Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
ཞི་ཁྲོ་དགོངས་པ་རངགྲོལ་གྱི་ཆོས་བཤད་ལོ་རྒྱུས་བཞུགས་སོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོ་དགོངས་པ་རངགྲོལ་གྱི་ཆོས་བཤད་ལོ་རྒྱུས་བཞུགས་སོ།next

ཞི་ཁྲོ་དགོངས་པ་རངགྲོལ་གྱི་ཆོས་བཤད་ལོ་རྒྱུས་བཞུགས་སོ།


CMR005_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་འདིར་འདུས་པའི་ཁྲོམ་པ་རྣམས་ཡུད་ཙམ་བློ་གཞན་དུ་མ་ཡེངས་པར་གསན་པར་ཞུ། ཞི་ཁྲོ་འདི་ཡི་ལོ་རྒྱུས་ནི། །སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ་སངས་རྒྱས་དང་སེམས་ཅན་རིས་སུ་མ་བྱེ་བའི་དུས། ཀུན་ཏུ་བཟང་པོ་རང་ངོ་རང་གིས་ཤེས། འཁྲུལ་མ་མྱོང་བར་ཡེ་ནས་སངས་རྒྱས་པས། སངས་རྒྱས་ཐམས་ཅད་ཀྱི་སྤྱི་མྱེས་ཡིན་ཏེ། དེ་ལས་གཞན་ན་སངས་རྒྱས་མེད་དོ། །སེམས་ཅན་རྣམས་རང་ངོ་རང་གིས་མ་ཤེས་པས་འཁོར་བར་འཁྱམས་པའི་སེམས་ཅན་དེ་རྣམས་ཀྱི་དོན་དུ་སངས་རྒྱས་ཀུན་ཏུ་བཟང་པོས། རྫོགས་པ་ཆེན་པོའི་


CMR005_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་གསུངས་པས། རྒྱུད་སྡེ་དེ་ལ་བརྟེན་ནས་སྔོན་གྱི་སངས་རྒྱས་ཐམས་ཅད་སངས་རྒྱས་པ་ཡིན་ནོ། །རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་པོ་བསྡུས་པ་ནི། ཞི་ཁྲོ་དགོངས་པ་རང་གྲོལ་འདི་ཡིན་ནོ། །ཁྱད་པར་ཞི་ཁྲོ་ན་རཀ་དོང་སྤྲུག་གི་བསྐང་ཆོག་འདིའི་ལོ་རྒྱུས་ནི། སྔོན་འཇིག་རྟེན་གྱི་ཁམས་མི་འཇེད་འདི་ན། བྲམ་ཟེ་དུང་ཕྲེང་ཅན་ཞེས་བྱ་བ། །རིགས་པའི་གནས་ཐམས་ཅད་ལ་མཁས་པ་ཞིག་ཡོད་པ་ལ། རྒྱལ་པོའི་བུ་གཅིག་གིས་དེའི་སློབ་མ་བྱས་ཏེ། རིགས་པའི་གནས་ཐམས་ཅད་ལ་


CMR005_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པར་གྱུར་པ་དང་རྒྱལ་པོས་བུས་བསམ་པ། སློབ་དཔོན་འདི་མེད་ན་རང་བས་མཁས་པ་གཞན་མེད་པ་གཅིག་འོང་བསམས་ནས། སློབ་དཔོན་དེ་བསད་ཐབས་ངན་པ་སྣ་ཚོགས་ཀྱིས་དངན་གསོད་བྱས་ནས། རྒྱལ་པོས་བུ་དེ་ཤི་མ་ཐག་ཏུ་མནར་མེད་པའི་དམྱལ་བར་ལྟུང་སྟེ། འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དུས་གཅིག་མྱོང་བར་གྱུར་ཏོ། །དེར་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི། རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། རྡོ་རྗེ་འཆང་ལ་དམ་ཚིག་ཉམས་པའི་སེམས་ཅན་དེ་ངན་སོང་ལས་ཐར་བའི་ཐབས་ཞུས་པས། །ཞི་ཁྲོ་ན་རཀ་དོང་སྤྲུག་གི་རྒྱུད་ཀ་འདི་གནང་ནས། བྱང་ཆུབ་སེམས་དཔའ་གཉིས་ཀྱིས་ཀྱང་། སེམས་ཅན་དེའི་དྲུང་དུ་སོང་ནས། ཞི་ཁྲོའི་ལྷ་ཚོགས་ཀྱི་མཚན་རྣ་བར་བསྒྲགས་ཤིང་། ཕྱག་འཚལ་བ་སོགས་བྱེད་བཅུག་པས། དེ་ངན་སོང་ལས་ཐར་ནས་ལྷ་ཡི་གནས་ན་རིག་འཛིན་མི་ཡི་ཐོད་པ་ཅན་ཞེས་བྱ་བར་སྐྱེས་ཏེ་རིམ་གྱིས་ས་བཅུ་ཐོབ་པར་གྱུར་ཏོ། །དེ་ནས་ཆོས་འདི་ཇི་ལྟར་བརྒྱུད་པའི་རིམ་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ་སྟེ། དེ་གསུམ་གཅིག་གིས་གཅིག་


