Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
དཀྱིལ་འཁོར་ངོ་སྤྲོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཀྱིལ་འཁོར་ངོ་སྤྲོད།next

དཀྱིལ་འཁོར་ངོ་སྤྲོད།


CMR005_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འོ་རིགས་ཀྱི་བུ་བརྒྱུད་པ་དམ་ཚིག་དང་ལྡན་པ་རྣམས་དཀྱིལ་འཁོར་འདི་ལ་ལྟོས་ལ་ཉོན་ཅིག༔ སེམས་ཅན་དང་སངས་རྒྱས་རྒྱུད་གཅིག་པའི་རྟགས་སུ་དཀྱིལ་འཁོར་འཇམ་ཞིང་སྲུབ་མེད་པའོ༔ ཆོས་སྐུ་འགྱུར་བ་མེད་པའི་རྟགས་སུ་དཀྱིལ་འཁོར་གྱི་གཞི་མཐིང་ནག་ཏུ་ཡོད་པའོ༔ ལོངས་སྐུ་གསལ་ལ་མ་འགག་པའི་རྟགས་སུ༔ དཀྱིལ་འཁོར་ཁྲ་བོར་འདུག་པའོ༔ ཐུགས་རྗེ་སྤྲུལ་སྐུས་འགྲོ་དོན་མཛད་པའི༔ ཁ་དོག་མ་འདྲེས་སོ་སོར་གསལ་ཞིང་ཤར་བའོ༔ ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་དབུས་སུ་ཐིག་ལེ་མུ་ཁྱུད་ལྔ་ལྡན་དུ་ཡོད་པའོ༔་ཤར་ཕྱོགས་ཐམས་ཅད་དཀར་པོར་འདུག་པ་ནི༔ ཀ་ཤི་ཀ་ཤེལ་ལས་གྲུབ་པའི་རྟགས་སོ༔ ལྷོ་ཕྱོགས་ཐམས་ཅད་སེར་པོར་འདུག་པ་ནི༔ རིན་པོ་ཆེ་གསེར་ལས་གྲུབ་པའི་རྟགས་སོ༔ ནུབ་ཕྱོགས་ཐམས་ཅད་དམར་པོར་འདུག་པ་ནི༔ པདྨ་རཱ་ག་ལས་གྲུབ་པའི་རྟགས་སོ༔ བྱང་ཕྱོགས་ཐམས་ཅད་ལྗང་གུར་འདུག་པ་ནི༔ ཨིནྡྲ་ནཱི་ལ་ལས་གྲུབ་པའི་རྟགས་སོ༔ དབུས་ཕྱོགས་ཐམས་ཅད་མཐིང་ཀར་འདུག་པ་ནི༔ བཻཌཱུརྱ་ལས་གྲུབ་པའི་རྟགས་སོ༔ པདྨ་མུ་ཁྱུད་སུམ་ལྡན་གྱིས་བསྐོར་བ་ནི༔ སྐུ་གསུམ་འདུ་འབྲལ་མེད་པའི་རྟགས་སོ༔ ཚད་


