Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ།next

ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ།


CMR005_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ་བཞུགས་སོ༔


CMR005_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་དཀྱིལ་འཁོར་འདི་ཡི་ལོ་རྒྱུས་ཟུར་ཙམ་ཞུ་ན༔ ཡེ་ཐོག་དང་པོ་སངས་རྒྱས་དང་སེམས་ཅན་ཞེས་རིས་སུ་མ་བྱེ་བའི་དུས་ན་སེམས་ཅན་ཐམས་ཅད་ང་མེད་པ་ལ་ང་དང་བདག་མེད་པ་ལ་བདག་ཏུ་བཟུང་༔ རང་ངོ་རང་གིས་མ་ཤེས་ཏེ་འཁོར་བར་འཁྱམས་སོ༔ དཔལ་ཀུན་ཏུ་བཟང་པོ་ནི་འཁྲུལ་མ་མྱོང་བར་གཞི་གདོད་མའི་གནས་སུ་མངོན་པར་བྱང་ཆུབ་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་ཚེས་དང་པོའི་སངས་རྒྱས་ཞེས་བྱའོ༔ དེ་ཉིད་གནས་ཕུན་སུམ་ཚོགས་པ་ཆོས་སྐུའི་ཞིང་ན༔ སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ༔ འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་


CMR005_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཚོགས་ལ༔ དུས་ཕུན་སུམ་ཚོགས་པ་ཆོས་ཉིད་འཕོ་འགྱུར་མེད་པའི་ཚེ༔ ཆོས་ཕུན་སུམ་ཚོགས་པ་རང་བཞིན་རྫོགས་པ་ཆེན་པོ་རང་ཆས་ལྷུན་གྲུབ་ཀྱི་ངང་དུ་འོད་གསལ་ལོ༔ དེ་ཉིད་ལས་མ་གཡོས་བཞིན་དུ་རྣམ་དག་འཐུག་པོ་བཀོད་པའི་ཞིང་ཡེ་ཤེས་ཀྱི་རང་མདངས་ལས་གྲུབ་པའི་འོད་ཁྱིམ་རིན་པོ་ཆེའི་གཞལ་ཡས་ཁང་ན༔ དཔལ་ཀུན་ཏུ་བཟང་པོའི་ཡེ་ཤེས་ལྔའི་རང་མདངས་ལས་རིགས་ལྔ་དང་༔ ཁམས་ལྔ་རྣམ་པར་དག་པའི་རང་མདངས་ཡུམ་ལྔ་དང་༔ ཚོགས་བརྒྱད་རྣམ་པར་དག་པའི་རང་མདངས་ལས་སེམས་དཔའ་བརྒྱད་དང་༔ ཡུལ་བརྒྱད་རྣམ་པར་དག་པའི་


CMR005_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རང་མདངས་ལས་སེམས་མ་བརྒྱད་དང་༔ མཐའ་བཞི་དང་སྐྱེ་གནས་བཞི་རྣམ་པར་དག་པའི་རང་མདངས་ལ་སྒོ་བ་ཡབ་ཡུམ་བརྒྱད་དུ་སྣང་སྟེ༔ དེ་དག་གི་སྐུ་ལ་ཡང་རིགས་ལྔའི་སྐུ་བསམ་གྱིས་མི་ཁྱབ་པ་འཕྲོ་ཞིང་༔ མངོན་པར་དགའ་བ་དང་༔ དཔལ་ལྡན་དང་༔ བདེ་བ་ཅན་དང་༔ ལས་རབ་རྫོགས་པ་ལ་སོགས་ལོངས་སྐུ་དག་པའི་ཞིང་དཔག་ཏུ་མེད་པར་ཞི་བའི་ལྷ་ཚོགས་དེ་རྣམས་ཆ་ཚང་བ་གཙོ་བོ་འཕོ་བའི་རིགས་པས་ཉི་མ་དང་འོད་ཟེར་ལྟར་འདུ་འབྲལ་མེད་པར་སྣང་ཞིང་༔ ཟ་འོག་གི་བེར་ཁྱིམ་བཀྲམ་པ་ལྟར་བཀོད་ལེགས་ཤིང་ཁ་དོག་ལྔར་འབར༔ ལྗགས་ཀྱི་འོད་ཟེར་ལས༔ ༢ཨཤསམསཿཞེས་འབྲུ་དྲུག་གི་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་གྱུར་ཏོ༔ དེའི་ཚེ་གནས་ཕུན་སུམ་ཚོགས་པ་སྟུག་པོ་བཀོད་པའི་ཞིང་ཁམས་སུ༔ སྟོན་པ་ཕུན་སུམ་ཚོགས་པ་རིགས་ལྔའི་སངས་རྒྱས་ལ༔ འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་དཔག་ཏུ་མེད་པས་བསྐོར་བ་ལ༔ དུས་ཕུན་སུམ་ཚོགས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཚེ༔ ཆོས་ཕུན་སུམ་ཚོགས་པ་ཡེ་ཤེས་འོད་གསལ་བའི་དགོངས་པ་བརྗོད་དུ་མེད་པར་སྟོན་ཏེ༔ དེའི་ཐུགས་རྗེ་མ་འགག་པའི་རང་རྩལ་ལ་འགྲོ་བ་རིགས་དྲུག་གི་གནས་


CMR005_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཐུབ་པ་དྲུག་ཏུ་ཤར་ནས་སོ་སོའི་སྐད་དུ་ཆོས་བསྟན་ཏོ༔ དེ་ལྟར་ཆོས་སྐུ་ཀུན་ཏུ་བཟང་པོ་ནི་འཁོར་འདས་ཐམས་ཅད་ལ་ཁྱབ་པར་རང་བཞིན་ལྷུན་གྲུབ་ཏུ་བཞུགས་སོ༔ རིགས་ལྔ་སོགས་ཞི་བའི་ལྷ་རྣམས་ནི་ཕྱི་ལྟར་ན་དག་པའི་ཞིང་ཁམས་ལྔར་འཁོར་ཚོམ་བུ་བཅས་ཏེ་བཞུགས་སོ༔ ནང་ལྟར་ཙིཏྟ་རིན་ཆེན་སྙིང་གི་གནས་དྭངས་མ་ལྔའི་ཐིག་ལེ་ཐིག་ཕྲན་གྱི་རྣམ་པར་བཞུགས་སོ༔ གཞན་ཡང་ཞི་ཁྲོའི་དཀྱིལ་འཁོར་བཞེངས་ཤིང་བཤམས་པ་ནི༔ མེ་ལོང་ལ་གཟུགས་བརྙན་དང་ཆུ་ཟླ་ལྟར་སྣང་བར་མཛད་དེ་གང་ཞིག་སངས་རྒྱས་ཡིད་བྱེད་པ༔ དེ་ཡི་མདུན་ན་ཐུབ་པ་བཞུགས༔ ཞེས་གསུངས་སོ༔ འོ་ན་ཞི་བའི་ལྷ་ཚོགས་དེ་ལྟར་ན་ཁྲོ་བོའི་ལྷ་ཚོགས་ཇི་ལྟར་བྱུང་ཞེ་ན༔ སྔོན་གྱི་དུས་ན་རྨོངས་པ་དག་གིས་གསང་སྔགས་ཡང་དག་པའི་དོན་ནི་མ་རྟོགས༔ ལས་རྒྱུ་འབྲས་འཆོལ་པར་སྤྱད་པས༔ དམྱལ་ཁམས་བརྒྱད་དང་བཅུ་དྲུག་དང་ངན་འགྲོའི་སྐྱེ་གནས་གྲངས་མེད་པར་འཁྱམས་ཏེ༔ ལས་སྒྲིབ་ཅུང་ཟད་སྲབ་པ་དང་ཡི་དྭགས་ཀྱི་སྲིན་པོ་ཆེན་པོ་གདུག་ཅིང་གཏུམ་པ་ལུས་གཅིག་ལ་མགོ་བརྒྱ་དང་མགོ་སྣ་ཚོགས་དང་༔ ལུས་བརྒྱ་ལ་མགོ་གཅིག་དང་༔ ལུས་སྣ་ཚོགས་དང་༔


CMR005_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་མང་པོ་སྣ་ཚོགས་ཅན༔ གདུག་པའི་ལག་ཆ་སྣ་ཚོགས་ཐོགས་པ་འཁོར་རབ་ཏུ་མང་པོ་འཇིགས་པའི་གཟུགས་སྣ་ཚོགས་དང་ང་རོ་འཇིགས་པ་དང་༔ རླུང་ནག་དང་ཚ་བ་དང་གྲང་བའི་དབུགས་ཀྱིས་ཕྱོགས་འཁྲུག་ཅིང་༔ ནད་བཞི་བརྒྱ་རྩ་བཞི་འདེབས་པར་བྱེད་པས་མྱོས་ཤིང་ཉམས་པར་བྱེད་པའི་མཐུས༔ ལྷ་དང་ཀླུ་དང་ལྷ་མ་ཡིན་དང་ལྷ་གནས་འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ༔ དེ་འདུལ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག་པོ་ཁྲོ་བོའི་དཀྱིལ་འཁོར་སྤྲུལ་ཏེ༔ དེ་བཞིན་ཉིད་ཀྱི་དབྱིངས་ལས་ཁྲོ་མོ་དབྱིངས་ཕྱུག་མ་བྱུང་སྟེ་འཁྲིལ་བའི་མཁའ་གསང་ནས་ཁྲོ་བོའི་དཀྱིལ་འཁོར་སྟོང་གསུམ་གང་བ་ཐོན་ཏེ༔ འཇིག་རྟེན་ཐམས་ཅད་གཡོ་ཞིང་ལྟས་ཆེན་པོ་བཅོ་བརྒྱད་བྱུང་ངོ་༔ འཇིག་རྟེན་ན་དབང་དང་མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཡང་བརྒྱལ་ལོ༔ དེ་ནས་བཅོམ་ལྡན་འདས་ཉིད་འབར་བའི་ཁྲག་འཐུང་སྐུ་སྨུག་ནག་ཅིར་ཡང་འགྱུར་བ་དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཞིང་གི་རྡུལ་སྙེད་འཛིན་པ་ཞིག་ཏུ་སྤྲུལ་ལོ༔ སླར་ཡང་དབུ་གསུམ་ཕྱག་དྲུག་ཞབས་བཞི་པར་གྱུར་ཏེ༔ དབང་ཕྱུག་ཆེན་པོ་དང་དྲག་པོ་ཁྱོ་ཤུག་གི་གདན་ལ་བརྐྱང་