CMR005_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགོངས་པ་གཏད་ཙམ་གྱིས་ཆོག་པས། རྒྱལ་བ་དགོངས་པ་བརྒྱུད་པ་ཟེར། དེས་རྒྱ་གར་གྱི་རིག་འཛིན་དགའ་རབ་རྡོ་རྗེ། དེས་རྒྱ་ནག་གི་པན་ཊི་ཏ་ཤྲཱི་སེང་ཧ། དེས་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ལ་གནང་སྟེ། དེ་གསུམ་གཅིག་གིས་གཅིག་ལ་བརྡ་སྟོན་པ་ཙམ་གྱིས་ཆོག་པས། རིག་འཛིན་བརྡ་ཡི་བརྒྱུད་པ་ཟེར། དེ་ནས་ཨོ་རྒྱན་རིན་པོ་ཆེའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལྷ་ལྕམ་གང་འབུམ། ལོ་ཙཱ་ཀླུའི་རྒྱལ་མཚན་སོགས་ལ་གནང་སྟེ། ཆོས་རྣ་བར་བཤད་དགོས་པས། གང་ཟག་སྙན་ཁུང་བརྒྱུད་པ་ཞེས་བྱའོ། །དེ་ཡང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གནས་ལ་མ་སོང་ཆོས་བྲོས་ལ་བྱོན་དུས། ཡབ་རྒྱལ་པོའི་བློན་པོ། བདུད་བློན་ཤ་ཏ་བྱ་བས། ཡེ་ཤེས་མཚོ་རྒྱལ་ལ་ཆད་པ་མང་པོ་བཅད་པས། དེའི་རྣམས་སྨིན་གྱི་བློན་པོ་མནར་མེད་པའི་དམྱལ་བར་སྐྱེས། དེ་འདྲེན་པའི་ཕྱིར་ཡེ་ཤེས་མཚོ་རྒྱལ་དམྱལ་བར་ཕྱིན་པས། བློན་པོ་ལྕགས་སྲེག་ཁང་པའི་ནང་དུ་བཙུད་ནས་ལས་མཁན་གྱི་སྒོ་ཡང་ཕྱེ་ཁས་མ་ཉན། ལས་མཁན་དེ་ལ་དྲིས་ནས། འདི་ཇི་ལྟར་བྱས་ན་འདྲེན་ཐུབ་སྨྲས་པས། ཞི་ཁྲོའི་ཆོ་ག་བྱས་ན་མ་


CMR005_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་ཐར་ཐབས་མེད་ཟེར། དེར་ཡེ་ཤེས་མཚོ་རྒྱལ་གྱིས་ཞི་ཁྲོའི་ཆོ་ག་ཚར་གཅིག་མཛད་པས། ལྕགས་སྲེག་གི་ཁང་པ་རང་ཞིག་སོང་ནས། བློན་པོ་ལ་སོགས་པའི་འབུམ་ཚོ་ལྔ་དྲངས་སོ། །དེ་ནས་ཞི་ཁྲོའི་དཔང་ཀོང་ལ་སོགས་བཀའ་མ་དང་། རིག་འཛིན་རྒོད་ལྡེམ་ཅན་སངས་རྒྱས་གླིང་སོགས་ཀྱི་གཏེར་མ་མང་དུ་ཡོད་དེ། འདི་ནི་ལོ་ཙཱ་ཀླུ་ཡི་རྒྱལ་མཚན་གྱི་སྐྱེ་བ། གྲུབ་ཐོབ་ཀརྨ་གླིང་པས། དྭག་ལ་སྒམ་པོའི་རྒྱབ་རི་ནས་གཏེར་བཏོན་པའོ། །མི་རབས་གསུམ་དུ་གཅིག་བརྒྱུད་མཛད་ནས། ལྷ་ལྕམ་གང་འབུམ་གྱི་སྐྱེ་བ། བཀའ་བབ་ཆོས་ཀྱི་རྒྱལ་མཚན་ལ་བཀའ་བབས་ནས་བོད་ཡུལ་དུ་དར་བ་ཡིན། འདིའི་ཕྱག་ལེན་ལའང་། ཀཿཐོག་ལུགས། འབྲི་གུང་པའི་ལུགས། ཟུར་མང་བའི་ལུགས་མར་ཐང་མཁར་དྲུང་བའི་ལུགས་སོགས་མང་ནའང་། འདི་བཀའ་བབ་ཆོས་ཀྱི་རྒྱལ་མཚན་གྱི་ཕྱག་ལེན་མ་འཆུག་པ་ཡིན། བཀའ་ཆད་ལུང་སྡུམ་མ་ཡིན་ཏེ། དབང་གི་བརྒྱུད་པ། ཁྲིད་ཀྱི་བརྒྱུད་པ། ཕྱག་ལེན་བརྒྱུད་པ་མ་ཆད་པ་ཡིན་པས་ཁུངས་བཙུན། ཕྱི་པ་དང་ནང་པ། བན་དང་བོན། གསར་མ་དང་རྙིང་མ་ཐམས་ཅད་ཀྱི་ཕུག །