CMR005_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་བཞི་དང་ལྡན་པའི་རྟགས་སུ་གྲུ་ཆད་བཞིར་འདུག་པའོ༔ ཆོས་སྐུ་སྐྱེ་བ་མེད་པའི་ཕོ་བྲང་དུ་འགྲོ་བའི་རྟགས་སུ༔ རྣམ་པར་ཐར་བའི་སྒོ་བཞི་རུ་འདུག་པའོ༔ ཡབ་ཡུམ་གཉིས་སུ་མེད་པའི་རྟགས་སུ༔ གྲུ་ཆད་མཛེས་ཚོན་དུ་འདུག་པའོ༔ ཞི་ཁྲོ་རིགས་ལྔའི་ཞིང་ཁམས་སོ་སོར་ཡོད་པའི་རྟགས་སུ༔ སྒོ་བཞི་ཕྱོགས་ཚོན་དུ་འདུག་པའོ༔ རིགས་ལྔའི་དགོངས་པ་འཁྱེར་བའི་རྟགས་སུ༔ པདྨ་རཱ་གའི་རྩིག་པ་ལྔ་རུ་འདུག་པའོ༔ རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་རྟགས་སུ༔ ལྷ་ཆེན་བརྒྱད་ཀྱི་ཀ་བ་བརྒྱད་དུ་འདུག་པའོ༔ རྣམ་ཤེས་ཡུལ་བརྒྱད་གནས་སུ་དག་པའི་རྟགས་སུ༔ རུས་སྦལ་བརྒྱད་ཀྱི་ཀ་གདན་དུ་ཡོད་པའོ༔ འཇིག་རྟེན་གྱི་ཚུལ་བརྒྱད་གནས་སུ་དག་པའི་རྟགས་སུ༔ ཆུ་སྲིན་གྱི་ཁ་རུ་རྡོ་རྗེ་བྱུང་བའོ༔ བཀྲ་ཤིས་ཡོན་ཏན་གྱི་རྟགས་བརྒྱད་དང་ལྡན་པའི་རྟགས་སུ༔ གཟའ་ཆེན་བརྒྱད་ཀྱི་ཀ་ཞུར་འདུག་པའོ༔ རྣམ་ཐར་ཆེན་པོ་བརྒྱད་དང་ལྡན་པའི་རྟགས་སུ༔ ཀ་རྒྱན་རྣམ་པ་བརྒྱད་དུ་ཡོད་པའོ༔ འབྱུང་བ་ཆེན་པོ་བཞི་གནས་སུ་དག་པའི་རྟགས་སུ༔ ལྷ་ཚངས་པའི་གདུང་མ་བཞི་རུ་འདུག་པའོ༔ ཉི་ཤུ་རྩ་བཞིའི་ཉོན་མོངས་པ་ཐམས་ཅད་གནས་ཡུལ་གཉིས་མེད་དུ་དག་


CMR005_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས་སུ༔ ལྷ་དང་ལྷ་བྲན་གྱི་དྲལ་ཕྱམ་བྱས་པའོ༔ ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་རྟགས་སུ༔ རིམ་པ་ལྔའི་ཐོག་ཕུབ་ནས་ཡོད་པའོ༔ ཐུགས་རྗེས་།སེམས་ཅན་ལ་རྒྱུན་དུ་གཟིགས་པའི་རྟགས་སུ༔ ཉི་ཟླའི་མཐོང་ཁུང་བཞིར་ཡོད་པའོ༔ ཐུགས་གཡོ་འགུལ་མེད་པའི་རྟགས་སུ༔ བདུད་རྩིའི་གར་སྦྱིན་གྱིས་སྦྱར་ནས་ཡོད་པའོ༔ འགྱུར་མེད་དོན་གྱི་དགོངས་པ་མཐའ་རུ་ཕྱིན་པའི་རྟགས་སུ༔ གནམ་ལྕགས་ཁྲོ་ཆུའི་འཛེར་གྱིས་གདབ་ནས་ཡོད་པའོ༔ འདོད་པའི་ཡོན་ཏན་ལྔ་མི་སྤང་བའི་རྟགས་སུ༔ འདོད་ཡོན་གྱི་ལྷ་མོ་རྣམས་དམར་པོར་འདུག་པའོ༔ ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པའི་རྟགས་སུ༔ རིན་པོ་ཆེའི་ཕ་གུ་སེར་པོར་འདུག་པའོ༔ སྐྱོན་བྲལ་ཡོན་ཏན་ལྔ་དང་ལྡན་པའི་རྟགས་སུ༔ ད་རུ་ཀང་དམར་ལྗང་དུ་ཡོད་པའོ༔ བྱང་ཆུབ་ཀྱི་ཆོས་རྣམ་པར་དག་པའི་རྟགས་སུ༔ དྲ་བ་དང་དྲ་ཕྱེད་ཀྱིས་བརྒྱན་པའོ༔ མཚན་དང་དཔེ་བྱད་བརྒྱ་རྩ་བརྒྱད་དང་ལྡན་པའི་རྟགས་སུ། མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བའོ༔ དམ་པའི་ཆོས་མི་ནུབ་པའི་རྟགས་སུ༔ རྒྱལ་མཚན་བརྒྱད་དང་ལྡན་པའོ༔ ཉོན་མོངས་པའི་རྣམ་རྟོག་དབེན་པའི་རྟགས་སུ༔ རི་དྭགས་


