Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ དབང་བཞི་འབྲེལ་ཚད་རང་གྲོལ་གྱི་དོན་བསྡུས༔ དབང་བཞིའི་དོན་དབང་ཐོབ་ཚད་རང་གྲོལ༔
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ དབང་བཞི་འབྲེལ་ཚད་རང་གྲོལ་གྱི་དོན་བསྡུས༔ དབང་བཞིའི་དོན་དབང་ཐོབ་ཚད་རང་གྲོལ༔ next

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ དབང་བཞི་འབྲེལ་ཚད་རང་གྲོལ་གྱི་དོན་བསྡུས༔ དབང་བཞིའི་དོན་དབང་ཐོབ་ཚད་རང་གྲོལ༔


CMR005_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ དབང་བཞི་འབྲེལ་ཚད་རང་གྲོལ་གྱི་དོན་བསྡུས༔ དབང་བཞིའི་དོན་དབང་ཐོབ་ཚད་རང་གྲོལ༔ འདི་ནི་དཔེ་མཁྱུད་མི་བྱ་ཀུན་ལ་སྤེལ༔ ཁྱེར་བདེ་ལ་ཕན་ཡོན་ཆེ་བ་ཡོད་ལགས༔


CMR005_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ནས༔ ཞི་ཁྲོའི་དབང་བཞི་འཕྲད་ཚད་རང་གྲོལ་གྱི༔ སྤྲོས་བཅས་བུམ་དབང་བསྐུར་ཐབས་བསྡུས་པ་བྲི༔ ཆོས་བདག་སྲུང་མས་བཀའ་གནང་བྱིན་གྱིས་རློབས༔ ཞི་ཁྲོ་བླུག་ཞོར་ཡིན་ན་རབ་ཡིན་ཞིང་༔ མིན་ན་དཀྱིལ་ཐང་མེད་ན་ཚོམ་བུ་དང་༔ བུམ་པ་གཏོར་མ་མཆོད་པ་རྣམ་ལྔ་བཤམས༔ ཞི་ཁྲོའི་ལས་བྱང་ཉུང་བ་ཚར་གཅིག་གིས༔ བདག་མདུན་བུམ་པ་གཏོར་མ་དུས་གཅིག་བསྐྱེད༔ བོ་དྷི་ཙིཏྟ་བསྙེན་པ་ཅི་འགྲུབ་བཟླས༔ ཁྲོམ་པ་ཡོད་ན་འཛབ་བསྙེན་འུར་འདོན་བཅུག༔ ལས་བུམ་ནང་དུ་བདུད་རྩི་འཁྱིལ་པ་བསྐྱེད༔ ཡང་ན་རྡོར་སེམས་གཙོ་རྐྱང་དྲན་རྫོགས་བསྒོམ༔ གང་ཡིན་སྔགས་དེ་ཅུང་ཟད་བཟླས་པས་འཐུས༔ སློབ་མ་


CMR005_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

འཚོགས་ནས་བགེགས་གཏོར་སྤྱི་ལྟར་བསྔོས༔ ལས་བྱང་ནང་ལྟར་བཀའ་བསྒོ་མཚམས་གཅོད་ནི༔ རྔ་དང་རོལ་མོ་དང་བཅས་ནས་ཀྱིས་བྲབ༔ དབང་བཤད་རྒྱས་བསྡུས་སྐབས་དང་བསྟུན་ལ་བྱ༔ ཉུང་ན་ཆབ་བཏང་མང་ན་མེ་ལོང་ངོས་ལ་ཁྲོམ་པ་འཆར་བར་བྱས་ལ་ལས་བུམ་གྱིས་ཁྲུས་བྱ་སྟེ༔ ཧཱུྃ༔ རྒྱུ་དྲུག་ནད་གདོན་སྒྲིབ་སྦྱོང་ཕྱིར་བུམ་ཆུ་བཀྲ་ཤིས་ཆུ་རྒྱུན་གྱིས༔ སྐལ་ལྡན་བུ་ཡི་སྒོ་གསུམ་བཀྲུ༔ མི་མཐུན་ཞི་ནས་སྣོད་རུང་ཤོག༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤུད་དྷོ་ཤུད་དྷེ་བི་ཤུདྡྷེ་སྭཱ་ཧཱ༔ ད་ཁྱེད་རྣམས་ཕོ་བྲང་གི་ཕྱི་སྒོ་ནས་གསོལ་བ་འདེབས་པའི་མོས་པས་རྗེས་ཟློས་མཛོད༔