CMR005_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་ཀུན་ཏུ་བཟང་པོའི་བཀའ་ཡིན་པས་ཡིད་ཆེས། སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བ། དམ་ཚིག་ཉམས་ཆགས་དག་གང་དཀའ་བ་ཐམས་ཅད་དག་པའི་ཆོ་ག །ན་རཀ་དོང་སྤྲུག་ཕན་ཡོན་ཆེ། ལྷ་འདི་རྣམས་གཞན་ནས་སྤྱན་འདྲེན་མི་དགོས། ངེད་རང་རྣམས་ཀྱི་ལུས་ལ་ཚང་བར་བཞུགས་པས། ཐུགས་རྗེ་དང་བྱིན་རླབས་མྱུར། མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། སྐྱེ་བོ་འཇིག་རྟེན་མིའི་ཁྲིམས་འགལ་བ་དང་། མནའ་ཟོས་པ་དང་། བཙུན་པ་དང་བཙུན་མ་འདུལ་བའི་སྡོམ་པ་དང་འགལ་བ་དང་། སྔགས་ཀྱི་སྡོམ་པ་དང་འགལ་བ་དང་། སྔགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་འདིས་མི་འདག་པ་མེད་པར་གསུངས་ཏེ། དཔལ་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པ་ལས། གང་གི་རྒྱལ་བ་ཞི་ཁྲོ་ཡི། །དཀྱིལ་འཁོར་མཚན་ཐོས་ཕྱག་འཚལ་ན། །ཉམས་ཆགས་མ་ལུས་ཀུན་བྱང་ནས། །མཚམས་མེད་ལྔ་ནི་སྨོས་ཅི་དགོས། །ན་རཀ་གནས་ཀྱང་དོང་སྤྲུག་སྟེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཅེས་གསུངས་པ་དང་། དྲི་མེད་རྒྱལ་པོ་བཤད་པའི་རྒྱུད་ལས། གལ་ཏེ་རྣལ་


CMR005_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གང་ཞིག་གིས། །དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་ལན་གཅིག་ཐོས་པ་ཙམ་གྱིས་དམྱལ་བ་ཆེན་པོར་མི་ལྟུང་ངོ་། །དེ་བས་གུས་པས་ཕྱག་འཚལ་ལོ། །རང་གཞན་སྒྱུ་འཕྲུལ་དཀྱིལ་འཁོར་ལ། །གང་གིས་གུས་པས་ཕྱག་འཚལ་ནས། །ཉམས་ཆགས་ཀུན་ཀྱང་བྱང་བར་འགྱུར། །དམ་ཚིག་བསྐང་ནས་དངོས་གྲུབ་ཐོབ། །ཅེས་གསུངས་པ་དང་༔ འགྲོ་དྲུག་དོང་སྤྲུག་ལས་ཀྱི་སྤྱི་ཁྲུས་འགྱོད་ཚངས་རྒྱལ་པོ་བཤགས་པའི་རྒྱུད་ལས། ཞི་བའི་ལྷ་ཚོགས་བུདྡྷ་བཞི་བཅུ་ཞེ་གཉིས་ཀྱི་ལྷ་ཚོགས་ཀྱི་མཚན་ནས་བརྗོད་པས། མཚམས་མེད་པ་ལྔ་དང་། སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར་རོ། །ཁྲག་འཐུང་གི་ལྷ་ཚོགས་སུམ་ཅུ་ཡི་མཚན་བརྗོད་ཅིང་། ཕྱག་འཚལ་བས་མཚམས་མེད་པ་ལྔ་དང་། སྡིག་པ་ལྕི་བ་ཐམས་ཅད་བྱང་བར་འགྱུར། ཞེས་གསུངས་པ་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། འདི་དང་འཕྲད་པ་སྐལ་པ་ཤིན་ཏུ་བཟང་བ་ཡིན་ནོ། །ཚོགས་བསགས་ཤིང་སྒྲིབ་པ་བྱང་བ་རྣམས་མ་གཏོགས་འདི་དང་འཕྲད་པར་དཀའ་འོ། །གལ་ཏེ་འཕྲད་ན་ཡང་བློར་ཤོང་བ་དཀའ་འོ། །འདི་ཐོས་ནས་ལོག་ལྟ་མ་སྐྱེས་པ་ཁོ་ནས་ཀྱང་གྲོལ་བར་