CMR005_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཉིས་ཀྱིས་བརྒྱན་པའོ༔ སེམས་ཅན་ལ་ཆོས་སྟོན་པའི་རྟགས་སུ༔ ཆོས་ཀྱི་འཁོར་ལོ་བཞིས་མཚན་པའོ༔ བྱམས་པ་ཆེན་པོ་དང་ལྡན་པའི་རྟགས་སུ༔ རིན་པོ་ཆེའི་གདུགས་ཕུབ་ནས་ཡོད་པའོ༔ ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་རྟགས་སུ༔ དར་གྱི་ཆུན་འཕྱང་ཟུར་བཞི་དང་ལྡན་པའོ༔ རྣམ་རྟོག་འགྱུ་བ་དྲན་རིག་དང་བྲལ་བའི་རྟགས་སུ་རླུང་རྡོ་རྗེ་རྒྱ་གྲམ་ཕྱོགས་བཞིར་གསལ་བའོ༔ རྣམ་པར་ཤེས་པ་བརྒྱད་རང་སར་དག་པའི་རྟགས་སུ༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའོ༔ འགྲོ་བ་ཀུན་གྱི་དོན་བྱེད་ཅིང་བག་ཆགས་དྲི་མ་དྭངས་པའི་རྟགས་སུ༔ སྣ་ཚོགས་ཀྱི་པདྨས་བསྐོར་བའོ༔ ཆོས་ཉིད་སྐྱེ་འཇིག་དང་བྲལ་བའི་རྟགས་སུ༔ ཕྱི་རིམ་རྡོ་རྗེའི་རྭ་བས་བསྐོར་བའོ༔ ཕྱིན་ཅི་ལོག་པའི་རྣམ་རྟོག་ཐམས་ཅད་བསྲེག་པའི་རྟགས་སུ་སྣ་ཚོགས་མེ་རིས་བསྐོར་བའོ༔ དེའི་རྗེས་སུ་ལྷའི་སྣམ་དག་ངོ་སྤྲད་པ་ནི༔ དབུས་སུ་ཀུན་བཟང་ཡབ་ཡུམ་གཉིས་སུ་སྣང་བ་ཡིན་ཡང་༔ ཀ་དག་ལྷུན་གྲུབ་གཉིས་སུ་མེད་པས་ཐབས་དང་ཤེས་རབ་གཉིས་སྟོང་ངམ༔ ཡིད་ཆོས་གཉིས་རྣམ་པར་དག་པའི་རྟགས་སོ༔ རིགས་ཀྱི་ཡབ་ལྟར་སྣང་བ་འདི་ཡང་༔ ཕུང་པོ་ལྔ་རྣམ་པར་དག་པའི་