CMR005_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ སྒོ་སྲུང་ཁྲོ་མོ་ཐམས་ཅད་གསོན༔ བདག་ཅག་འཁོར་བའི་སྡུག་བསྔལ་ལས༔ ཐར་ཕྱིར་དཀྱིལ་འཁོར་འདིར་འཇུག་པས༔ སྒོ་བས་སྒོ་ཕྱེས་ནང་གཏོང་འཚལ༔ རྟག་ཏུ་ཁྱེད་དྲིན་བདག་གིས་ཁུར༔ དེ་ལྟར་གསོལ་བ་བཏབ་པས་སྒོ་སྲུང་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱིས་མེ་རླུང་མཚོན་ཆ་འཚུབ་པའི་ཀློང་ན་ང་རོ་དྲག་པོ་དང་བཅས་ཏེ༔ ཧོ༔ ཁྱེད་ཅག་སྒོ་འདིར་འཇུག་པོ་ལ༔ དགེ་བཅུ་སྒྲུབ་ཅིང་མི་དགེ་སྤངས༔ དཀོན་མཆོག་གསུམ་པོ་ཡིད་ལ་གྱིས༔ ཁས་ལེན་མེད་རྣམས་ཕྱིར་དེངས་ཤིག༔ ཅེས་གསུངས་པའི་ལན་དུ་ཞུ་བ་འདིའི་རྗེས་ཟློས་མཛོད༔ བདག་ཅག་ཁྱེད་ཀྱི་བཀའ་བཞིན་བགྱི༔ དགེ་སྒྲུབ་སྡིག་སྤངས་སྐྱབས་སུ་འགྲོ༔ ངེས་པར་ནང་དུ་བཏང་དུ་གསོལ༔ ཅེས་བརྗོད་པས་ལས་ཀྱི་རྡོ་རྗེས་ཁྲིད་ནས་ཕོ་བྲང་གི་ནང་དུ་བསླེབས་ནས་བླ་མ་ལ་ཕྱག་དང་མཎྜལ་ཕུལ་བར་བསྒོམ་ལ༔ ས་གཞི་སྤོས་ཆུས་སོགས། དེ་ནས་སློབ་དཔོན་ལ་འདོད་དོན་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ཧོཿ ཁྱེད་ཞབས་བཀའ་དྲིན་སྤང་ནས་ནི༔ བདག་ནི་སྐྱབས་གཞན་མ་མཆིས་པས༔ བླ་མ་གཙོ་མཆོག་འགྲོ་བའི་མགོན༔ སློབ་མ་བདག་ལ་བསྐྱབ་ཏུ་གསོལ༔


CMR005_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གམ་གསུམ། བླ་མས༔ བདག་ལ་ཡོན་ཏན་ཚོགས་མཆིས་ཀྱི༔ ཁྱེད་རྣམས་ཅི་འདོད་གང་ཡིན་ཨང་༔ རྗེས་ཟློས་མཛོད༔ ཧོ༔ དུས་གསུམ་རྒྱལ་བའི་དགོངས་དྲིལ་བའི༔ ཐབས་ཤེས་དབྱེར་མེད་བདག་ཉིད་ཅན༔ གསང་སྔགས་ཐབས་ཀྱི་བདག་ཉིད་མཆོག༔ དབང་བཞི་རྫོགས་པར་བདག་ལ་སྩོལ༔ གཅིག་གམ་གསུམ༔ འོ་ན་སྡོམ་པ་གསུམ་ལ་བརྟེན་དགོས་པས་སྡོམ་པའི་གཞི་སྐྱབས་སུ་འགྲོ་བའི་སྡོམ་པ་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ན་མོ༔ རྣམ་མཁྱེན་གཙོ་བོ་དཀོན་མཆོག་གསུམ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཐར་པའི་ལམ་མཁན་དཀོན་མཆོག་གསུམ༔ ངན་སོང་དག་ལས་བསྐྱབ་ཏུ་གསོལ༔ མ་རིག་མུན་སེལ་དཀོན་མཆོག་གསུམ༔ མུན་པ་དག་ལས་བསྐྱབ་ཏུ་གསོལ༔ འགྲོ་བ་འདྲེན་མཛད་དཀོན་མཆོག་གསུམ༔ འགྲོ་དྲུག་དག་ལས་བསྐྱབ་ཏུ་གསོལ༔ འགྲོ་དྲུག་སྐྱབས་གནས་དཀོན་མཆོག་གསུམ༔ འཁོར་བའི་འདམ་ནས་དྲང་དུ་གསོལ༔ བར་ཆད་རྐྱེན་སེལ་དཀོན་མཆོག་གསུམ༔ འདི་ཕྱི་གཉིས་ལས་བསྐྱབ་ཏུ་གསོལ༔ དངོས་གྲུབ་ཆར་འབེབ་དཀོན་མཆོག་གསུམ༔ མཆོག་དང་ཐུན་མོང་དངོས་གྲུབ་