CMR005_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུམ་གྱིས་བཞུགས་ནས་ཕྱོགས་བཞིར་སླར་ཡང་ཁྲག་འཐུང་རིགས་བཞིར་སྤྲུལ་ལོ༔ བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས་སྐུ་ལ་འཁྲིལ་ལོ༔ དེར་དྲག་པོ་ཁྱོ་ཤུག་ལ་།སོགས་པ་གདུག་པ་ཅན་རྣམས་ཀྱི༔ ཐོང་ཐོང་སྙིང་རྗེའི་བདག་པོས་འདི་ལྟར་བྱེད་དམ་ཟེར་ནས་གདུག་རྩུབ་རྣམས་བསྟན་ཏོ༔ དེ་ནས་བཅོམ་ལྡན་འདས་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དུ་བསྟན་ནས་ཧཱུྃ་ཧཱུྃ་ཞེས་དབང་ཕྱུག་ཆེན་པོ་ལ་སོགས་གདུག་པ་ཅན་ཐམས་ཅད་ཀྱི་སྙིང་དང་དབང་པོ་ནང་ཁྲོལ་དྲངས་ཏེ༔ ཡན་ལག་གཏུབས་ནས་ཁྲག་འཐུང་རུས་པ་འཆོས་སོ༔ འཇིག་རྟེན་གྱི་ཁམས་ནམ་མཁའ་དང་མཉམ་པ་ཐམས་ཅད་ཡུངས་འབྲུ་གཅིག་གི་ནང་དུ་བསྡུས་སོ༔ འབྱུང་པོ་མ་ལུས་པ་བརྒྱལ་ལོ༔ དྲག་པོ་ཆེན་པོ་ལ་སོགས་པའི་ཆུང་མ་འབྱུང་མོ་ཐམས་ཅད་ཀྱི་ཡང་རྗེ་མོ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་དབང་དུ་བསྡུས་སོ༔ དགྱེས་པར་རོལ་ལོ༔ སྦྱོར་མཚམས་ནས་ཀེ་སེང་སྒོ་མའི་ཚོགས་སྤྲུལ་ལོ༔ དེ་ནས་བདུད་རྩི་འཁྱིལ་པའི་སྔགས་གསུངས་པས༔ ཞལ་དུ་གསོལ་བས་དབང་ཕྱུག་ཆེན་པོ་སོགས་གདུག་པ་ཅན་རྣམས་ཕྱིར་ཐོན་ཏེ༔ མི་གཙང་བའི་རྒྱ་མཚོར་ཚུད་དོ༔


CMR005_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་ཕྲག་ནས་ཁྲོ་བོ་རྨེ་བརྩེགས་ཐོན་ནས་མི་གཙང་བ་དེ་ཐམས་ཅད་འཐུང་ནས་དབང་ཕྱུག་ལ་སོགས་གདུག་པ་ཅན་རྣམས་དྲན་པ་རྙེད་དེ༔ ཁྲོ་བོ་ཆེན་པོའི་ཞལ་མཐོང་སྟེ་དེའི་ཚེ་ཕྱོགས་བཅུའི་དྲེགས་པ་དབང་ཕྱུག་ཐམས་ཅད་ཐབས་སྣ་ཚོགས་ཀྱིས་དུས་གཅིག་ཏུ་བཏུལ་ལོ༔ དེར་ཁོང་རྣམས་འདར་ཞིང་འབངས་སུ་མཆིའོ་འབངས་སུ་ནན་ཏན་མ་བགྱིས་ན༔ ལུས་དུམ་བུ་བརྒྱར་འགས་ཤིང་སྙིང་གཏུབ་སྟེ་དམྱལ་བར་ལྟུང་བར་གྱུར་ཅིག༔ ཞེས་དམོད་བོར་རོ༔ དཀྱིལ་འཁོར་གྱི་གདན་དུ་བཞག་ནས༔ འཁོར་གཡོག་དང་བཅས་པ་ཕུལ་ལོ༔ བདག་ཅག་སོ་སོ་འཁོར་བཅས་ཀྱི༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ མིང་ཙམ་འཛིན་པར་བྱེད་པ་ཡང་༔ གཙུག་གི་ནོར་བུ་འབར་བ་ལྟར༔ གཡོ་སྒྱུ་མེད་ཅིང་གུས་ལྡན་པས༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བཞག་སྟེ་བཀུར་བར་བགྱི༔ དེ་ཡི་དགོངས་པ་ཅི་ཡང་རུང་༔ མ་ལུས་རྫོགས་པར་བྱང་ཆུབ་སྒྲུབ༔ གལ་ཏེ་དཔའ་བོའི་སྤྱན་སྔ་འདིར༔ སྨྲས་པ་བཞིན་དུ་མ་བསྒྲུབས་ན༔ བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་༔ བཀས་གཏུབ་དུམ་བུར་བཏུལ་བར་བགྱི༔ ཞེས་དམ་བཅས་སོ༔ དེ་དག་གི་ཆུང་མ་དང་སྲིང་མོ་དང་བུ་མོའི་


CMR005_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དབང་ཕྱུག་ཉེར་བརྒྱད་ཐམས་ཅད་མགྲིན་གཅིག་ཏུ༔ བདག་ཅག་འཁོར་བཅས་ཐམས་ཅད་ཀུན༔ དཔའ་བོ་ཆེན་པོའི་འབངས་སུ་མཆི༔ དཔའ་བོ་ཆེན་པོས་།བདག་ཅག་རྣམས༔ ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་ཞུས་པས༔ ལག་ཏུ་རྡོ་རྗེ་བྱིན་ལྕེ་ལ་བདུད་རྩི་བཞག༔ དབང་བསྐུར་ཏེ་དཀྱིལ་འཁོར་གྱི་ཕྱི་རིམ་དུ་བཀོད་ནས་བཀའི་སྲུང་མར་བཞག་གོ༔ དེ་ལྟར་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་དེ་རྣམས་ཕྱི་ལྟར་ན་ཞི་བ་གནས་འགྱུར་ཏེ་འོག་མིན་གསང་ཆེན་རོལ་པའི་གནས་ན་བཞུགས་སོ༔ ནང་ལྟར་ན་ཀླད་པ་དུང་ཁང་གི་ནང་ན་ལུས་ལྷའི་ཚུལ་དུ་བཞུགས་སོ༔ གཞན་དུ་ཞི་ཁྲོའི་དཀྱིལ་འཁོར་བཤམས་པའི་ཚེ༔ ཆུ་ཟླ་བཞིན་དུ་དེར་སྣང་བར་མཛད་དེ༔ ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ༔ ཞེས་གསུངས་སོ༔ འོ་ན་དམ་པ་རིགས་བརྒྱའི་དཀྱིལ་འཁོར་བྱུང་ཚུལ་དེ་ལྟར་ན༔ འདི་དག་གི་རྒྱུད་ཇི་ལྟར་གསུངས་ཞེ་ན༔ དེ་ལྟར་ཀུན་ཏུ་བཟང་པོ་ཆོས་སྐུ་སྟོང་པ་ཉིད་ཀྱི་ངང་ལ་དུས་གསུམ་དུས་མེད་དུ་བཞུགས་པས་སྨྲ་བརྗོད་དང་བྲལ༔ ལོངས་སྐུ་རིགས་ལྔ་ཐམས་ཅད་རང་སྣང་དག་པའི་ཞིང་དུ་བརྡའི་སྒོ་ནས་འཁོར་རྣམས་ཀྱིས་ཆོས་ཀྱི་དོན་གོ་བར་མཛད་པ་


CMR005_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ དེའི་ངང་ལས་སྤྲུལ་པ་ཆུ་ཟླ་ལྟ་བུས་གང་ལ་གང་འདུལ་དུ་ཤར་ནས་འགྲོ་དོན་མཛད་དེ༔ ས་བཅུ་པོ་ལ་གནས་པའི་སེམས་དཔའ་རྣམས་ལ་རིགས་ལྔ་སོ་སོར་སྣང་ངོ་༔ ཕྱོགས་བཅུའི་འཇིག་རྟེན་མཐའ་ཡས་མུ་མེད་པ་ན་འགྲོ་བ་རིགས་དྲུག་སོ་སོའི་ཐུབ་པར་སྣང་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོ༔ དེ་ལ་འཇིག་རྟེན་གྱི་ཁམས་འདི་ན་སྤྲུལ་པས་འགྲོ་དོན་མཛད་ཚུལ་ནི༔ བྱིན་རླབས་མཆོག་གི་སྤྲུལ་པ་གསུམ་སྟེ༔ རིན་པོ་ཆེ་བརྒྱ་རྩ་གཅིག་ལས་བྱུང་བའི་སྐུ་དང་༔ རང་བྱུང་བསྟན་པ་བུ་གཅིག་གི་རྒྱུད་ཀྱི་གླེགས་བམ་དང་༔ ཆོས་ཉིད་ཀྱི་རྡོ་རྗེ་རྩེ་ལྔ་པ་སོགས་རང་བྱུང་དུ་སྤྲུལ་ནས༔ རྡོ་རྗེ་གདན་གྱི་ནམ་མཁའ་ལ་སོགས་སུ་བཞུགས་ཏེ་བསྟན་པའི་བཙས་གཏེར་ཞེས་བྱའོ༔ དེ་ཡང་ཞིང་འདིའི་བསྐལ་པ་དང་པོ་ལ་སྤྲུལ་པའི་སྐུ་རྡོ་རྗེ་འཆང་ཆེན་པོ་དགའ་ལྡན་བརྩེགས་པ་པདྨའི་སྟེང་དུ་བྱོན་ནས་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཚིག་ཡི་གེ་ལས་འདས་པ་དགོངས་པས་གོ་བར་མཛད་དོ༔ དེའི་ཚེ་རྡོ་རྗེ་འཆང་ཉིད་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་སྟོན་པ་ཕུན་སུམ་ཚོགས་པ་རང་བྱོན་ནས༔ འཁོར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ་སྒྲ་ཐལ་


CMR005_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རྩ་བའི་རྒྱུད་ལ་སོགས་པ་རྒྱུད་བཅུ་བདུན་གསུངས་སོ༔ དེ་ནས་གནས་མི་མཇེད་དུ་སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་དང་༔ གནས་འོད་ཀྱི་ཕུང་པོར་སྟོན་པ་འཇིགས་སྐྱོབས་དང་གནས་ཆགས་འབྱུང་མངལ་དུ་སྣང་བར་སྟོན་པ་གཞོན་ནུ་རོལ་པའི་རྣམ་པར་བརྩེ་བ་དང་༔ གནས་འཚོ་བྱེད་གཞོན་ནུའི་སྡུམ་རར་སྟོན་པ་རྡོ་རྗེ་འཆང་དང་། གསང་ཆེན་རོལ་པའི་དུར་ཁྲོད་དུ་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་དང་༔ གནས་སྲིན་པོ་རུ་ལུའི་སྒྲ་ལྡན་ན་སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ་དང་༔ བྱ་རྒོད་ཕུང་པོར་སྟོན་པ་གསེར་འོད་དམ་པ་དང་༔ སོག་པོ་གཡུའི་སྨིན་མ་ཅན་གྱི་གནས་སུ་སྟོན་པ་བརྩེ་བར་རོལ་པའི་བློ་གྲོས་དང་༔ བྱ་རྒོད་ཕུང་པོའི་རི་བོར་སྟོན་པ་འོད་སྲུང་བསྒྲེས་པོ་དང་༔ རྡོ་རྗེ་གདན་དུ་སྟོན་པ་མངོན་རྫོགས་རྒྱལ་པོ་དང་༔ སེར་སྐྱའི་གནས་སུ་སྟོན་པ་ཤཱཀྱ་ཐུབ་པའི་བར་དུ་རིམ་པར་བྱོན་ནས༔ བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་འདིའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལ་སོགས་པ་གསུངས་ཏེ༔ ཚེ་ལོ་དཔག་ཏུ་མེད་པ་ནས་བརྒྱ་པའི་བར་དུ་འགྲོ་བའི་དོན་མཛད་དོ༔ དེ་ཡང་རྡོ་རྗེ་འཆང་ཆེན་པོ་དང་༔ ཁྱེའུ་སྣང་བ་དམ་པ་དང་༔ འོད་མི་འཁྲུགས་པ་