CMR005_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སོ༔ རིགས་ཀྱི་ཡུམ་ལྔར་སྣང་བ་འདི་ཡང་འབྱུང་བ་ལྔ་རྣམ་པར་དག་པའི་རྟགས་སོ༔ ཟུང་སྦྱོར་དུ་སྣང་བ་འདི་ཡང་༔ འཁོར་བ་ཟིལ་གྱིས་གནོན་ཅིང་སྐྱོན་གྱིས་མ་གོས་པ་བདེ་བ་ཆེན་པོར་གཅིག་པའི་རྟགས་སོ༔ སེམས་དཔའ་བརྒྱད་དུ་སྣང་བ་འདི་ཡང་རྣམ་ཤེས་ཚོགས་བརྒྱད་རྣམ་པར་དག་པའི་རྟགས་སོ༔ སེམས་མ་བརྒྱད་དུ་སྣང་བ་འདི་ཡང་༔ ཡུལ་བརྒྱད་རྣམ་པར་དག་པའི་རྟགས་སོ༔ ཐུབ་པ་དྲུག་ཏུ་སྣང་བ་འདི་ཡང་༔ འགྲོ་དྲུག་དབྱིངས་སུ་འདྲེན་ཞིང་ཉོན་མོངས་དྲུག་རྣམ་པར་དག་པའི་རྟགས་སོ་སྒོ་བ་ཡབ་ཡུམ་བརྒྱད་ཟུང་སྦྱོར་དུ་སྣང་བ་འདི་ཡང་༔ རྟག་ཆད་མུ་བཞི་རྣམ་པར་དག་ཅིང་ཚད་མེད་པ་བཞིས་འགྲོ་དོན་མཛད་པའི་རྟགས་སོ༔ དེ་དག་སོ་སོར་སྐུ་མདོག་ལྔར་སྣང་བ་འདི་ཡང་། ཉོན་མོངས་པ་ལྔ་མ་སྤང་གནས་སུ་དག་ཅིང་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པ་ལ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དགོངས་པ་འདུས་པའི་རྟགས་སོ༔ ཐམས་ཅད་སྐྱིལ་ཀྲུང་དུ་མཛད་པ་འདི་ཡང་༔ བདུད་ཀྱིས་ཡིད་མི་འཕྲོག་ཅིང་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་ལ་བཞུགས་པའི་རྟགས་སོ༔ རྒྱན་ཆ་སྣ་ཚོགས་པས་བརྒྱན་པ་འདི་ཡང་༔ ཡོན་ཏན་ཕུན་


CMR005_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པའི་རྟགས་སོ༔ རིག་སྟོང་༔ གསལ་སྟོང་༔ ཤར་སྟོང་༔ བདེ་སྟོང་༔ སྣང་སྟོང་ཟུང་འཇུག་གི་རྟགས་སུ༔ རིགས་ལྔའི་ཕྱག་མཚན་སོ་སོར་གསལ་བའོ༔ སྣང་སྲིད་ཐམས་ཅད་ཡེ་སྟོང་རྩ་བ་དང་བྲལ་བའི་རྟགས་སུ༔ འཁོར་རྣམས་ཀྱིས་ཕྱག་མཚན་འཛིན་པའོ༔ རིག་འཛིན་ཡབ་ཡུམ་བཅུ་ཟུང་སྦྱོར་དུ་སྣང་བ་འདི་ཡང་༔ བག་ཆགས་དབྱིངས་སུ་དག་པའི་རྟགས་སོ༔ སྐུ་མདོག་ལྔ་ལྡན་དཀར་སེར་དམར་ལྗང་དུ་སྣང་བ་འདི་ཡང་༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་འོད་ལྔ་ཁ་དོག་ལྔ་ལྡན་པའི་རྟགས་སོ༔ ཞལ་གཅིག་ནི་དུ་མ་རོ་གཅིག་གོ༔ སྤྱན་གསུམ་ནི་སྐུ་གསུམ་མོ༔ ཕྱག་གཉིས་ནི་ཐབས་དང་ཤེས་རབ་བོ༔ ཞབས་གཉིས་ནི་བདེན་གཉིས་ཟུང་འཇུག་གོ༔ བརྐྱང་བསྐུམ་ནི་སྲིད་ཞིའི་མཐའ་ལ་མི་གནས་པའོ༔ གྲི་གུག་དང་ཐོད་ཁྲག་ནི་ཤེས་རབ་དང་སྙིང་རྗེའི་རྟགས་སོ༔ ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གཉིས་སུ་སྣང་བ་འདི་ཡང་༔ མ་རིག་ཉོན་མོངས་མ་སྤང་གནས་སུ་དག་པའི་རྟགས་སོ༔ ཁྲག་འཐུང་གཙོ་བོ་ཡབ་ཡུམ་བཅུ་རུ་སྣང་བ་འདི་ཡང་༔ ཉོན་མོངས་དུག་ལྔའི་ཡུལ་ཆེན་མ་སྤང་གནས་སུ་དག་པའི་རྟགས་སོ༔ ཀེའུ་རི་བརྒྱུད་དུ་སྣང་བ་འདི་ཡང་༔ རྣམ་ཤེས་ཚོགས་བརྒྱད་


