་གའི་རྒྱུད་ཀྱི་དགོངས་པ་ལྟར། །ནང་སྒྲུབ་ལུས་ཀྱི་དཀྱིལ་འཁོར་བསྒོམ་པའི་ཚུལ། །དེ་ལ་ཕྱི་ནང་གསང་བ་གསུམ་ཡིན་ཏེ། །ཕྱི་ལྟར་ཆོས་སྤྱོད་བག་ཆགས་རང་གྲོལ་ནི། །དང་པོ་རང་ཉིད་ཐ་མལ་པར་གནས་པ། །དད་པ་རྩེ་གཅིག་མོས་པའི་གདུང་ཤུགས་ཀྱིས། །ཞི་ཁྲོའི་ལྷ་ཚོགས་ནམ་མཁར་སྤྱན་དྲངས་ཏེ། །ཡན་ལག་བཅུ་པ་ཕུལ་ནས་ཚོགས་བསགས་བྱ། །ལྷ་ཚོགས་རང་གི་སྙིང་གར་ཐིམ་པའི་མཐུས། །རང་ལུས་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ། །


CMR005_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཟླ་སྟེང་ཨོ་ཡིག་དཀར་པོའི་མཐར། །ཡིག་བརྒྱའི་སྔགས་ཕྲེང་གཡས་སུ་འཁོར་བ་ལས། །བདུད་རྩི་འོ་མ་ལྟ་བུའི་རྒྱུན་བབས་པས།་།བདག་ལུས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ནི། །འོག་སྒོ་རྐང་མཐིལ་བ་སྤུའི་བུ་ག་ནས། །དུད་ཁུ་སོལ་ཁུ་བཞིན་དུ་ཕྱིར་ཐོན་ནས། །བདག་ལུས་དྲི་མེད་ཤེལ་སྒོང་ལྟ་བུར་བསྒོམ། །ཡི་གེ་བརྒྱ་པ་ཅི་ནུས་བཟླས་པ་བྱ། །དེ་གཉིས་ཚོགས་བསགས་སྒྲིབ་སྦྱངས་མཆོག་ཏུ་གསུངས། །དེ་ནས་བདག་ལུས་རྡོ་རྗེ་སེམས་དཔའ་ཡི། །སྙིང་གར་ཞི་བ་བཞི་བཅུ་རྩ་གཉིས་དང་། །མགྲིན་པར་དག་པ་རིག་འཛིན་ལྷ་ཚོགས་


CMR005_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཀླད་པའི་ནང་དུ་ཁྲག་འཐུང་ལྔ་བཅུ་བརྒྱད། །རྩ་གནས་དྲུག་ལ་སྤྲུལ་སྐུ་ཐུབ་པ་དྲུག །ཡེ་ནས་རྩ་རླུང་ཐིག་ལེའི་ངོ་བོར་བཞུགས། །དེ་ཉིད་སྐུ་མདོག་ཕྱག་མཚན་ཚོ་ལུགས་བཅས། །བག་ཆགས་རང་གྲོལ་གཞུང་ལས་བྱུང་བ་ལྟར། །དང་པོ་མོས་པ་ཙམ་དུ་ཐམས་ཅད་ཀུན། །དུས་གཅིག་གསལ་བཏབ་དེ་ནས་རིམ་པ་ལྟར། །བག་ཆགས་རང་གྲོལ་འདོན། ཚེ་དམིགས་རིམ་ནི། །རང་ལུས་རྡོ་རྗེ་སེམས་དཔར་གསལ་བ་དང་། །ལུས་དཀྱིལ་ཞི་ཁྲོའི་ལྷ་ཚོགས་གསལ་བ་དེ། །རང་ལུས་གདོད་ནས་དམ་ཚིག་སེམས་དཔའ་ཡིན། །རང་སེམས་ཡེ་ནས་ཡེ་ཤེས་སེམས་དཔའ་ཉིད། །དེ་བས་ལྷག་པའི་ལྷ་གཞན་མེད་པའི་ཕྱིར། །སྤྱན་འདྲེན་བཞུགས་གསོལ་ལ་སོགས་མི་དགོས་སོ། །ཨ་ཏི་ཡོ་གའི་རྒྱུད་ཀྱི་དགོངས་པ་ལྟར། །རང་གི་ཐུགས་ལས་སྤྲུལ་པའི་ལྷ་མོ་ནི། །བྱེ་བ་དུང་ཕྱུར་དཔག་མེད་ཕྱིར་སྤྲོས་ལ། །རང་ལུས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་ཕུལ་བ་དང་། །བར་དོའི་འཇིགས་སྐྱོབ་གསོལ་བ་འདེབས་པར་བསྒོམ། །བག་ཆགས་རང་གྲོལ་རྫོགས་པར་འདོན་པར་བྱ། །དེ་ནི་ལུས་དཀྱིལ་ཕྱི་སྒྲུབ་གསོལ་འདེབས་ལུགས། །


CMR005_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ནང་སྒྲུབ་སྒོམ་ལུགས་ལྷན་སྐྱེས་ཡེ་ཤེས་ནི། །མངོན་རྟོགས་གཞུང་བཞིན་ཚར་གཅིག་ངག་ཏུ་འདོན། །བཏོན་པ་བཞིན་དུ་ཡིད་ཀྱིས་གསལ་བཏབ་སྟེ། །འདི་ལ་ཡེ་ཤེས་སྤྱན་འདྲེན་མི་དགོས་པ། །ཡེ་ནས་ཀུན་བཟང་ཞི་ཁྲོ་རིགས་བརྒྱ་ནི། །ལུས་དང་སེམས་ལ་ལྷུན་གྱིས་གྲུབ་པར་བཞུགས། །ལྷ་ཚོགས་ཕྱི་ན་མེད་དེ་ནང་ན་ཡོད། །དེ་ཕྱིར་གསང་སྔགས་ནང་གི་རྒྱུད་ཅེས་བྱ། །ཕྱི་ནང་དཀྱིལ་འཁོར་བྲིས་ཤིང་བསྒོམ་པ་ནི། །དཀྱིལ་འཁོར་མིན་ལ་ཡིན་པར་བསྒོམ་པའི་ཕྱིར། །ཀུན་བརྟགས་དཀྱིལ་འཁོར་ཞེས་བྱ་ཟབ་པ་མིན། །རྩ་རླུང་ཐིག་ལེ་ཡེ་ནས་དཀྱིལ་འཁོར་དངོས། །ཡིན་ལ་ཡིན་བཞིན་བསྒོམས་པས་ཟབ་པ་སྟེ། །ཡོངས་གྲུབ་དཀྱིལ་འཁོར་ཞེས་བྱ་ཨེ་མ་ཧོ། །གཙོ་བོའི་སྙིང་དབུས་ཀུན་ཏུ་བཟང་པོ་ཡི། །ཐུགས་ཀར་ཟླ་སྟེང་ཧཱུཾ་ཡིག་སྔོན་པོའི་མཐར། །བཟླ་བྱའི་སྔགས་ཀྱིས་གཡས་སུ་བསྐོར་བར་བསྒོམ། །རྩ་གནས་ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་། །སྔགས་སྒྲ་དིར་དིར་སྒྲོགས་པར་བསྒོམ་བྱ་ཞིང་། །བོ་དྷི་ཙིཏྟའི་བསྙེན་པ་བྱེད་པ་ནི། །ཞི་ཁྲོའི་ནང་སྒྲུབ་ལུས་ཀྱི་དཀྱིལ་འཁོར་ཡིན། །ན་རཀ་དོང་སྤྲུགས་ལུས་དཀྱིལ་སྒྲུབ་ཐབས་ནི། །རིག་འཛིན་མ་