CMR005_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ འཇིགས་སྐྱོབས་དང་་གཞོན་ནུ་རོལ་པ་དང་༔ རྡོ་རྗེ་འཆང་དང་༔ དཔའ་བོ་སྟོབས་ལྡན་དང་དྲང་སྲོང་ཁྲོས་པའི་རྒྱལ་པོ་དང་༔ གསེར་འོད་དམ་པ་དང་༔ བརྩེ་བར་རོལ་བའི་བློ་གྲོས་དང་༔ འོད་སྲུང་བསྒྲེས་པོ་དང་༔ མངོན་རྫོགས་རྒྱལ་པོ་དང་༔ ཤཱཀྱ་ཐུབ་པ་དང་༔ བཅུ་གསུམ་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཆུང་ངུ་དང་༔ ཧེ་རུ་ཀའི་སྐུར་བསྟན་ནས་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རིག་འཛིན་ཌཱཀི་རྣམས་ལ་ཆོས་གསང་སྔགས་བླ་ན་མེད་པ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ༔ འདུལ་བ་ལ་སོགས་ཐེག་པ་ཐུན་མོང་བ་ནི་མ་གསུངས་པས༔ འཁོར་ཉན་ཐོས་ཀྱང་མེད་པའི་ཕྱིར་སངས་རྒྱས་དེ་རྣམས་བསྐལ་པ་འདི་ལ་བྱོན་ཀྱང་བསྐལ་བཟང་སངས་རྒྱས་སྟོང་གི་གྲར་མ་བརྩིས་པའོ༔ སྟོན་པ་འཇིགས་སྐྱོབས་ནི་འཁོར་བ་འཇིག༔ གསེར་འོད་དམ་པ་ནི་གསེར་ཐུབ༔ འོད་སྲུང་བསྒྲེས་པོ་ནི་འོད་སྲུང་༔ ཤཱཀྱ་ཐུབ་པ་དང་བཞི་པོས་ནི་སྡེ་སྣོད་གསུམ་གདུལ་བྱ་ཐུན་མོང་བ་ལ་གསུངས་པས་འཁོར་ཉན་ཐོས་དགྲ་བཅོམ་པ་ཡང་ཡོད་ལ༔ མི་མངོན་སྦས་ཚུལ་དུ་འཁོར་བྱང་ཆུབ་སེམས་དཔའ་དང་ཌཱཀི་རྣམས་ལ་གསང་སྔགས་བླ་


CMR005_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་རྒྱུད་སྡེ་ཡང་གསུངས་སོ༔ མ་འོངས་པ་ན་བྱམས་པ་ནས་ཐ་མ་མོས་པའི་བར་གྱི་བསྐལ་བཟང་གི་སངས་རྒྱས་སྟོང་གིས་ནི་ཐུན་མོང་དུ་སྡེ་སྣོད་གསུམ་གསུངས་ཤིང་༔ གསང་སྔགས་བླ་མེད་རྫོགས་པ་ཆེན་པོ་ནི་ཤིན་ཏུ་ལྐོག་ཏུ་རིག་འཛིན་ཊཀི་རྣམས་ལ་སྦས་ཐབས་སུ་གསུངས་ཤིང་གསང་སྔགས་འདི་ཡོད་ཀྱང་ཀུན་གྱིས་ནི་ཐོས་པར་མི་འགྱུར་བར་བཤད་དོ༔ དེ་བཞིན་དུ་མདོ་སྡེ་ལ་ལ་ནས་བསྐལ་བཟང་འདི་ལ་སངས་རྒྱས་སྟོང་བས་ཀྱང་ཆེས་མང་བར་འབྱོན་པར་གསུངས་པ་དང་༔ དེ་བཞིན་དུ་སྡེ་སྣོད་གསུམ་སོགས་བསྟན་པ་ཡོངས་རྫོགས་གསུངས་པ་ནི་སྟོང་རྩ་གཉིས་པོ་སོགས་སུ་ངེས་ལ༔ གཞན་བླ་མེད་གསང་སྔགས་རྫོགས་པ་ཆེན་པོ་ཁོ་ན་སྟོན་པའི་སངས་རྒྱས་ནི་མང་དུ་འབྱོན་པ་ལ་དགོངས་པའོ༔ དེ་ལྟར་བྱམས་པ་ནས་བཟུང་སྟེ་མོས་པའི་བར་གྱི་སྟོན་པ་དེ་ཐམས་ཅད་དཔལ་ཀུན་ཏུ་བཟང་པོ་གཅིག་པུ་ཁོ་ནའི་རྣམ་པར་འཕྲུལ་པ་ཡིན་པས་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ༔ དེ་ལྟར་སྔོན་བྱོན་སྟོན་པ་བཅུ་གཉིས་ཀྱིས་གསུངས་པའི་བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་རྒྱུད་འདི་རྣམས་བྱང་ཆུབ་སེམས་དཔའ་དང་༔ དཔའ་བོ་


CMR005_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀིའི་ཐུགས་ལ་བཞུགས་ཀྱིས་མི་ཡུལ་འདི་ན་ཡི་གེ་བྲིས་པ་མེད་ལ༔ སྟོན་པ་ལྔ་མྱ་ངན་ལས་འདས་རྗེས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན་ལྷའི་བུ་ཀུན་དགའ་སྙིང་པོའི་སྐྱེ་བ༔ སློབ་དཔོན་དགའ་རབ་རྡོ་རྗེ་ཞེས་བྱ་བ་འཁྲུངས་པ༔ དགུང་ལོ་གཅིག་ནས་སངས་རྒྱས་ཀྱི་ཆོས་མང་པོ་རང་བྱུང་དགོངས་གཏེར་ལ་བཏོན༔ དགུང་ལོ་བདུན་པ་ལ་རྡོ་རྗེ་སེམས་དཔའ་ཞལ་གཟིགས་ནས༔ བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་གནང་བ་ཐུགས་ལ་ཆུད༔ དགུང་ལོ་བདུན་པ་དེ་པཎྜི་ཏ་ལྔ་བརྒྱ་དང་བརྩད་པས་མ་ཐུབ༔ སངས་རྒྱས་ཀྱི་སྤྲུལ་པར་ཐག་བཅད་དེ༔ པཎྜི་ཏ་རྣམས་ཀྱིས་ཞབས་སྤྱི་བོར་བླང་སྟེ་ཆོས་ཞུས༔ ལོ་སུམ་ཅུ་རྩ་གཉིས་ལ་རྫོགས་པ་ཆེན་པོ་བསྒོམ་རྒྱུད་རྣམས་ཡི་གེར་བཀོད་ནས་མཁའ་འགྲོ་རྣམས་ལ་གཏད༔ ནམ་མཁའ་ལ་འཕུར་བ་ལ་སོགས་རྫུ་འཕྲུལ་གྱིས་མུ་སྟེགས་ཀྱི་རྒྱལ་པོ་བཏུལ་ལོ༔ རྒྱལ་པོ་དང་བློན་པོ་དང་བྲམ་ཟེ་སོགས་མང་པོ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་ཀྱིས་གྲོལ་བར་མཛད༔ ཁྱད་པར་རྒྱ་གར་ནུབ་ཕྱོགས་ནས་པཎྜི་ཏ་འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་གྱིས་ལུང་བསྟན་པ་དང་རྒྱ་ནག་གི་པཎྜི་ཏ་ཤྲཱི་སེང་


CMR005_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ལ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ་དང་དགའ་རབ་རྡོ་རྗེ་མཇལ་ནས་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་ཐམས་ཅད་གསན༔ དེ་ནས་དགའ་རབ་རྡོ་རྗེ་འཇའ་ལུས་འོད་ཕུང་དུ་གཤེགས་པ་དང་འཁོར་རྣམས་སྨྲེ་སྔགས་བཏོན་པས༔ རིན་པོ་ཆེའི་གའུ་སེན་གང་པའི་ནང་ནས་རྫོགས་པ་ཆེན་པོའི་ཞལ་གདམས་ཚིག་གསུམ་གནད་དུ་བརྡེག་པའི་ཞལ་ཆེམས་ནམ་མཁའ་ནས་བབ༔ དེ་ནས་འཇམ་དཔལ་བཤེས་གཉེན་དང་ཤྲཱི་སེང་ཧ་གཉིས་ཀྱིས་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་རྣམས་ལ་ལ་གཏེར་དུ་སྦས༔ ལ་ལ་སྙན་བརྒྱུད་དུ་སྤེལ༔ ཁོང་གཉིས་ཀྱང་མཆོག་གི་དངོས་གྲུབ་ཐོབ་ནས་རྫུ་འཕྲུལ་མངོན་ཤེས་ཐོགས་པ་མེད་པར་གྱུར་ཏོ༔ དེ་ནས་སྐྱེ་བ་ལྔ་བརྒྱར་པཎྜི་ཏའི་སྐྱེ་བ་རྒྱུན་མ་ཆད་པར་པཎྜི་ཏ་བི་མ་མི་ཏྲ་དང་༔ ཨོ་རྒྱན་རིན་པོ་ཆེ་དང་༔ པཎྜི་ཏ་ཛྙཱ་ན་སུ་ཏྲ་གསུམ་གྱིས་བྲི་སེང་ཧ་ལ་བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་ཐམས་ཅད་ཞུས༔ དེ་ནས་ཤྲཱི་སེང་ཧ་འཇའ་ལུས་འོད་ཕུང་དུ་གཤེགས་ནས་འཁོར་རྣམས་སྨྲེ་སྔགས་བཏོན་པས༔ རིན་པོ་ཆེའི་གའུ་ནང་ན་གཟེར་བུ་བདུན་པ་ཞེས་བྱ་བ་རྫོགས་ཆེན་གྱི་ཞལ་གདམས་ཀྱི་ཡི་གེ་ནམ་མཁའ་ནས་བབ་བོ༔ དེ་