CMR005_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ༔ རང་ངོ་ཤེས་པར་བྱིན་གྱིས་རློབས༔ རང་རྒྱུད་གྲོལ་བར་མཛད་དུ་གསོལ༔ གཞན་སྣང་འདུལ་བར་བྱིན་གྱིས་རློབས༔ བདག་གཞན་སྨིན་པར་མཛད་དུ་གསོལ༔ ལན་གསུམ༔ མ་ལྕོག་ན་གཅིག་གི་ས་ཆོག་སྟེ༔ འོག་ནས་འབྱུང་བས་ཚར་གསུམ་དོན་ལ་འགྲོ་བར་ཡོད་པས་ཆོག་གོ༔ དེ་ནས་ཕྱི་ནང་གསང་བའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་རྗེས་ཟློས་མཛོད། ཀྱེ༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ བྱིན་རླབས་འབྱུང་བའི་བླ་མ་རྗེ༔ དངོས་གྲུབ་སྟེར་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་མ༔ བདག་སོགས་གུས་པས་སྐྱབས་སུ་མཆི༔ ཁྱབ་གདལ་ཆེན་པོ་ཆོས་ཀྱི་སྐུ༔ གསལ་མདངས་ཆེན་པོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ གསུམ་མམ་ཚིག་རྗེས་མ་ལན་གསུམ་གྱིས་འཐུས༔ འདུལ་བ་ནས་གསུངས་པའི་དགེ་སློང་དགེ་ཚུལ་སོགས་ཀྱི་སྡོམ་པ་ནི་མ་ཡིན་ཀྱང་༔ སོ་སོར་ཐར་པའི་དོན་བསྡུ་


CMR005_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ན༔ གཞན་ལ་གནོད་པ་གཞི་དང་བཅས་པ་སྤང་ན༔ སྐྲ་རིང་ཞིང་གོས་དཀར་ན་ཡང་དོན་གྱི་དགེ་སློང་ཡིན་པས༔ དེའི་སྡོམ་པ་ཞུ་བའི་ཕྱིར་རྗེས་ཟློས་མཛོད། བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་བསལ་ཞིང་དགེ་བ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་གསུམ༔ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས༔ སོ་སོར་ཐར་པའི་སྡོམ་པ་ལ༔ བདག་རྒྱུན་དུ་གནས་ཤིང་སྲུང་༔ ཚིག་རྗེས་མ་གསུམ༔ ད་བྱང་ཆུབ་སེམས་བསྐྱེད་བསམ་པ་གྱིས་ལ་རྗེས་ཟློས་མཛོད༔ ཧོ༔ དུས་གསུམ་བླ་མ་མཆོག་དགོངས་ཤིག༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ་མ་སྒྲལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་དགྲོལ་བ་དང་༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ཚིག་རྗེས་མ་གསུམ༔ དེ་ལྟར་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་བསམས་པས་འཇུག་པ་སེམས་བསྐྱེད་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ཧོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་


CMR005_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་སློབ་ཅིང་འཇུག༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ་ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང་༔ མ་གྲོལ་སྒྲོལ་དང་མ་བརྒལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ཚིག་རྗེས་མ་ལན་གསུམ༔ དེ་ལྟར་ཐེག་པ་ཐུན་མོང་པའི་སྡོམ་པ་བཟུང་ནས༔ གསང་སྔགས་རིག་འཛིན་གྱི་སྡོམ་པ་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ཧོ༔ དཀོན་མཆོག་གསུམ་བཟུང་མི་གཏོང་སྒྲུབ༔ བླ་མ་ཡི་དམ་མི་སྤང་ངོ་༔ སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ༔ ཡང་དག་སྙིང་པོའི་དོན་ལ་འཇུག༔ དམ་ཆོས་དཀོན་མཆོག་དམ་ཚིག་ཏུ༔ ཐེག་པ་གསུམ་རྣམས་ངོ་བོར་དྲིལ༔ དགེ་འདུན་དཀོན་མཆོག་དམ་ཚིག་ཏུ༔ རིག་པ་དྲི་མེད་དོན་ལ་ལྟ༔ བླ་མ་ཡི་དམ་དམ་ཚིག་ཏུ༔ རང་སེམས་གཙང་མ་དཔང་དུ་འཛུགས༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔་རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔


CMR005_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་འཆད༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཡིན༔ བདག་ནི་དཔལ་ཆེན་རིགས་མཆོག་ཆེ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྐྱབས་ཆེན་དཀོན་མཆོག་རྣམ་གསུམ་དང་༔ མི་འདའ་རྡོ་རྗེའི་དམ་ལ་གནས༔ ཡར་མཆོད་གུས་ཤིང་མར་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་བསྲུང་༔ རྩ་བཞི་ལ་སོགས་དམ་ཚིག་རྣམས༔ ནམ་ཡང་མི་འདའ་བཟུང་བར་བྱའོ༔ ཚིག་རྗེས་མ་གསུམ་བྱ༔ དེ་ནས་ཉུང་ན་རྡོ་རྗེ་སྤྱི་བོར་བཞག༔ མང་ན་ཕྱོགས་སུ་བསྟན་ཅིང་སྤྱི་བོར་བཞག་པར་བསྒོམ༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེ་ཡིན༔ སྐུ་ཡི་དམ་ཚིག་ལུས་ཀྱིས་སྲུངས༔ ཉམས་ན་ན་རཀ་དམྱལ་བར་ཚུད༔་བསྲུང་ན་སྐུ་ཡི་འགྲོ་དོན་ནུས༔ བདུད་རྩི་བུམ་ཆུ་བསྲེ་དུང་ཆོས་ཀྱིས་བླུད༔ མང་ན་སྲིན་ལག་གིས་གཏོར༔ དུང་ཆོས་བསྟན་ལ་བླུད་པར་བསྒོམ


CMR005_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ དེ་རིང་བདུད་རྩིའི་ཆུ་འདི་ཉིད༔ ཁྱོད་ཀྱི་ངག་ཏུ་བླུད་པར་བྱ༔ གསུང་གི་དམ་ཚིག་ངག་གིས་བསྲུང་༔ ཉམས་ན་བྱོལ་སོང་གནས་སུ་སྐྱེ༔ བསྲུང་ན་ཆོས་སྨྲའི་རྒྱལ་པོར་སྐྱེ༔ དེ་ནས་གཙོ་བོའི་སྐུ་མེ་ལོང་བསྟན་ལ་སྙིང་གར་བཞག་གམ་བཞག་པར་བསྒོམ་ལ༔ ཧཱུྃ༔ འདི་ནི་ཡེ་ཤེས་སེམས་དཔའ་སྟེ༔་ཐུགས་ཀྱི་དམ་ཚིག་ཡིད་ཀྱིས་སྲུངས༔ ཉམས་ན་སྨོ་འབོག་ཅན་དུ་སྐྱེ༔ བསྲུང་ན་ཆོས་སྐུ་གཉིས་ལྡན་ཐོབ༔ དེ་ནས་རྡོ་རྗེ་ལག་ཏུ་གཏད་པར་བསྒོམ་ལ་མིག་ལམ་དུ་ཕྱར༔ ལྕེ་ལ་བདུད་རྩི་བྱིན་པར་བསྒོམ་ལ་སྲིན་ལག་གིས་གཏོར༔ སྙིང་གར་དྲིའི་ཐིག་ལེ་བྱས་པར་བསྒོམ་ལ་བྲིས་པ་བསྟན༔ སྲིན་ལག་རྩེ་ལ་སྤོས་ཆུ་རེག་པ་བསྟན༔ དེ་ནས་སློབ་དཔོན་གྱིས་གོང་གི་དབང་རྫས་རྡོ་རྗེ་དང་མེ་ལོང་གཙོ་བོའི་སྐུ་དྲིའི་ཐིག་ལེ་བྲིས་པ་དམ་ཚིག་རྡོ་རྗེ་རྩེ་ལྔ་པ་དང་བཅས་པ་ཉུང་ན་མགོ་དང་མགྲིན་དང་སྙིང་གར་གཏུག༔ མང་ན་སྤྱི་བོར་འགྲིམ་ཞིང་མཆོད་གཡོགས་པས་བུམ་པ་ནས་དམ་ཆུ་བསྲེས་པ་འགྲིམ་ཞིང་བླུད་དོ༔ དེ་བྱེད་ཁ་དམ་བསྒྲག་ལ༔ ཧོ༔ བུ་ཁྱོད་འདི་ལྟར་སྲུང་བར་གྱིས༔ ཡབ་ཡུམ་སྐུ་ཡི་དམ་ཚིག་ཏུ༔ བློ་ཆེ་ཁོག་ཡངས་བསྐྱེད་པར་གྱིས༔ གསང་སྔགས་མི་འཆལ་ཤེས་པ་དང་༔ མཚན་མ་མི་འགོག་རིགས་མི་སྨད༔ རྡོ་རྗེ་སློབ་དཔོན་མལ་ཆ་དང་༔ ལྟ་སྤྱོད་ཕྱག་རྒྱ་ལ་སོགས་


