Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
ཞི་ཁྲོ་དགོངས་པ་རང་གྲོལ་གྱི་མགྱོགས་དབང་གི་དབང་སྒྲུབ་བསྡུས་པ་རིན་ཆེན་སྒྲོམ་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོ་དགོངས་པ་རང་གྲོལ་གྱི་མགྱོགས་དབང་གི་དབང་སྒྲུབ་བསྡུས་པ་རིན་ཆེན་སྒྲོམ་བུ།next

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་མགྱོགས་དབང་གི་དབང་སྒྲུབ་བསྡུས་པ་རིན་ཆེན་སྒྲོམ་བུ།


CMR005_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་མགྱོགས་དབང་གི་དབང་སྒྲུབ་བསྡུས་པ་རིན་ཆེན་སྒྲོམ་བུ་ཞེས་བྱ་བ༔ ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ ཞི་ཁྲོའི་མགྱོགས་དབང་།བསྡུས་པ་ལ༔ རས་བྲིས་དཀྱིལ་འཁོར་ཡོད་པ་རབ༔ མ་འབྱོར་ན་འབྲུའི་ཚོམ་བུ་ལྔའི་སྟེང་དུ་བུམ་པ་དང་༔ གཏོར་མ་བཤམས་ཉེར་སྤྱོད་སྨན་རཀ་སོགས་མཆོད་པ་བཤམས་ཤིང་བདག་མདུན་བུམ་ནང་གཏོར་མའི་རྩེར་དཀྱིལ་འཁོར་ཆ་ཚང་༔ ཏིང་ངེ་འཛིན་བསྒོམ་སྟེ་རྩ་ཚིག་བསྡུས་པས་གསལ་འདེབས་པ་ནི༔ སྐྱབས་སེམས་ཀྱི་ཀུན་སློང་བཅོས་ལ༔ ཧཱུྃ༔ ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ མཆོད་པའི་མདངས་འཕྲོག་མ་རིག་བགེགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཁྲོ་ཚོགས་སྤྲུལ་པ་དཔག་མེད་ཀྱིས༔ རབ་ཏུ་གཏམས་ཤིང་མཚམས་བཅད་དོ༔ རྟོག་གཉིས་དག་ནས་སྣོད་བཅུད་རྣམས༔ འདོད་པའི་ཡོན་ཏན་དུ་མར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ རྟོག་བྲལ་བསྒོམ་མེད་དེ་བཞིན་ཉིད༔ ཀུན་ཁྱབ་རང་གསལ་ཀུན་ཏུ་སྣང་༔ འགགས་མེད་རྒྱུ་ཡི་ཨ་མཐིང་གསལ༔ ཨ་ལས་ཧཱུྃ་འཕྲོས་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་བཞུགས་གནས་སོ༔ རྟོག་མེད་སྐད་ཅིག་དྲན་རྫོགས་སུ་ཀུན་བཟང་ཡབ་ཡུམ་རོལ་པ་ལས༔ ཞི་བ་བཞི་བཅུ་རྩ་གཉིས་དང་༔ དེ་ཡི་ཡེ་ཤེས་མདངས་ཆ་ལས༔ ཁྲོ་


CMR005_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ལྔ་བཅུ་རྩ་བརྒྱད་རྣམས༔ མ་ཡིངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་མཉམ་ཉིད་ལས༔ ཞི་ཁྲོ་ཡོངས་རྫོགས་སྐུ་བཞེངས་ལ༔ བདག་ཅག་ཁྱེད་ལྟར་བསྒྲུབ་པའི་ཕྱིར༔ དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་གཞི་དམ་ཚིག་སེམས་དཔའ་དང་དབྱེར་མེད་བརྟན་པར་བཞུགས་སུ་གསོལ༔ ཕྱི་ནང་གསང་བ་བླ་མེད་ཀྱི༔ མཆོད་པའི་བྱེ་བྲག་ཇི་སྙེད་འབུལ༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ལ༔ ལོངས་སྐུ་འཇའ་ཚོན་ལྟ་བུར་སོ་སོར་གསལ༔ སྤྲུལ་སྐུ་ཆུ་ཟླ་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་གྱུར་པ་ཀུན༔ མི་གསང་མི་སྦེད་གནོང་འགྱོད་མཐོལ་ལོ་བཤགས༔ ཡིག་བརྒྱ་བརྗོད༔ ཧཱུྃ༔ དངོས་གྲུབ་མཆོག་སྩོལ་རྒྱལ་བ་ཞི་ཁྲོའི་ལྷ༔ རྨད་བྱུང་ཏིང་འཛིན་འཛབ་ཀྱི་འཕྲོ་འདུ་ཡིས༔ དགོངས་སྤྱོད་དག་པའི་ཡེ་ཤེས་རབ་བསྐུལ་གྱི༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨོ་ཨཱཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷོ་ཧཱུྃ༔ ཞེས་བཟླས་སོ༔ དེ་ནས་དབང་བཞི་འབྲིང་པོའམ༔ གཏོར་དབང་གང་རུང་བསྐུར་རོ༔ ཞེས་རཱ་ག་ཨ་སྱས་སྦྱར་བའོ༔ སརྦ་མངྒ་ལཾ།། །།


previousཞི་ཁྲོ་དགོངས་པ་རང་གྲོལ་གྱི་མགྱོགས་དབང་གི་དབང་སྒྲུབ་བསྡུས་པ་རིན་ཆེན་སྒྲོམ་བུ།next