CMR005_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་སོ། །དེའི་ཕྱིར་འདི་ལ་ཤིན་ཏུ་གཅེས་སྤྲས་སུ་བྱའོ། །འདི་ནི་ཆོས་ཐམས་ཅད་ཀྱི་བཅུད་ཡིན་ནོ། །བར་དོའི་གདམས་པ་ཐོས་པ་ཙམ་གྱིས་གྲོལ་བ། བལྟས་པ་ཙམ་གྱིས་གྲོལ་བའི་ཐོས་གྲོལ་ཆེན་མོ་ཞེས་བྱ་བ། མ་བསྒོམ་པར་སངས་རྒྱས་པའི་ཆོས། ཐོས་པ་ཙམ་གྱིས་གྲོལ་བའི་ཆོས། སྡིག་པོ་ཆེ་གསེང་ལམ་དུ་ཁྲིད་པའི་ཆོས་། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པའི་ཆོས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པའི་ཆོས་ཟབ་མོ་ཡིན་ཏེ། འདིས་སླེབས་པའི་སེམས་ཅན་ངན་སོང་དུ་སོང་བ་མི་སྲིད་དོ། །ཞེས་གསུངས། དེ་ལྟར་བྱིན་རླབས་ཆེ་ཞིང་ཐུགས་རྗེ་མྱུར་བའི་ལྷ། དམ་པ་རིགས་བརྒྱའི་དཀྱིལ་འཁོར་འདིའི་དྲུང་དུ་ཁྱེད་རྣམས་ཀྱིས་དགེ་བ་ཁས་ལེན་རེ་མཛད་ན། འགྱུར་དང་ཕན་ཡོན་ཆེ་བས། གདན་གཅིག །ཡིག་དྲུག །མར་མེ། ཚེ་ཐར། བཛྲ་གུ་རུ། དགེ་ཧུབ། ཇོ་དར། མ་ཎི་རྒྱུ་མཁར་ལ་སོགས་དགེ་བ་ཁས་ལེན་རེ་མཛོད། ཅེས་བླ་མ་ཀརྨ་དོན་གྲུབ་ཀྱིས་བསྐུལ་ནས་རཱ་ག་ཨ་སྱས་བྲིས་པའོ། །ཡང་ཁྱེད་ཁྲོམ་ཚོ་ཡུད་ཙན་གསན་པར་ཞུ། སྤྱིར་ཞི་ཁྲོ་འདི་ཕན་ཡོན་གང་ཆེ་བའི་ཆོས་ཐམས་