CMR005_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ མ་གནང་བར་དུ་མི་སྤྱོད་ཅིང་༔ མོས་གུས་སྐུ་གསུང་ཐུགས་དམ་སྲུང་༔ སྤྱན་གྲོགས་ལྷན་ཅིག་འཐབ་རྩོད་སྤངས༔ ཁྱད་པར་དམན་པ་སྐྱོང་བར་གྱིས༔ དམ་ཚིག་དེ་དག་ཁས་ལེན་པའི་ཕྱིར་རྗེས་ཟློས་མཛོད༔ ཧོ༔ དཔའ་བོས་གསུངས་བཞིན་བདག་གིས་སྒྲུབ༔ སངས་རྒྱས་ཞིང་དུ་བསྒྲལ་བར་མཛོད༔ ཅེས་བརྗོད་རྗེས༔ གོང་གི་དམ་ཆུ་རྡོ་རྗེ་སོགས་ཀྱང་སྐབས་འདིར་འགྲིམ་མོ༔ སྐབས་འདིར་སྤྱིར་རྡུལ་ཚོན་མེད་ན་སྟ་གོན་མི་དགོས་མི་འབྱར་ཟེར་བ་དགེ་བཤེས་ཐམས་ཅད་གསུངས་མཐུན་ལ༔ ཁྱད་པར་སྒྲུབ་ཆེན་མིན་པའི་མགྱོགས་དབང་ལ་ནི་གཏན་ནས་སོ་ཤིང་དཔུང་སྐུད་སོགས་མི་འབྱར་ཞེས་བདག་གི་བླ་མ་གསར་རྙིང་གཉིས་ལ་མཁས་པ་རབ་འབྱམས་སྨྲ་བ་ངག་གི་དབང་པོས་བདག་ལ་ཞལ་ཁྲིད་མཛད་དོ༔ དེ་སྔོན་ཞི་ཁྲོའི་དཀྱིལ་འཁོར་མ་མཐོང་བ་དང་མ་རིག་པ་འགལ་བའི་བརྡ་ཆོས་སུ་མིག་དར་ཆིངས་ཞེས་མིག་དར་བཀྱེ༔ ད་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་མཎྜལ་ཕུལ་ས་གཞི་སྤོས་ཆུས་སོགས། རྗེས་ཟློས་མཛོད༔ ཀྱེ་ཧོ་འགྲོ་བའི་མགོན་པོ་བླ་མ་རྗེ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ དཀྱིལ་འཁོར་གཉན་པོར་གཞུག་ཏུ་གསོལ༔ རྗེས་མ་ལན་གསུམ༔ ད་དཀྱིལ་འཁོར་གྱི་སྒོ་སྲུང་ལ་གསོལ་བ་འདེབས་པའི་མོས་པས་