CMR005_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཆད་རིག་འཛིན་བརྡའི་བརྒྱུད་པ་ཞེས་བྱའོ༔ དེ་ནས་ཨོ་རྒྱན་རིན་པོ་ཆེ་དང་བི་མ་མི་ཏྲ་གཉིས་བོད་དུ་ཕེབས་ནས༔ རྗེ་འབངས་ཉི་ཤུ་རྩ་ལྔ་དང་ཉང་ཏིང་འཛིན་བཟང་པོ་སོགས་ལ་བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་རྣམས་གསུངས་པས་འཇའ་ལུས་མཁའ་སྤྱོད་ཐོབ་པ་ཁྲི་ཕྲག༔ བསྐྱེད་རྫོགས་ཟུང་དུ་འཇུག་པ་འབུམ་ཕྲག་གཅིག༔ གྲུབ་རྟགས་དངོས་སུ་བསྟན་པ་ཉི་ཤུ་རྩ་ལྔ༔ ས་བརྒྱད་ནོན་པའི་རིག་འཛིན་བརྒྱད་ལ་སོགས་པ་བྱུང་སྟེ༔ ཏིང་འཛིན་བཟང་པོ་དང་༔ བེ་རོ་ཙ་ན༔ སངས་རྒྱས་ཡེ་ཤེས་ལ་སོགས་ལས་བརྒྱུད་པའི་བཀའ་མ་དང་༔ ཀརྨ་གླིང་པ་དང་༔ སངས་རྒྱས་གླིང་པ་དང་༔ རྒོད་ཀྱི་ལྡེམ་འཕྲུལ་ཅན་ལ་སོགས་པས་གཏེར་ནས་བཏོན་པའི་ཞི་ཁྲོ་གཏེར་མ་སོགས་མང་དུ་དར་རོ༔ དེ་རྣམས་ནི་གང་ཟག་སྙན་ཁུང་བརྒྱུད་པ་ཞེས་བྱའོ༔ དེ་ལ་ད་རེས་ཀྱི་དཀྱིལ་འཁོར་འདི་ནི་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་སྐྱེ་བ་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་པོ་གྲུབ་ཐོབ་ཀརྨ་གླིང་པས་ཤར་དྭགས་ལྷ་སྒམ་པོའི་རྒྱབ་རི་ནས་བཏོན་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་བྱ་བ་དེ་ཡིན་ལ༔ ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ལས༔ མི་རབས་གསུམ་དུ་གཅིག་བརྒྱུད་གྱིས༔ དེ་


CMR005_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགྲོ་དོན་དཔག་མེད་འབྱུང་༔ ཞེས་གསུངས་པ་ལྟར༔ གཏེར་སྟོན་ཀརྨ་གླིང་པ༔ དེའི་སྲས་པོ་ཉི་ཟླ་ཆོས་རྗེ༔ འགྲོ་མགོན་སཱུརྱ་ཙནྡྲ་གསུམ་གྱི་རིང་ལ་གཅིག་བརྒྱུད་མཛད༔ དེ་ནས་དར་གྲགས་ནས་ཕྱག་ལེན་རྒྱས་བསྡུས་དང་འདོན་ལུགས་མི་གཅིག་པ་མང་དུ་བྱུང་ན་ཡང་༔ འདི་ནི་ལྷ་ལྕམ་གང་འབུམ་གྱི་སྐྱེ་བ་བཀའ་བབ་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ༔ ཞི་ཁྲོ་འདིའི་བཀའ་བབ་ཆོས་ཀྱི་བདག་པོར་ཨོ་རྒྱན་ཆེན་པོས་གཞུང་ནས་ལུང་བསྟན་པ་དེའི་ཕྱག་ལེན་མ་འཆུག་པ་དེ་ཡིན་ནོ༔ འགྲོ་མགོན་སཱུརྱ་ཙནྡ༔ བཀའ་བབ་ཆོས་ཀྱི་རྒྱལ་མཚན༔ སྤྲུལ་སྐུ་ཐུགས་རྗེ་འོད་ཟེར༔ འཁྲུལ་ཞིག་བུདྡྷཱ་མངྒ༔ རིག་འཛིན་ཀུན་དགའ་གྲགས་པ༔ གར་དབང་ཀུན་དགའ་བསྟན་འཛིན༔ རིག་འཛིན་ཀརྨ་དོན་ཡོད༔ དེས་བདག་རཱ་ག་ཨ་སྱའི་བར་དུ་བཀའ་རྫོགས་ལུང་རྫོགས་ཕྱག་ལེན་དང་བཅས་པ་རྒྱུན་མ་ཆད་དེ༔ བརྒྱུད་པ་དེ་དག་ཀྱང་ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས༔ དེ་ནས་བརྒྱུད་མར་རིམ་བཞིན་དུས་མཐའི་བར༔ ལས་ཅན་སྐྱེས་མཆོག་བརྒྱ་རྩ་བརྒྱད་སོགས་ཀུན༔ རྣམ་གྲོལ་རིམ་བཞིན་བསྟན་པ་འཛིན་བྱེད་ཅིང་༔ འགྲོ་རྣམས་སྐྱོང་ཞིང་འབྲེལ་པ་དོན་


CMR005_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན༔ ཐོག་མཐའ་བར་གསུམ་གང་དང་གང་ཚེ་ཡང་༔ རྒྱལ་བའི་བསྟན་པ་འཛིན་པའི་བཤེས་གཉེན་འབྱུང་༔ གང་ཡང་མི་འགྱུར་བརྡའ་རྟགས་གསུམ་དང་ལྡན༔ ལུས་ལ་ལྟ་སྨེ་སྙིང་གར་ཤ་མཚན་ནི༔ སྨེ་བ་དཀར་དམར་ཐིག་ལེས་སྤྲས་པ་ཞིག༔ ངག་ནས་སྙན་འགྱུར་སྔགས་ཚིག་རྩོལ་བ་ཅན༔ ཡང་ན་མགྲིན་པར་ཤ་མཚན་ཐིག་ལེ་འམ༔ པདྨ་ལས་བྱུང་པདྨའི་མིང་ཅན་གཉིས༔ ཡིད་ནི་རྩེ་གཅིག་གདུང་ཤུགས་ང་ཉིད་དྲན༔ ཕུར་ཚུགས་འདི་མན་ཡིད་ལ་མི་བྱེད་གསུམ༔ དེ་གསུམ་གསུམའཛོམས་རབ་ཡིན་གཉིས་འཛོམས་འབྲིང་གཅིག་འཛོམས་ཐ་མ་གང་ཡང་ལས་ཅན་ཏེ༔ ལ་ལ་རང་ཉིད་རྩེ་གཅིག་ཉམས་ལེན་བརྩོན༔ དོན་འབྲས་འགྲུབ་ནས་གཞན་དོན་རླབས་ཆེན་སྐྱོང་༔ ལ་ལ་འཕྲད་གྲོལ་གཞན་ཕན་བརྩོན་པར་འགྱུར༔ ལ་ལ་རང་གཞན་གཉིས་དོན་ལྷན་ཅིག་སྐྱོང་༔ དེ་རྣམས་ངེས་མེད་གང་ཡང་སྤྲུལ་པའི་སྐུ༔ རྒྱལ་བའི་དགོངས་པ་ཡོངས་ཟིན་ཨེ་མ་ཧོ༔ ཞེས་དང་༔ མ་ཅིག་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས༔ མ་འོངས་གཏེར་ལ་མོས་པའི་གང་ཟག་རྣམས༔ དེང་སང་གུ་རུའི་ཞལ་མཐོང་འབྲེལ་པ་ཐོབ༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམ༔ ཁོ་


CMR005_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན༔ ཞེས་གསུངས་པ་དང་མཚུངས་པའོ༔ བརྒྱུད་པ་དེ་དག་གི་འགྲོ་དོན་ཇི་ལྟར་འབྱུང་ཞེ་ན༔ ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས༔ བླ་མེད་ཐེག་ཆེན་སྙིང་པོའི་དོན་རྣམས་དང་༔ གང་འབྲེལ་ཐམས་ཅད་སངས་རྒྱས་འགྲུབ་པའི་ཕྱིར༔ འདི་གྲོལ་འདི་མ་གྲོལ་ཞེས་རྣམ་དབྱེ་བྲལ༔ འབྲེལ་ཚད་དོན་དང་ལྡན་ཞེས་དེ་ལ་བརྗོད༔ ཅེས་དང་༔ དེང་སང་སྐྱེ་འགྲོ་འབུམ་ཕྲག་དོན་བྱེད་པས༔ སྙིགས་དུས་སེམས་ཅན་རེ་རེའི་དོན་བྱེད་དཀའ༔ སྙིགས་དུས་ལས་ངན་གདེང་ཚད་ཆེ་བའི་ཕྱིར༔ བཅུ་དྲུག་རེ་རེའི་ཁ་ལོ་བསྒྱུར་ནུས་པའི༔ སྐྱེས་མཆོག་དེ་དག་འཕགས་པའི་སྤྲུལ་པར་ངེས༔ བརྒྱ་ཕྲག་ཡན་ཆད་ཁ་ལོ་བསྒྱུར་མཛད་ནས༔ དེ་དག་རྒྱལ་བའི་སྤྲུལ་པ་གདོན་མི་ཟ༔ ཞེས་དང་༔ མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ༔ གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན༔ ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པར་ངེས༔ ཕྱི་རབས་ཀུན་གྱིས་ཐེ་ཚོམ་ཡིད་གཉིས་སྤོང་༔ གུས་པས་བཀུར་སྟི་ཕུ་དུད་འབྲེལ་པ་ཐོགས༔ ཞེས་གསུངས་པ་ལྟར༔ བདག་གི་སློབ་དཔོན་ཡན་ཆད་ཐམས་ཅད་ལ༔ ཀུན་དགའ་གྲགས་པ་ལ་སོགས་པ་


CMR005_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལ་རྩེ་གཅིག་ཏུ་སྒྲུབ་པ་མཛད་པ་དང་༔ ཀུན་དགའ་བསྟན་འཛིན་སོགས་འགྲོ་དོན་རླབས་ཆེན་དང་༔ སྒྲུབ་པ་གཉིས་ཀ་མཛད་པ་དང་༔ ལ་ལས་འགྲོ་དོན་མི་མཛད་སྦས་ཚུལ་དུ་བཞུགས་པ་མང་དུ་བྱོན་པ་ཡང་༔ ཐམས་ཅད་ཨོ་རྒྱན་གྱི་གསུང་བཞིན་སྒྲུབ་མཁན་རྒྱུན་མ་ཆད་པ་དང་༔་བླ་མ་དེ་རྣམས་སོ་སོར་རྗེ་འབངས་རྣམས་ཀྱི་སྤྲུལ་པ་དང་ཡང་སྤྲུལ་ཤ་སྟག་ཡིན་ཚུལ་ཡང་དགོངས་གཏེར་སོགས་ན་གསལ་ལོ༔ དེ་ལྟར་རྒྱལ་བ་དགོངས་བརྒྱུད༔ རིག་འཛིན་བརྡའ་བརྒྱུད༔ གང་ཟག་སྙན་བརྒྱུད༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ༔ གཏེར་ཆོས་སྨོན་ལམ་བརྒྱུད་པ༔ བཀའ་བབ་དོན་གྱི་བརྒྱུད་པ་དང་དྲུག་ལས་བརྒྱུད་པའི་ཆོས༔ ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ཆོ་ག་འདི་ནི༔ རྒྱུད་གང་ལས་བཤད་ཅེ་ན་རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན༔ རྒྱུད་བུ་ཆུང་བཅུ་བདུན༔ སྒྱུ་འཕྲུལ་སྡེ་བརྒྱད༔ མདོ་དགོངས་འདུས༔ ཡེ་ཤེས་རྔམ་གློག༔ མན་ངག་སྙིང་དགོངས༔ ན་རཀ་དོང་སྤྲུགས༔ དྲི་མེད་བཤགས་རྒྱུད་རྣམས་དང་༔ མདོར་ན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས༔ ཆོས་རྫོགས་པ་ཆེན་པོ་དང་༔ ལྷ་དམ་པ་རིགས་བརྒྱའི་དཀྱིལ་