CMR005_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྤང་གནས་སུ་དག་པའི་རྟགས་སོ༔ སེང་ཧ་མ་བརྒྱད་དུ་སྣང་བ་འདི་ཡང་༔ ཡུལ་བརྒྱད་མ་སྤང་གནས་སུ་དག་པའི་རྟགས་སོ༔ སྒོ་མ་བཞི་རུ་སྣང་བ་འདི་ཡང་། སྐྱེ་གནས་བཞི་མ་སྤང་གནས་སུ་དག་པའི་རྟགས་སོ༔ དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དུ་སྣང་བ་འདི་ཡང་༔ ཉོན་མོངས་རྟོག་ཚོགས་ཉི་ཤུ་རྩ་བརྒྱད་མ་སྤང་གནས་སུ་དག་པའི་རྟགས་སོ༔ ཁྲག་འཐུང་གཙོ་འཁོར་འཇིགས་པའི་སྐུ་རུ་སྣང་བ་འདི་ཡང་༔ གདུལ་བྱ་ཞི་བས་མི་འདུལ་བའི་བདུད་དང་དགྲ་བགེགས་རྣམས་འདུལ་བའི་རྟགས་སོ༔ གར་གྱི་ཉམས་དགུ་མཛད་པ་འདི་ཡང་ཐེག་པ་རིམ་དགུ་ཡོངས་སུ་རྫོགས་པའི་རྟགས་སོ༔ དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ་འདི་ཡང་༔ བདུད་དང་མུ་སྟེགས་གདུག་པ་ཅན་རྣམས་འདུལ་བའི་རྟགས་སོ༔ མགོ་བརྙན་སྣ་ཚོགས་སུ་སྣང་བ་འདི་ཡང་སྤྲུལ་སྐུའི་མཛད་པ་ཅི་ཡང་མ་ངེས་པར་སྟོན་པའི་རྟགས་སོ༔ དེ་དག་ཕྱི་ལྟར་ན་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་སུ་ཡོད༔ ནང་ལྟར་ན་ཁྲག་འཐུང་གི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་དུ་ཡོད༔ གསང་བ་ལྟར་ན་མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་སུ་ཡོད༔ ཡང་གསང་ལྟར་ན་ལྷུན་གྲུབ་རྫོགས་ལྡན་གྱི་ལྷ་ཚོགས་སུ་ཡོད༔ བླ་མེད་ལྟར་ན་རིག་