CMR005_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འདི་ལ་ཚང་། མར་མེ་བརྒྱ་རྩ་ཚང་བས་མར་མེ་བརྒྱ་ཚར་བལྟམས་པ་དང་འདྲ། ཚོགས་བརྒྱ་རྩ་ཡོད། ལྷ་ཡང་བརྒྱ་རྩ་ཚང་བས་ཚོགས་བརྒྱ་ཚང་། མཆོད་པ་སྣ་ཁ་སྟོང་ཕྲག་གཅིག་ཡོད་པས། སྟོང་མཆོད་ཚང་། ཚོགས་ཆེན་དང་ཇོ་ཧུབ་ཡོད་པས་ཚོགས་ཆེན་དང་དགེ་ཧུབ་ཚང་། ཇོ་རྒྱུན་ཞོར་དུ་ཡོད་པས་ཡིག་དྲུག་ཞོར་ལ་འགྲོ། བསྐང་བ་ཡིན་པས་རིམ་གྲོ་ཡང་ཞོར་ལ་འགྲོ་བ་ཡིན། །འདས་ལོགས་ཀུ་སུ་ལི་པས་ཆོས་ཀྱི་རྒྱལ་པོ་ལ་ཕན་ཡོན་གང་ཆེ་ཞུས་པ་ལའང་། ཞི་ཁྲོ་དང་ཡིག་དྲུག་ཕན་ཡོན་ཆེ་གསུངས་པར་གདའ། ཁྱད་པར་དུ་འགྲོ་མགོན་སུརྱ་ཙནྡའི་མཆེད་ཡ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་གཞོན་ནུ་ནས་ཤི་ཞིང་། ནུ་བོ་གར་སྐྱེས་ལྟ་ཕྱིར་རྨི་ལམ་བཟུང་བས། མཆེད་ཡ་བར་དོ་ན་འཁྱམས་པ་དང་འཕྲད། ཁོང་རྣམས་གཉིས་གླེང་ལང་མང་དུ་བྱུང་སྟེ། ཁོང་ན་རེ། ངེད་རང་གི་ས་ཕྱོགས་ཀྱི་མི་རྣམས་ཕལ་ཆེར་བར་དོ་ཐོས་གྲོལ་རྣ་བར་ཐོས་ཡོད་པས་གཞན་ཚོ་བས་སྐྱིད་དོ། །ན་རཀ་བསྐང་བཤགས་འདིས་ཕན་པར་སྣང་བས་འབད་འབུང་ཐོང་ཟེར་བའི་ལོ་རྒྱུས་རྒྱས་པར་ཡོད་དོ། །ད་ལམ་སྐབས་སུ་བབ་པ། ན་རཀ་དོང་སྤྲུག་རྒྱུད་


CMR005_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ལུས་ཀྱི་སྒོ་ནས་ཀྱང་ཕྱག་ངག་གི་སྒོ་ནས་ཀྱང་ཕྱག་འཚལ་ཞིང་། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་མཚན་ནས་ཐོན་ཅིག །ཅེས་གསུངས་པའི་དོན་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་འཚལ་བ་ཡིན་པས། མདུན་གྱི་ནམ་མཁར་འཁོར་དཀྱིལ་འཁོར་འདི་དང་ཐ་དད་མེད་པའི་ཞི་བའི་ལྷ་ཚོགས་བུདྡྷ་བཞི་བཅུ་རྩ་གཉིས། ཁྲག་འཐུང་ཧེ་རུ་ཀ་དྲག་པོའི་ལྷ་སུམ་ཅུ་ཐམས་པ། ཐུབ་པ་དྲུག་ཐུགས་རྗེ་དྲག་པོར་ཁྲོས་ནས་རིགས་དྲུག་གི་གནས་ནས་སངས་རྒྱས་ཞིང་དུ་རང་དབང་མེད་པར་འཕེན་པའི་ཁྲོ་བོ་སྤྱོར་བྱེད་ཆེན་པོ་བརྒྱད། བཀའ་ཡི་སྲུང་མ་ཞིང་སྐྱོང་ཤ་ཟའི་མཁའ་འགྲོ་མ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དང་བཅས་པ། མངོན་སུམ་དུ་བཞུགས་པའི་མོས་པ་མཛོད་ལ། དེ་རྣམས་ཀྱི་དྲུང་དུ་ཚེ་འདས་ཀྱི་ཐོགས་དྲངས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་གི་ལུས་གཅིག་ལ་ལུས་བྱེ་བ་དུང་ཕྱུར་དུ་སྤྲུལ་ཏེ། ཕྱག་འཚལ་བའི་མོས་པ་གྱིས་ལ། དམ་པ་རིགས་བརྒྱའི་སྐུ་མདོག་དེ་དང་ཆ་ལུགས་ངེད་ཀྱིས་བརྗོད་ཚེ་ཁྱེད་རང་རྣམས་ཡིད་ཡུལ་དུ་གསལ་ཐོབ། ཚིག་འཇུག་ཏུ་མཚན་བརྗོད་ཚེ་མཉམ་དུ་རྗེས་ཟློས་གྱིས་ལ། ཕྱག་འཚལ་ཞིང་། མགོ་བོ་


CMR005_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འདུད་པ་དང་བཅས་པས་ཕྱག་འཚོལ་ཞིག །ཅེས་པ་རཱ་ག་ཨ་སྱས་སོ། །མངྒ་ལཾ།། །།༧ཁམས་སྟོདནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཞི་ཁྲོ་དགོངས་པ་རངགྲོལ་གྱི་ཆོས་བཤད་ལོ་རྒྱུས་བཞུགས་སོ།next