CMR005_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདི་ཁོ་ན་བརྗོད་བྱའི་གཙོ་བོར་གསུངས་པ་ཡིན་ནོ༔ སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ༔ ཤྲཱི་སེང་ཧ༔ རྒྱ་གར་གྱི་རིག་འཛིན་ཆེན་པོ་བརྒྱད་དང་༔ བོད་ཀྱི་རྗེ་འབངས་ཉི་ཤུ་རྩ་ལྔ་སྔོན་བྱོན་གྱི་གཏེར་སྟོན་བརྒྱ་རྩ་རྣམས་ཀྱི་ཐུགས་དམ་ཡང་འདི་ཡིན་ནོ༔ སྔོན་གསང་སྔགས་རྙིང་མའི་གྲུབ་ཆེན་ཉང་ཏིང་འཛིན་བཟང་པོ༔ གྲུབ་ཐོབ་གཙང་པ་མི་བདུན༔ ལྕོག་རོ་སྒོམ་ཆེན་སྒོམ་ཆུང་ལ་སོགས་འཇའ་ལུས་མཁའ་སྤྱོད་དུ་གཤེགས་པ་དཔག་ཏུ་མེད་པ་བྱུང་བ་ཐམས་ཅད༔ ཆོས་འདི་ལ་བརྟེན་ནས་གྲུབ་པ་ཐོབ་པ་ཤ་སྟག་ཡིན་ནོ༔ དང་པོ་དེ་ལྟར་བྱུང་ཡང་བར་སྐབས་སུ་རྟོག་གེ་བ་ཐ་སྙད་མཁན་རྣམས་ཀྱིས་ཐས་བརྒྱབ་པས༔ མི་རྣམས་ཐེ་ཚོམ་སྐྱེས་ཏེ་རྫོགས་ཆེན་ཅུང་ཞིག་ནུབ་པར་བྲི་སེང་ཧས་ལུང་བསྟན་པ་ལྟར་བྱུང་ན་ཡང་༔ ཚེ་ལོ་བཞི་བཅུ་ཁ་རལ་ནས་ཚེ་ལོ་བཅུ་པའི་བར་འདིར་ཀུན་ཏུ་བཟང་པོ་ཐུགས་ཀྱི་བསྟན་པ་དར་བའི་དུས་ཡིན་པས༔ ཆོས་རྫོགས་པ་ཆེན་པོ་རྟོགས་པ་སྐྱེ་སླ་བ་དང་༔ ཨོ་རྒྱན་གྱི་ཆོས་དར་ནས་གྲུབ་ཐོབ་གནམ་གྱི་སྐར་མ་ཙམ་འབྱུང་བར་ཨོ་རྒྱན་ཆེན་པོས་ལུང་བསྟན་མང་པོ་ཡོད་པ་ནས་བཀའ་སྩལ་ཏོ༔ དེ་ཡང་ཐེག་པ་བླ་ན་མེད་པ་བཀའ་རྫོགས་


CMR005_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་འདིའི་ཕན་ཡོན་ནི༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ རིགས་ཀྱི་བུ་དད་པ་ཅན་གྱི་སྐྱེ་བོས་བླ་མ་འཁོར་དང་བཅས་པ་དང་༔ གསང་བའི་ཐེག་པ་འདི་ལ་མོས་ཤིང་དད་པ་དང་༔ རྣ་བའི་དབང་པོས་ཉན་ཅིང་གཡོ་སྒྱུ་དང་བསོག་འཇོག་སྤང་བ་དང་དེའི་ཕན་ཡོན་ཡང་དག་པར་བརྗོད་ཅིང་ཚད་བཟུང་བར་དཀའ་འོ༔ ལ་ལ་དག་སོ་སོའི་སྐྱེ་བོས་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བ་ལ་སྦྱིན་པ་བྱིན་པའམ༔ སྲོག་གཏོང་པའམ༔ དགེ་བ་བཅུ་དང་ཚད་མེད་པ་བཞི་དང་༔ བསྡུ་བའི་དངོས་པོ་བཞི་དང་༔ རྒྱུའི་ཐེག་པའི་སྒོ་ནས་འགྲོ་བའི་དོན་བྱས་པ་བས་ནི༔ བླ་མ་འཁོར་དང་བཅས་པ་དང་༔ གསང་བའི་ཐེག་པའི་སྒོ་ནས་སྐད་ཅིག་ཙམ་འགྲོ་བ་གཅིག་གི་དོན་བྱས་པའི་བསོད་ནམས་དགེ་བའི་རྩ་བ་འབུམ་གྱི་ཆར་ཡང་མི་ཕོད་དོ༔ རིགས་ཀྱི་བུ་ལ་ལ་ཞིག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བའི་ཉན་ཐོས་སམ༔ རང་སངས་རྒྱས་སམ༔ བྱང་ཆུབ་སེམས་དཔའི་ཐེག་པ་དེ་ཉིད་ལ་རིམ་གྲོ་དང་བཀུར་སྟི་ཚུལ་བཞིན་དུ་བསྐལ་པ་གྲངས་མེད་པའི་ཡུན་དུ་བྱས་པའི་བསོད་ནམས་ཀྱིས་ནི༔ གསང་བའི་ཐེག་པ་འདི་ལ་གནས་པའི་གང་ཟག་རྣལ་འབྱོར་པ་གཅིག་ལ་


CMR005_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་ན་གྲོ་གཅིག་གམ་སྐད་ཅིག་ཙམ་དུ་བཀུར་སྟི་ཚུལ་བཞིན་དུ་བྱས་པའི་བསོད་ནམས་འབུམ་གྱི་ཆར་ཡང་མི་ཕོད་དོ༔ དེ་ཅིའི་ཕྱིར་ཞེ་ན༔ དེ་ནི་གསང་བའི་ཐེག་པ་འདི་ཉིད་ལས་ཉན་ཐོས་དང་༔ རང་རྒྱལ་བ་དང་༔ བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་འབྱུང་ཞིང་༔ གསང་བའི་ཐེག་པ་ཉིད་ལ་འགྲོ་བ་བཙུད་པའི་བསྟི་གནས་སུ་གསུངས་པ་ཡིན་གྱི་གཏན་དུ་བཞག་པ་ནི་མ་ཡིན་ནོ༔ དེ་བས་ན་ང་ཉིད་ཀྱི་སྤྲུལ་པས་ཀྱང་ཆོས་རྣམ་པ་སྣ་ཚོགས་ཇི་ལྟར་འདུལ་བ་ཡིན་ནོ༔ དེ་བས་གསང་སྔགས་ཀྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་པའོ༔ རིགས་ཀྱི་བུ་གང་ཟག་ལ་ལ་ཞིག་གིས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་རྒྱུའི་ཐེག་པའི་སྒོ་ནས་དགེ་བའི་རྩ་བ་རྒྱས་པར་སྤྱད་པ་བས་ནི༔ གསང་བའི་ཐེག་པ་འདིའི་དོན་སྐད་ཅིག་ཡིད་ལ་བྱས་པ་བསོད་ནམས་འཕགས་ཏེ༔ འབུམ་གྱི་ཆར་ཡང་མི་ཕོད་དོ༔ རིགས་ཀྱི་བུ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སོ་སོ་སྐྱེ་བོའམ༔ ཉན་ཐོས་སམ༔ རང་རྒྱལ་བའམ༔ བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བ་སྙེད་ལ༔ མེ་ཏོག་དང་༔ ཕྲེང་བ་དང་༔ བདུག་སྤོས་དང་༔ བླ་བྲེ་


CMR005_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ རྒྱལ་མཚན་དང་༔ བ་དན་དང་༔ ལྷབ་ལྷུབ་དང་༔ རོལ་མོའི་ཆ་བྱད་ལ་སོགས་པས༔ སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བར་བྱས་ཏེ་ཕུལ་བ་བས༔ ཐ་ན་གསང་བའི་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་གཅིག་ཙམ་ལ་ཡང་༔ གཡོ་སྒྱུ་དང་གསོག་འཇོག་སྤང་པའི་སྒོ་ནས་འདོད་པའི་ཡོན་ཏན་གྱི་ཚོགས་ལ་སྐད་ཅིག་ཙམ་བསྟེན་ཅིང་ལོངས་སྤྱོད་པའི་བསོད་ནམས་ཁྱད་པར་འཕགས་ཏེ་འབུམ་གྱི་ཆར་ཡང་མི་ཕོད་དོ༔ དེ་ཅིའི་ཕྱིར་ཞེ་ན༔ སོ་སོ་སྐྱེ་བོའམ༔ ཉན་ཐོས་སམ་རང་རྒྱལ་བའམ་བྱང་ཆུབ་སེམས་དཔའི་བསོད་ནམས་སམ༔ ཡེ་ཤེས་ཀྱི་ཕུང་པོ་དེ་དག་པས༔ གསང་བའི་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་གཅིག་གི་བ་སྤུའི་ཆ་ཙམ་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས་ཏེ༔ འབུམ་གྱི་ཆར་ཡང་མི་ཕོད་དོ༔ དེ་བཞིན་དུ་གང་ཟག་ལ་ལ་ཞིག་གིས་མེ་ཏོག་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བའི་བསོད་ནམས་དང་་ཡེ་ཤེས་ཀྱི་ཕུང་པོ་གང་ཡིན་པ་དེ་བས་འདོད་པའི་ཡོན་ཏན་གྱི་ཚོགས་ཆེན་པོ་གཅིག་གི་རྡུལ་ཕྲ་རབ་ཀྱི་ཆ་ཙམ་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས་ཏེ་འབུམ་གྱི་ཆར་ཡང་མི་ཕོད་དོ༔ རིགས་ཀྱི་བུ་དེ་


CMR005_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་གསང་བའི་ཐེག་པ་འདི་ཉིད་ལ་དད་པ་ཅན་གྱི་སྐྱེ་བོས་གསང་བའི་ཐེག་པ་ལ་གནས་པའི་བླ་མ་འཁོར་དང་བཅས་པ་ལ་དད་པའི་སེམས་ཀྱིས་གཡོ་སྒྱུ་དང་གསོག་འཇོག་སྤང་བ་དེའི་བསོད་ནམས་ཀྱི་ཕུང་པོ་ནི་ཚད་མེད་དོ༔ དེའི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ནི་ཐམས་ཅད་མཁྱེན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བགྲང་བར་མི་ནུས་སོ༔ ཞེས་བཀའ་སྩལ་པ་དང་༔ རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་གློག་ལས༔ འདི་ལ་དགའ་ཞིང་མོས་པ་དང་འདུན་པ་བསྐྱེད་པའི་གང་ཟག་དམ་པ་དེ་ནི་རིག་འཛིན་རྒྱལ་བའི་སྲས་དམ་པར་འགྱུར་བ་གདོན་མི་ཟའོ༔ ཞེས་དང་༔ སོ་སོའི་སྐྱེ་བོའམ༔ ཉན་ཐོས་སམ༔ རང་རྒྱལ་ལམ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བ་སྙེད་ལ་སྦྱིན་མཆོད་སངས་རྒྱས་ཀྱི་ཞིང་ཡོངས་སུ་གཏམས་པའི་བསྐལ་པའམ་བསྐལ་པ་བགྲང་བར་བྱིན་པའི་བྱིན་རླབས་ཀྱིས་ནི༔ རྣལ་འབྱོར་པ་གཅིག་ལ་ཚོགས་ཅིག་སྐད་དུ་མཆོད་པ་རྒྱས་པར་རྒྱ་ཆེར་བྱས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འབུམ་གྱི་ཆར་ཡང་མི་ཕོད་དོ༔ ཞེས་དང་༔ རྣལ་འབྱོར་ནང་པའི་ཚོགས་རྒྱུད་ཆེན་པོ་ལས༔ བཅོམ་ལྡན་འདས་རྡོ་རྗེ་


CMR005_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔས་བཀའ་སྩལ་པ༔ དེ་ལ་ཚོགས་མཆོད་པའི་འབྲས་བུ་ནི༔ རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར་དཀའ་བ་སྤྱད་ནས་འབྲས་བུ་ཕྱིས་འོང་དུ་རེ་བ་མ་ཡིན་ཏེ༔ ཚོགས་ཀྱི་འབྲས་བུ་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ས་བཅུ་རིམ་གྱིས་བགྲོད་མི་དགོས་ཏེ༔ ད་ལྟ་ཉིད་ནས་རིགས་ལྔའི་སངས་རྒྱས་དང་མཉམ་པར་སངས་རྒྱས་པར་འགྱུར་རོ༔ ཚོགས་ཀྱི་མཆོད་པའི་འབྲས་བུ་ནི༔ ཕུང་པོ་མི་གནས་མྱ་ངན་འདས༔ རིག་འཛིན་ས་ལ་བདེ་བར་གནས༔ ཕྱོགས་བཅུའི་སངས་རྒྱས་ཀུན་གནས་ཏེ༔ བྱིན་གྱིས་བརླབས་ནས་དབང་བསྐུར་ཏེ༔ དངོས་གྲུབ་དམ་པ་གསོལ་བར་མཛད༔ ཆོས་ཀྱི་སྐུ་དང་གཉིས་སུ་མེད༔ ཅེས་པ་དང་༔ ཚོགས་ཀྱི་མཆོད་པ་ཕུལ་བྱས་ནས༔ རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར༔ སངས་རྒྱས་བྱང་ཆུབ་ཐག་མི་རིང་༔ དེ་ལ་ཚོགས་ཕུལ་བའི་བསོད་ནམས་ནི༔ འཇིག་རྟེན་གྱི་ཁམས་འདིར་ཡང་རྒྱལ་བ་སྲས་དང་བཅས་པའི་ཞལ་མཐོང་བར་འགྱུར་བ་དང་༔ མ་མོ་མཁའ་འགྲོ་ཐམས་ཅད་སྤྲིན་ཕུང་བཞིན་དུ་གཏིབས་ཏེ༔ ཅི་བསྒོ་བའི་བཀའ་ཉན་ཅིང་༔ དངོས་གྲུབ་ཀྱི་སྟོངས་གྲོགས་བྱེད་ཅིང་མཐུ་དང་དབང་དང་དངོས་གྲུབ་ཕུན་སུམ་ཚོགས་པ་བྱིན་ཏེ༔ ཐམས་ཅད་བདེ་


CMR005_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་ཕུན་སུམ་ཚོགས་པ་དང་ལྡན༔ ལོངས་སྤྱོད་ཐམས་ཅད་འཕེལ་བ་དང་༔ འཁོར་ཐམས་ཅད་འདུ་ཞིང་ནད་ཐམས་ཅད་མི་འབྱུང་བ་དང་༔ འཇིག་རྟེན་གྱི་ལྷ་སྲིན་།ཐམས་ཅད་ཀྱིས་ཀྱང་ཉན་ཅིང་བྱིན་ཆེ་བ་དང་༔ དེ་ལ་གར་གྱི་སྤྱི་གཙུག་ལྟར་ལེན་པ་དང་༔ སེམས་ཅན་གྱིས་ཀྱང་མིག་གི་འབྲས་བུ་ལྟར་མཐོང་བ་དང་༔ ཡིད་དུ་འོང་ཞིང་དགའ་བར་འགྱུར་བ་དང་༔ འཇིག་རྟེན་ཕྱི་མར་རིག་འཛིན་ཐམས་ཅད་ཀྱིས་མདུན་བསུ་སྟེ་ལྕང་ལོ་ཅན་གྱི་གནས་སུ་ཕྱིན་པར་སྐྱེ་བར་འགྱུར་རོ༔ ཞེས་དང་ཚོགས་ཕུལ་བའི་ཡོན་ཏན་ནི༔ རྒྱུ་དེ་ལ་བརྟེན་ནས་དམྱལ་བ་དང་བྱོལ་སོང་དང་ཡི་དྭགས་དང་གཤིན་རྗེའི་འཇིགས་རྟེན་ལ་སོགས་པའི་སྒོ་བཀག་སྟེ༔ རིམ་གྱིས་བླ་ན་མེད་པའི་ལམ་ལ་འགོད་པར་བྱེད་དོ༔ གང་གིས་མཚམས་མེད་པ་ལྔའི་ལས་བྱས་ཏེ༔ དམྱལ་བར་འགྲོ་ངེས་པ་ཡང་རྣལ་འབྱོར་ཚོགས་ཀྱི་གཞུང་བཞིན་དུ་ཕུལ་ན༔ མནར་མེད་པའི་དམྱལ་བའི་གནས་སུ་མི་ལྟུང་སྟེ་བདེ་འགྲོའི་གནས་སུ་སྐྱེ་བར་འགྱུར་རོ༔ གང་གི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཡང་གཞན་གྱིས་མི་བསྐང་སྟེ༔ རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཆེན་པོ་འདི་ཕུལ་ན་གང་ཕན་གདམས་ངག་འདིས་


CMR005_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་འགྱུར་རོ༔ གང་གིས་བར་དུ་གཅོད་པ་བསྒྲལ་བར་འདོད་ན་ཡང་༔ རྣལ་འབྱོར་ཚོགས་ཀྱི་མཆོད་པ་འདི་ཕུལ་ན་ཡིད་ལ་བསམ་པ་བཞིན་འགྲུབ་པར་འགྱུར་རོ༔ གང་གིས་འཇིག་རྟེན་འདིའི་བདེ་བ་དང་མཐུ་དབང་ཕུན་སུམ་ཚོགས་པར་འདོད་ན་ཡང་༔་རྣལ་འབྱོར་གྱི་ཚོགས་མཆོད་གཞུང་བཞིན་དུ་ཕུལ་ན་ཡང་གང་འདོད་དེ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ༔ རྣལ་འབྱོར་པའི་ཚོགས་རྒྱུད་ཆེན་པོ་ནས་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་གསུངས་པ་ཡང་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་ཡིན་ནོ༔ དེ་ཡང་ཡེ་ཤེས་རྔམ་གློག་འཁོར་ལོའི་མདོ་དང་༔ ཡོ་ག་རྩ་རྒྱུད་མ་ཧཱཏན་ཞེས་པའི་རྒྱུད་ཆེན་པོ་ལས༔ དཀྱིལ་འཁོར་འདི་ཡི་ཕན་ཡོན་གྱི་ལོ་རྒྱུས་མང་པོ་རྒྱ་ཆེར་གསུངས་པའི་ཚིག་བསྡུས་གོ་བདེ་བར་བཤད་ན༔ དེ་ཡང་དང་པོ་འོག་མིན་གྱི་གནས་སུ་དཔལ་ཀུན་ཏུ་བཟང་པོ་ལ༔ འཁོར་དཔག་ཏུ་མེད་པས་ཏིང་འཛིན་གྱི་མཆོད་ཚོགས་ཕུལ་བས་ཐམས་ཅད་ཆོས་སྐུར་སངས་རྒྱས་ཏེ༔ རྡོ་རྗེ་སེམས་དཔའ་ཡང་རྣལ་འབྱོར་གྱི་མཆོད་པ་ཕུལ་བས་སངས་རྒྱས་པས༔ འདི་དག་ཐམས་ཅད་ཚོགས་ཀྱི་མཆོད་པ་ལས་བྱུང་བའོ༔ ཞེས་གསུངས་ཤིང་དེ་འདོད་ཁམས་ལྷའི་གནས་སུ་ལྷའི་ལོངས་སྤྱོད་


CMR005_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཀྱིས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ལ་ཚོགས་མཆོད་རྒྱ་ཆེན་པོ་ཕུལ་བས་ལྷ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་མངོན་པར་རྫོགས་པར་སངས་རྒྱས་སོ༔ དེ་ནས་དྲང་སྲོང་རྣམས་ཀྱི་འབྱོར་བའི་ལོངས་སྤྱོད་སྣ་ཚོགས་པས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ་ཚོགས་མཆོད་ཕུལ་བས༔ དྲང་སྲོང་རྣམས་རིམ་གྱིས་མངོན་པར་རྫོགས་པར་སངས་རྒྱས་སོ༔ དེ་ནས་ཀླུའི་རྒྱལ་པོ་འཇོག་པོའི་གནས་སུ་ཀླུའི་རྒྱལ་པོ་འཇོག་པོ་དང་རྒྱ་མཚོའི་བུ་མོ་ལ་སོགས་པས་ཀླུའི་ལོངས་སྤྱོད་སྣ་ཚོགས་ཀྱིས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་བས༔ ཀླུ་རིགས་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ལུས་མ་བོར་བར་སངས་རྒྱས་སོ༔ དེ་ནས་ལས་འཕྲོ་སྨོན་ལམ་དང་ལྡན་པའི་མིའི་རྒྱལ་པོ་དང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་གསང་བ་ཞི་ཁྲོའི་དཀྱིལ་འཁོར་བཞེངས་ཏེ༔ མིའི་ལོངས་སྤྱོད་སྣ་ཚོགས་ཀྱིས་རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཆེན་པོ་ཕུལ་བས་འཕགས་པའི་ཞལ་མངོན་སུམ་དུ་མཐོང་སྟེ་ཚོམ་བུའི་གྲངས་བརྒྱ་སྟོང་ལ་སོགས་པ་ཕོ་མོ་བསམ་གྱིས་མི་ཁྱབ་པ་ལུས་མ་བོར་བར་མངོན་པར་རྫོགས་པར་སངས་རྒྱས་སོ༔ བྲམ་ཟེའི་བུ་གསལ་ལྡན་དང་དགེ་དང་ལྡན་པ་གཉིས་ཁ་ཆད་སྤར་