CMR005_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐིག་ལེ་ཉག་གཅིག་གི་སྐུ་རུ་ཡོད༔ ངོ་བོ་འགྱུར་བ་མེད་པ་ཆོས་ཀྱི་སྐུ་རུ་ཡོད༔ རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་རུ་ཡོད༔ ཐུགས་རྗེ་རང་གྲོལ་དུ་ཡོད་པ་སྤྲུལ་པའི་སྐུ་རུ་ཡོད༔ ལྟ་སྒོམ་ཡིད་ཡུལ་དུ་གསལ་བ་ཟུང་འཇུག་གི་སྐུ་རུ་ཡོད༔ དེ་ནས་བུམ་པ་དང་རྒྱན་ངོ་སྤྲད་པ་ནི༔ འོ་རིགས་ཀྱི་བུ་དད་པ་རྣམས་ཉོན་ཅིག༔ ཆོས་སྐུ་སྤྲོས་དང་བྲལ་བའི་རྟགས་སུ༔ དབང་གི་བུམ་པ་ཟླུམ་པོར་འདུག་པའོ༔ ལོངས་སྐུ་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ༔ བུམ་པ་ཁ་དོག་ལྔ་ལྡན་དུ་འདུག་པའོ༔ ཐུགས་རྗེའི་སྤྲུལ་སྐུ་འོད་ཟེར་ཞི་ཁྲོའི་ཚུལ་དུ་ཡོད་པའི་རྟགས་སུ༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང་ལས་བྱས་པའོ༔ ནང་གི་རིག་པ་འགྱུར་བ་མེད་པའི་རྟགས་སུ་༔ གཟུངས་ཐག་གི་སྣེ་ལ་རྡོ་རྗེ་བཏགས་པའོ༔ ཉོན་མོངས་པ་ལྔ་སྣང་ཡུལ་དག་པའི་རྟགས་སུ༔ མགུལ་ཆིངས་ཁ་དོག་ལྔ་ལྡན་དུ་འདུག་པའོ༔ ཐུགས་རྗེས་འགྲོ་བ་གནས་ནས་འདྲེན་པའི་རྟགས་སུ་གཟུངས་ཐག་ལྔ་སྒྲིལ་དུ་ཡོད་པའོ༔ རང་གི་རིག་པ་ཡེ་ཤེས་ལ་དྲི་མ་མེད་པའི་རྟགས་སུ༔ ཤེལ་དཀར་དང་མེ་ལོང་གཉིས་ཀྱིས་བརྒྱན་པའོ༔ སྟོང་གསལ་མི་འགྱུར་མདངས་ལྔ་དང་ལྡན་པའི་རྟགས་སུ༔ རིན་པོ་


CMR005_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ལྔ་བུམ་སྙིང་དུ་ཡོད་པའོ༔ སྒྲོན་བཞི་མིག་ཡུལ་དུ་གསལ་བའི་རྟགས་སུ༔ རྨ་བྱའི་སྒྲོ་མདངས་གཟུགས་པའོ༔ རིག་པ་ལུ་གུ་རྒྱུད་དུ་གནས་པའི་རྟགས་སུ༔ རྒྱན་དྲྭ་བ་རིས་སུ་བྲིས་ནས་ཡོད་པའོ༔ སངས་རྒྱས་ཀྱི་བསྟན་པ་མི་ནུབ་པའི་རྟགས་སུ༔ རྒྱལ་མཚན་དང་བ་དན་ཕྱར་བའོ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཉེས་པར་བྱ་བའི་རྟགས་སུ༔ མཆོད་གཏོར་དང་ཚོགས་འཁོར་བཤམས་པའོ༔ རྒྱབ་བརྟེན་དཀོན་མཆོག་གསུམ་དང་མི་འབྲལ་བའི་རྟགས་སུ༔ ཡོལ་བ་དང་བླ་རེ་གཉིས་ཀྱིས་བརྒྱན་པའོ༔ བདུད་བཞི་ཟིལ་གྱིས་གནོན་པའི་རྟགས་སུ༔ གདན་ཁྲི་བཀོད་པ་དང་བཅས་པ་བརྩེགས་པའོ༔ ཉོན་མོངས་པའི་བག་ཆགས་དྲི་མས་མ་གོས་པའི་རྟགས་སུ༔ སྤར་གཡོབ་དང་རྡུལ་ཁག་གི་གཡོགས་ནས་ཡོད་པའོ༔ ཆོས་ཀྱི་སྒྲ་ཕྱོགས་བཅུར་སྒྲོགས་པའི་རྟགས་སུ༔ ལྷ་ཆ་རོལ་མོ་སྣ་ཚོགས་སུ་ཡོད་པའོ༔ ཐེག་པ་ཆེན་པོའི་ཆོས་རྒྱུན་མི་འཆད་པའི་རྟགས་སུ༔ སྨན་ཕུད་དང་རཀྟས་བྲན་ཞིང་གཏམས་པའོ༔ དབང་བསྐུར་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་རྟགས་སུ༔ མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ༔ དབང་བསྐུར་བྱིན་འབེབས་པའི་


CMR005_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སུ༔ བདག་རྡོ་རྗེ་སློབ་དཔོན་ཁྲི་ལ་བཞུགས་པའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདཀྱིལ་འཁོར་ངོ་སྤྲོད།next