CMR005_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་རིགས་བརྒྱ་སྔོན་ལྟར་བསྒོམ། །ཀུན་ཏུ་བཟང་པོའི་ཐུགས་ཀར་ཡི་གེ་ཨོ། །སྒོ་མ་སྦྲུལ་གདོང་ཐུགས་ཀར་མཇུག་གི་ཨཱ། །ཡིག་འབྲུ་བརྒྱ་པོ་རིགས་བརྒྱའི་ཐུགས་ཀར་བསྒོམ་། །སྔགས་ཕྲེང་ལ་སོགས་འཁོར་རྒྱུ་མེད་པ་དེ། །ལྷ་ཚོགས་ཀུན་གྱིས་ཡིག་བརྒྱ་གསུངས་པར་བསྒོམ། །ཡིག་བརྒྱ་ཅི་ནུས་བསྙེན་པ་བྱ་བ་སྟེ། །སྒྲིབ་སྦྱངས་ཉམས་ཆག་བསྐང་བའི་མཆོག་ཏུ་གསུངས། །ཨྠྀི། །དེ་ནས་ལུས་དཀྱིལ་གསང་བའི་སྒྲུབ་ཐབས་ནི། །སེམས་ཀྱི་དམིགས་པ་ཁོ་ན་བསྒོམ་པ་ལས། །ངག་ཏུ་མངོན་རྟོགས་ཙམ་ཡང་འདོན་མི་བྱ། །རང་ལུས་རྡོར་སེམས་རིགས་བརྒྱའི་རིག་འཛིན་བཅས། །དྲན་རྫོགས་ཉིད་དུ་སྔོན་ལྟར་གསལ་བཏབ་ནས། །རླུང་ནི་ནང་དུ་འཇུག་པའི་ཡི་གེ་ཨོ། །ཁོག་ཏུ་གནས་པ་ཡི་གེ་ཨཱཡིན་ཏེ། །ཕྱི་རུ་དབྱུང་བ་ཡི་གེ་ཧཱུྃ་དུ་བསམ། །དེ་དག་ཡིན་པ་ཤེས་པར་བྱ་བ་ལས། །ངག་ཏུ་བཟླ་དང་ཡིག་དྲུག་བསྒོམ་རྒྱུ་མིན། །ད་ནངས་ཐུན་འགོར་བདུན་ནམ་ཉེར་གཅིག་ཙམ། །ཉལ་ཁ་དེ་ཙམ་བརྩི་བས་ཆོག་པ་སྟེ། །ཉིན་གྱི་དུས་དང་ནུབ་མོ་གཉིད་པའི་དུས། །རླུང་གི་འབྱུང་འཇུག་གནས་པ་གསུམ་པོ་དེ། །ཡིག་འབྲུ་གསུམ་པོ་ཡིན་པའི་འདུ་ཤེས་བསྐྱེད། །


CMR005_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། །དེ་ཕྱིར་སྔགས་བཟླ་མི་དགོས་བསྙེན་སྒྲུབ་འགྲུབ། །དེ་ལ་འབྲུ་གསུམ་རྡོ་རྗེའི་བཟླས་པ་ཟེར། །གསར་རྙིང་རྒྱུད་སྡེ་ཀུན་ནས་རྒྱ་ཆེར་གསུངས། །ལག་པ་ཡེ་ནས་དགང་གཟར་བླུགས་གཟར་ཏེ། །ཁ་ནི་ཡ་ནས་སྦྱིན་སྲེག་ཐབ་ཀྱི་ཁུང་། །ལྟེ་འོག་གཏུམ་མོ་མེ་ཡིན་ལྕེ་མེ་ལྕེ། །བཟའ་བཏུང་བསྲེག་རྫས་ལ་དམིགས་ལྷ་ལ་འབུལ། །དེ་ནི་ནང་གི་སྦྱིན་སྲེག་ཡིན་པར་གསུངས། །ཕོར་སྡེར་རང་བྱུང་ཀ་པཱ་ལ་རུ་བསམ། །བཟའ་བཏུང་ཤ་ལྔ་བདུད་རྩི་ལྔ་རུ་དམིགས། །ཡིག་འབྲུ་གསུམ་གྱིས་ཡེ་ཤེས་བདུད་རྩིར་བསྒྱུར། །ལུས་ལྷ་མཆོད་ཕྱིར་མཆོད་གཏོར་གཞན་མི་དགོས། །རང་གི་སེམས་ཉིད་ཆོས་སྐུ་ཀུན་ཏུ་བཟང་། །ཕུང་ཁམས་སྐྱེ་མཆེད་དམ་པ་རིགས་བརྒྱའི་ལྷ། །ཡིན་ལ་ཡིན་བཞིན་བརྟན་པ་ཐོབ་པའི་མིས། །ཕྱི་རོལ་རྟེན་ལ་ཕྱག་སྐོར་མི་རུང་གསུངས། །ཅི་ཕྱིར་ཕྱི་རོལ་ཀུན་རྫོབ་མཆོད་པ་ཙམ། །ནང་གི་ལྷ་ནི་དོན་དམ་ལྷུན་གྲུབ་ཡིན། །འོན་ཀྱང་རང་རེ་བརྟན་པ་མ་ཐོབ་པས། །ཕྱག་སྐོར་བྱེད་ཚེ་ལུས་དཀྱིལ་མི་བསྒོམ་མོ། །དེ་ལྟར་ཞི་ཁྲོ་དམ་པ་རིགས་བརྒྱ་ཡི། །ལུས་དཀྱིལ་ཕྱི་ནང་གསང་གསུམ་སྒོམ་པའི་ཐབས། །


CMR005_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་རྒྱུད་སྡེ་རྣམས་ནས་གསུངས་པའི་དོན། །གསང་སྔགས་ནང་པ་ཨ་ནུ་ཡོ་གའི་ལུགས། །སྤྲོས་མེད་བྱ་བཏང་རྣལ་འབྱོར་ཆེན་པོའི་ལམ། །འཇའ་དང་རིང་བསྲེལ་སྐུ་གདུང་འབྱུང་བའི་རྒྱུད། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི། །ཆོས་སྤྱོད་བག་ཆགས་རང་གྲོལ་ཞེས་བྱ་དང་། །བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ཞེས་བྱ་དང་། །དེ་གཉིས་དར་ཆ་ཆེ་ཞིང་ཁ་གསལ་བས། །ཟིན་བྲིས་ལ་སོགས་དགོས་པ་མི་སྣང་ཡང་། །གང་ཟག་བློ་དམན་གསར་བུ་འགའ་ཞིག་ལ། །ཕན་པའི་བསམ་པས་རཱ་ག་ཨ་སྱ་ཡིས། །ཐུན་མཚམས་གཅིག་ཏུ་རྫོགས་པར་སྨྲས་པ་སྟེ། །རིག་སྔགས་འཆང་བ་པདྨ་མཐར་ཕྱིན་གྱིས། །ལག་པ་རླུང་གི་རྟ་ལ་ཞོན་ནས་བྲིས། །འདི་ལ་སྦ་འོས་གསལ་བཀོད་ཉེས་མཆིས་ན། །སྡེ་བདུན་དབང་ཕྱུག་ཉེར་བརྒྱད་ཚོགས་ལ་བཤགས། །དགེ་བས་དཔེ་མེད་བྱ་བྲལ་སྤྱང་པོ་འགའ། །འཆི་ཁ་རིང་བསྲེལ་ཐར་རེ་འགྲོ་བར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོས་སྤྱོད་བག་ཆགས་རང་གྲོལ་དང་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་གཉིས་ཀྱི་ཟིན་བྲིས་ཞལ་ཤེས།next