CMR005_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གསལ་ལྡན་གསང་སྔགས་ལ་དད་ནས་ཚོགས་ཀྱི་མཆོད་པ་རྒྱ་ཆེར་བྱས་པས་ཚེ་དེ་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱས་སོ༔ བྲམ་ཟེའི་བུ་གཅིག་ཤོས་དེ་ཉིད་རྒྱུའི་ཐེག་པ་ལ་དད་ནས་མཆོད་པ་དང་སྦྱིན་པ་རྒྱ་ཆེན་པོ་བྱས་པས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་དུ་མ་སྤྱད་ནས་མཐར་འབྲས་བུ་ཐོབ་བོ༔ ཡང་རྟོགས་པ་མཐོན་པོ་མེད་ན་ཡང་དབང་ལུང་ཐོབ་ཕྱག་ལེན་ཤེས་ནས་དཀྱིལ་འཁོར་བཤམས་ཤིང་མཆོད་ན་ཚེ་འདི་ཉིད་དུ་སངས་རྒྱས་མི་འཐོབ་ན་ཡང་༔ བསོད་ནམས་དཔག་ཏུ་མེད་ཅིང་ཚེ་རབས་ཐམས་ཅད་དུ་ལོངས་སྤྱོད་རྒྱ་ཆེན་པོ་ཐོབ་སྟེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ ཕལ་ཆེར་ལྟ་བ་དང་མི་ལྡན་པར་འབྱོར་པ་སྣ་ཚོགས་ཀྱིས་མཆོད་ཅིང་འབུལ་བར་བྱེད་ན་ཡང་དོན་མེད་པ་ནི་མ་ཡིན་ནོ༔ འབྱོར་པའི་ཚོགས་རྒྱས་པར་འགྱུར་བ་དང་༔ བསོད་ནམས་ཀྱི་ཚོགས་བསྐྱེད་པ་ཙམ་ལ༔ འདི་ཉིད་དུ་སངས་མི་རྒྱ་བ་ཡང་འབྱུང་ངོ་༔ ཞེས་བཀའ་སྩལ་ཏོ༔ དབང་ལུང་མ་ཐོབ་པ་དང་དམ་ཚིག་ཉམས་པ་རྣམས་ཀྱིས་འདི་ལྟ་བུའི་དཀྱིལ་འཁོར་བཤམས་ཤིང་ཚོགས་མཆོད་བྱས་ཀྱང་ཕན་ཡོན་མེད་དོ༔ ཚོགས་རྒྱུད་ཆེན་པོ་ལས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ དམ་ཚིག་འདི་དག་


CMR005_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་གྱུར་ན་ཚོགས་ཀྱི་མཆོད་པ་དང་ལོངས་སྤྱོད་རྫས་ཕུལ་ཡང་བཞེས་སུ་མི་གནང་ཞིང་མཉེས་པར་མི་འགྱུར་རོ༔ དེ་ཅིའི་ཕྱིར་ཞེ་ན༔ དེ་ལ་བསོད་ནམས་མེད་ཅིང་འབྲས་བུ་མི་འཐོབ་པའི་ཕྱིར་རོ༔ ཞེས་གསུངས་སོ༔ གལ་ཏེ་དཀྱིལ་འཁོར་འདི་ལ་མཆོད་པཆེན་པོ་མ་འབྱོར་ནའང་ཅི་འབྱོར་ཙམ་ཞིག་ཁ་འདེབས་ཙམ་ཞིག་བྱས་ཀྱང་བསམ་པའི་ཁྱད་པར་གྱི་ཕན་ཡོན་སྟོབས་ཆེ་སྟེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ ཕལ་ཆེར་ཁུངས་ཙམ་དང་འབྱོར་པ་མ་འཚོགས་པ་འབུལ་བ་དག་ཀྱང་ཡོད་ན་དམིགས་པའི་སྟོབས་ཙམ་དུ་འགྱུར་བ་ཡང་ཡོད་དོ༔ ཞེས་གསུངས་སོ༔ རྣལ་འབྱོར་པ་དམ་ཚིག་ལྟ་སྒོམ་ལྡན་པས་ཞི་ཁྲོའི་ཚོགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་པ་ལ་འབྱོར་ཚོགས་རྒྱས་པར་ཕུལ་བ་ལྟ་ཅི་སྨོས༔ འབྲེལ་བ་ཅུང་ཟད་ཙམ་བྱས་ན་ཡང་གཏན་དུ་མཆོད་པ་རྒྱ་ཆེན་པོ་ཕུལ་བ་དང་མཉམ་པར་གསུངས་ཏེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ གང་གི་དགོངས་པ་ལྷུན་གྱིས་གྲུབ་ཅིང་ལྟ་བ་དང་མན་ངག་དུ་མ་དང་ལྡན་པ་ལ་རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཕུལ་བ་ལྟ་ཅི་སྨོས་ཀྱི༔ སློབ་དཔོན་ཉིད་ལ་གོ་མ་ཏཱ་ར་ཡ་དྲངས་པ་ཡང་རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཆེན་པོ་ཕུལ་བ་དང་


CMR005_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བར་སྐལ་བ་མཉམ་པར་འགྱུར་རོ༔ དེ་ཅིའི་ཕྱིར་ཞེ་ན༔ དེ་སངས་རྒྱས་ཀྱི་རང་བཞིན་ཡིན་ནོ༔ ཞེས་གསུངས་སོ༔ དེ་ལྟར་དཀྱིལ་འཁོར་འདི་ལ་ཚོགས་དང་མཆོད་པ་ཕུལ་པའི་ཕན་ཡོན་ཆེ་བའི་དོན་ཇི་ལྟར་ཡིན་ཞེ་ན༔ སྟོན་པ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སངས་རྒྱས་རྣམས་ལ་བསེར་བ་དང་སྒྲིབ་པ་དང་སྐྱེམས་པ་དང་ལྷུང་བ་དང་ཆགས་པ་མི་མངའ་བ་ལགས་ན༔ དཔེར་ན་རྒྱལ་པོ་ཆེན་པོ་ལ་དཀོར་དང་ལོངས་སྤྱོད་ཀྱི་མི་བྲེལ་ཞིང་མི་འཕང་ན་ཡང་༔ འབངས་ལ་སོགས་པས་དཀོར་དང་ལོངས་སྤྱོད་ཕུལ་ན་འཕྲལ་གྱི་ཕན་པ་དང་ཡུན་གྱི་བདེ་བ་དང་བདག་ལ་ཡིད་དད་པ་ལ་སོགས་པ་དང་འདྲ་བར༔ སངས་རྒྱས་རྣམས་ལ་ཞེན་པ་མི་མངའ་ཡང་ཕྱི་རབས་ཀྱི་རྣལ་འབྱོར་པས་ཚོགས་མཆོད་པ་ཆེན་པོ་འབྱོར་པ་ཙམ་དཀོན་པ་བཙལ་མོས་པ་དང་དད་པས་ཕུལ་ན༔ འདི་དང་ཕ་རོལ་གཉིས་ཀ་བདེ་བ་ལ་སོགས་པ་མཛད་ཅིང་༔ ཆོས་ཉིད་ཀྱི་ལོངས་སྤྱོད་དགའ་བ་བདེ་བ་ཆེན་པོ་ད་ལྟ་ཉིད་དུ་འགྲུབ་པར་རྩོལ་བར་མཛད་པས༔ དེའི་ཕྱིར་འདོད་པའི་ཡོན་ཏན་ལྔ་པོ་གཞུང་བཞིན་བཤམས་པར་བྱ་སྟེ༔ ཞེས་གསུངས་སོ༔ ཡང་འདི་ལྟ་བུས་དཀྱིལ་འཁོར་ཆོ་ག་ཅི་ལྟ་བ་བཞིན་མི་ཤེས་པར་ཤེས་ལོས་


CMR005_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བསྐོར་ན་རང་ཉིད་ངན་སོང་དུ་ལྟུང་སྟེ༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ འདི་ལ་ཡིད་ཆེས་མེད་པར་གཡོ་སྒྱུས་ཚུལ་འཆོས་ན་ངན་འགྲོར་ལྟུང་སྟེ༔ སྔོན་རྣལ་འབྱོར་དུ་ཁས་ཆེ་བ་ཅིག་གིས་མི་ཤེས་བཞིན་དུ་ཚུལ་འཆོས་སུ་བཤད་པས༔ འཁོར་ལྔ་བརྒྱ་དོན་ལས་གོལ་ཞིང་ངན་འགྲོར་སོང་༔ འདི་དོན་རང་རང་གིས་མི་ཤེས་པས་གཞན་ཤེས་པ་ལ་སྨོད་ན་མནར་མེད་དུ་ལྟུང་སྟེ༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ རང་དོན་མི་ལྡན་པར་གཞན་དོན་དང་ལྡན་པ་སྨོད་ན་མནར་མེད་དུ་ལྟུང་སྟེ༔ སྔོན་དཔལ་བྱིན་བྱ་བས་རང་གིས་དོན་མ་རྟོགས་ནས་ངེས་པའི་རྣལ་འབྱོར་པ་ལ་སྨོད་ཅིང་རང་ལ་བསྟོད་པས༔ མནར་མེད་དུ་བསྐལ་པ་བཅུ་གཉིས་འཁྱམ་མོ༔ འདིའི་དབང་ལུང་མ་ཐོབ་པ་དང་༔ བསྐྱེད་རྫོགས་ཀྱི་མན་ངག་ལྟ་སྒོམ་ལྟ་ཅི་སྨོས༔ ཆོ་ག་ཕྱག་ལེན་ཙམ་ཡང་ངེས་མེད་པར་ཟང་ཟིང་ཚོལ་ཕྱིར་བྱེད་པ་ནི་སྔགས་ལོག་རྭ་ཏྲར་སྐྱེ་སྟེ༔ དཔལ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་དགེ་སློང་དྲི་མེད་སྤྱོད་ཀྱིས་མི་ཤེས་བཞིན་དུ་ཚུལ་འཆོས་ཀྱིས་བླ་མའི་ས་བཟུང་ནས༔ འཁོར་དགེ་སློང་འབུམ་དང་བཅས་པ་དྲེགས་པ་ཆེན་པོ་རྭ་ཏྲར་བསྐལ་


CMR005_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲངས་མེད་པར་སྐྱེས་སོ༔ ཡང་ཕྱོགས་རིས་ཀྱི་དབང་གིས་ཆགས་སྡང་བྱས་ཏེ་འདི་བཀག་ན་འབྱུང་པོ་ཤོ་གམ་ཅན་གྱི་རིགས་སུ་སྐྱེ་སྟེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་དགེ་སློང་ཞི་གནས་བྱ་བ་འཁོར་ལྔ་བརྒྱ་དང་བཅས་པ་དོན་མི་ཤེས་པར་ཀུན་གྱིས་བསྙེན་བཀུར་བ་ལ༔ དགེ་སློང་གྲོལ་བའི་བློ་གྲོས་ཞེས་བྱ་བ་དོན་དང་ལྡན་པ་ཞིག་བྱོན་ནས་ཡང་དག་པའི་དོན་སྟོན་པར་བཞེད་པ་ལ༔ དགེ་སློང་ཞི་གནས་ཀྱིས་ཕྱོགས་རིས་བྱས་ཏེ༔ བཤད་མ་བཅུགས་པས་འཁོར་ལྔ་བརྒྱ་དང་བཅས་པ་ལྟུང་སྟེ་ཤོ་གམ་ཅན་གྱི་རིགས་སུ་གྱུར་ཏོ༔ འདི་ལྟ་བུའི་དཀྱིལ་འཁོར་དང་མཆོད་པ་ལ་ཕྲག་དོག་གིས་འབར་ཤ་བྱས་ན་གནོད་སྦྱིན་ཁ་ལ་མེ་འབར་དུ་སྐྱེ་སྟེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་དགེ་སློང་ལྷས་བྱིན་བྱ་བས༔ རྣལ་འབྱོར་པ་མང་པོ་འཚོགས་ནས་དོན་དམ་གླེང་པ་ལ་མ་དགའ་ནས་ངན་སེམས་ཕྲག་དོག་སྐྱེས་ནས་བྱོལ་ཏེ༔ མི་སྙན་པ་བརྗོད་པོས་གནོད་སྦྱིན་ཁ་ལ་མེ་འབར་དུ་སྐྱེས་སོ༔ རང་ཉིད་ལ་ཉམས་ལེན་བསྐྱེད་རྫོགས་བཟང་པོ་ཡོད་ཀྱང་འདི་ལ་ཆགས་སྡང་བྱས་ན་སྲིན་པོར་སྐྱེས་ཏེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་དགེ་སློང་དེ་བྱིན་ཞེས་པས་སྔགས་སྤྱོད་ཅིང་ཆགས་


CMR005_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་བྱས་པས་འཁོར་སྟོང་དང་བཅས་པ་སྲིན་པོར་སྐྱེས་སོ༔ ཡང་རང་གིས་མི་ཤེས་གནད་ཀྱིས་འདི་ཤེས་པ་ལ་སྐུར་པ་བཏབ་ན་མནར་མེད་དུ་སྐྱེ་སྟེ༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་རྣལ་འབྱོར་པ་དོན་དང་ལྡན་པ་རྣམ་པར་དག་པའི་བློ་གྲོས་འཁོར་མང་པོ་སྐྱོང་བར༔ དོན་དང་མི་ལྡན་པ་མི་འཇིགས་བློ་གྲོས་བྱ་བ་འོང་སྟེ༔ ངན་སེམས་ཀྱིས་སྒྲོ་སྐུར་བཏབ་པས་མནར་མེད་དུ་ལྟུང་ནས༔ ལྕེ་ལ་ཐོང་གཤོལ་ལྔ་བརྒྱས་རྨོ་བར་གྱུར་ཏོ༔ ཡང་འདི་མི་ཤེས་པར་རྫུན་བྱས་ན་ཉེས་དམིགས་ཆེ་སྟེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་གསལ་འཛིན་མཚན་མའི་རྣལ་འབྱོར་ཅན་དོན་དམ་མ་རྟོགས་པར་རྣལ་འབྱོར་གྱི་ཚུལ་བཟུང་བས་ལོག་པའི་ལམ་ལ་ལྟུང་བར་གྱུར་ཏོ༔ ཞེས་གསུངས་སོ༔ དེ་བཞིན་དུ་བཀའ་བརྐུ་བ་ཞེས་བླ་མ་མི་བསྟེན་དབང་ལུང་མ་ཐོབ་པར་ཕྱག་ལེན་རྐུ་ཐབས་སུ་བྱས་ནས་རིགས་རུས་སོགས་ཀྱི་ང་རྒྱལ་གྱིས་འདི་བྱེད་པ་ནི་མུ་སྟེགས་དང་དུད་འགྲོར་སྐྱེ་སྟེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་དགེ་སློང་པྲ་མ་དེ་བྱ་བའི་ལྟ་སྤྱོད་པས་འཚོགས་པ་སྐྱོང་༔ བཀའ་བརྐུ་ཞིང་ཁྲོ་གཏུམ་སྡིག་པ་སྤྱོད་པས་མུ་སྟེགས་སྤྱོད་པའི་ཁམས་སུ་ལྟུང་


CMR005_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་༔ སྔོན་དྲང་སྲོང་པྲ་སེ་ན་བྱ་བ་དམ་ཚིག་ཉམས་དོན་ལ་རླུག་ཡང་ང་རྒྱལ་གྱིས་སྔགས་སྤྱོད་པས་འཁོར་བརྒྱ་དང་བཅས་པ་ཕག་ཏུ་སྐྱེས་སོ༔ ཞེས་གསུངས་སོ༔ ཡོན་བདག་གི་དཀྱིལ་འཁོར་ནི་ཡོན་བདག་བྱས་པ་ལ༔ ཉེ་དུ་དང་ཕྱག་ཚང་བ་རྣམས་ཀྱིས་སེར་སྣ་དང་ཕྲི་བ་བྱས་ན་ཡི་དྭགས་བྲེལ་ཕོངས་ཅན་དུ་སྐྱེ་སྟེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་རྣལ་འབྱོར་བདེ་ལྡན་འཁོར་འབུམ་དང་བཅས་པས་གསང་སྔགས་སྤྱོད་པར༔ བུ་མོ་བཟང་ལྡན་མ་བྱ་བའི་རྣལ་འབྱོར་མ་ཞིག་གིས་ཚོགས་སྦྱོར་བའི་གན་དུ་བཀོས་པས་ཡོ་བྱད་ལ་སེར་སྣ་གསོག་འཇོག་བྱས་པས་ཡི་དྭགས་ཁྱི་མགོ་ཅན་དུ་སྐྱེས་ནས་བྲེལ་ཕོངས་ཅན་དུ་གྱུར་ཏོ༔ ཞེས་གསུངས་སོ༔ དཀྱིལ་འཁོར་འདིའི་ལོ་རྒྱུས་ཕན་ཡོན་ཉེས་དམིགས་འདི་རྣམས་བཤད་ན་ཡང་ཕན་ཡོན་ཆེ་སྟེ༔ སྟོན་པ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ འདིའི་དོན་རྟོགས་ནས་གཞན་སྣོད་ལྡན་ལ་བསྟན་ཏེ་བཤད་དམ་བརྗོད་པས་ཆོས་ཀྱི་རྒྱལ་པོར་གྱུར་ཏེ༔ ང་ཉིད་དང་འདྲ་བར་འགྱུར་རོ༔ སྔོན་དྲང་སྲོང་རྣལ་འབྱོར་པ་ཀ་ལ་ཡ་ནས༔ དྲང་སྲོང་མང་པོ་ལ་འདིའི་དོན་བཤད་ཅིང་བཀྲོལ་བས༔ དྲང་སྲོང་མང་པོར་རིག་འཛིན་ཐོབ༔ སྟོན་པའི་དྲང་སྲོང་དེ་གསང་


CMR005_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཆོག་གི་བདག་པོར་འགྱུར་རོ༔ ཞེས་གསུངས་སོ༔ གསང་སྔགས་ཀྱི་ཆོས་གཞན་ནི་ཁྲོམ་ཆོས་སུ་མི་རུང་སྟེ༔ འདི་ནི་ཐམས་ཅད་ལ་བསྟན་རུང་བ་སྟེ༔ དཔལ་ཀུན་ཏུ་བཟང་པོའི་བཀའ༔ གང་གི་སྒྱུ་འཕྲུལ་ཞི་ཁྲོ་ཡི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན༔ ཉམས་ཆག་ཀུན་ཀྱང་བྱང་བར་འགྱུར༔ མཚམས་མེད་ལྔ་ཡི་སྡིག་ཀྱང་དག༔ ན་རཀ་གནས་ཀྱང་དོང་སྤྲུགས་ནས༔ རིག་འཛིན་རྒྱལ་བའི་ཞིང་དུ་དྲོངས༔ ཞེས་དང་༔ དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་ལན་གཅིག་རྣ་བར་ཐོས་ཀྱང་༔ ན་རཀ་ཆེན་པོར་མི་ལྟུང་ངོ་༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ འདི་ཐོས་གྲོལ་ཆེན་པོ་ཡིན་པས༔ མཚམས་མེད་ལྔ་བྱས་པའི་རྣ་ལམ་ན་ཐོས་ཀྱང་ངེས་པར་གྲོལ་བར་འགྱུར་རོ༔ དེའི་ཕྱིར་ཁྲོམ་ཆེན་པོའི་ནང་དུ་ཀླག་པར་བྱའོ༔ རྒྱ་ཆེར་སྤེལ་བར་བྱའོ༔ ནད་པ་ཐམས་ཅད་ཀྱི་སྔས་སུ་ཀླག་པར་བྱའོ༔ ཤི་བའི་རོ་ཐམས་ཅད་ཀྱི་སྔས་སུ་ཀློག་པར་བྱའོ༔ རྒྱ་ཆེར་སྤེལ་བར་བྱའོ༔ འདི་དང་འཕྲད་པ་ནི་སྐལ་བ་ཤིན་ཏུ་བཟང་བ་ཡིན་ནོ༔ ཚོགས་བསགས་ཤིང་སྒྲིབ་པ་བྱང་བ་མ་གཏོགས་པ་འདི་དང་འཕྲད་པར་དཀའོ༔ འདི་དང་འཕྲད་ནས་ལོག་ལྟ་མ་


CMR005_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ཁོ་ནས་གྲོལ་བར་འགྱུར་རོ༔ དེ་ཅིའི་ཕྱིར་ན་འདི་ལ་ཤིན་ཏུ་གཅེས་སྤྲས་བྱའོ༔ འདི་ནི་ཆོས་ཐམས་ཅད་ཀྱི་བཅུད་ཡིན་ནོ༔ ཞེས་དང་༔ སྒོམ་སྒྲུབ་བྱ་མི་དགོས་པའི་ཆོས༔ བལྟས་པས་གྲོལ་བ༔ ཐོས་པས་གྲོལ་བ༔ བཀླག་པས་གྲོལ་བའི་གདམས་པ་ཟབ་མོ༔ སྡིག་པོ་ཆེ་གསེང་ལམ་ལ་ཁྲིད་པའི་གདམས་པ་ཟབ་མོ་འདི༔ ཁྱི་བདུན་གྱི་བརྡས་ཀྱང་ཚིག་དང་ཐ་སྙེད་མ་བརྗེད་པར་བྱས་པས༔ འཆི་ཁ་སངས་རྒྱས་པའི་གདམས་ངག༔ དུས་གསུམ་གྱི་སངས་རྒྱས་ཀྱིས་བཙལ་ཡང་འདི་ལས་ཟབ་པའི་ཆོས་རྙེད་པར་མི་སྲིད་དོ༔ ཞེས་གསུངས་པ་ལྟར་ཡིན་པས༔ དད་གུས་ཀྱིས་འབྲེལ་པ་གང་ཐོགས་དང་དབང་ཞུ་བ་སོགས་མཛོད་ཅིག༔ ཅེས་པ་འདི་བདག་རཱ་ག་ཨ་སྱས་རྙིང་མའི་རྒྱུད་གཞུང་ཚད་ལྡན་རྣམས་ནས་བཏུས་ཏེ་སྦྱར་བ་ཡིན་པས་ཕྱི་རབས་ཀུན་ཡིད་ཆེས་པར་མཛོད་ཅིག༔ མངྒ་ལཾ། ཤུ་བྷཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ།next