CMR005_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཟློས་མཛོད༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ན༔ ཉོན་མོངས་སྒྲིབ་པས་བཅད་ལགས་ན༔ སྒོ་བ་ཁྲོ་བོ་ཆེན་པོ་བཞི༔ སྒོ་མ་ཁྲོ་མོ་བཞི་རྣམས་ཀྱི༔ ཐབས་ཤེས་ཕྱག་རྒྱ་བཞི་པོ་ཡིས༔ ཡེ་ཤེས་བཞི་ཡི་སྒོ་ཕྱེས་ལ༔ བདག་ཅག་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ སྒོ་བཞི་ཕྱེས་ནས་བསྐོར་བ་ལན་གསུམ་བྱས་ཏེ༔ ཕྲིན་ལས་བཞི་སྒྲུབ་པའི་ཕྱིར་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་རྣམས་ལག་ཏུ་བྱིན་པས་དངོས་གྲུབ་བཞི་ཐོབ་པར་བསྒོམ༔ ཞེས་ཙཀྐི་བསྟན་ཙམ་བྱའོ༔ ཉུང་ན་ལག་ཏུ་བཞག༔ སློབ་དཔོན་གྱིས་རླུང་རོ་བུས་ཏེ༔ ད་ཁྱེད་རང་རྣམས་དཀྱིལ་འཁོར་ཤར་སྒོའི་ཁྱམས་སུ་གནས་པ༔ ལ༔ སློབ་དཔོན་ཀུན་བཟང་ཡབ་ཡུམ་འཁྲིལ་སྦྱོར་གྱི་ཤངས་ནས་རླུང་བྱུང་བས་ཁྱེད་རང་རྣམས་འོད་དུ་ཞུ་བ་རླུང་གིས་རྔུབ་སྟེ༔ ཤངས་བུག་གཡོན་ནས་ཞུགས༔ སྐུའི་དབྱིབས་བརྒྱུད༔ རྡོ་རྗེའི་སྦུབ་ནས་ཐོན༔ ཡུམ་གྱི་པདྨར་བབ་པས་སྲས་སུ་གྱུར་ཏེ༔ ཡུམ་གྱི་རྩིབ་མའི་གོ་བར་ནས་ཐོན་ནས༔ མདུན་གྱི་བར་སྣང་ལ་རིགས་ཐམས་ཅད་འདུས་པའི་ངོ་


CMR005_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་སྣང་ལ་རང་བཞིན་མེད་པར་གྱུར་ཏེ༔ དཀྱིལ་འཁོར་ཤར་སྒོའི་ཁྱམས་ལ་སེངྒེའི་ཁྲི་ལ་བཞུགས་པར་གྱུར་པའི་སྙིང་ནང་ན་སངས་རྒྱས་བཞི་བཅུ་རྩ་གཉིས་ཀླད་པ་དུང་ཁང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད༔ མགྲིན་པ་ནི་དག་པ་རིག་འཛིན་གྱི་ལྷ་ཚོགས་གསལ་བར་སྒོམས་ཤིག༔ ཧོ༔ བུ་ཁྱོད་དེང་ནས་རྒྱལ་བའི་སྲས༔ གསང་སྔགས་དབང་གི་སྣོད་ཡིན་ནོ༔ སྤྲོ་བ་དང་དགའ་བ་བསྐྱེད་ཅིག༔ ད་ཡེ་ཤེས་པ་དབབ་པའི་ཕྱིར་ཁྱེད་རང་རྣམས་བཞེངས་ནས་ཐལ་མོ་སྙིང་གར་སྦྱར་བའི་མོས་པ་གྱིས་ལ༔ སྐད་ཅིག་གིས་ཁྱེད་རང་རྣམས་རྡོ་རྗེ་ཕག་མོ་མཐིང་ནག་བུ་མོ་བཅུ་དྲུག་ལོན་པའི་ན་ཚོད་ཙམ༔ ནུ་མ་འབུར་ཞིང་བྷ་ག་རྒྱས་པ༔ དབུ་སྐྲ་ལྕང་ལོ་སིལ་བུ་བསིལ་བ༔ རུས་པའི་རྒྱན་དྲུག་གིས་སྤྲས་པ༔ ཕྱག་གཡས་ཅང་ཏེའུ་དང་གཡོན་དྲིལ་བུ་འཛིན་པ༔ སྐུ་གར་སྟབས་ཁྱུག་ཁྱུག་མཛད་པ་ཞིག་སྒོམས་ཤིག༔ གཞན་ཡང་མདུན་གྱི་ནམ་མཁའ་ནས་མར་ལ་འོག་མིན་ནས་རྩ་བ་གསུམ་གྱི་ལྷ་ཚོགས་དང་༔ ཁྱད་པར་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་


CMR005_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས༔ མཚོ་ལ་ཁ་བ་བབ་པ་ལྟར་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མིག་ཚུམ་ལ་སྒོམས་ཤིག༔ སྤོས་འགྲིམ་ལ་རྔ་རོལ་མོ་དང་བཅས༔ ཧཱུྃ༔ དཔལ་ལྡན་ནུབ་ཕྱོགས་ཨོ་རྒྱན་ཡུལ༔ དྷ་ན་ཀོ་ཤའི་མཚོ་གླིང་དུ་ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ལྷུན་གྲུབ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས༔ ཞི་ཁྲོའི་ལྷ་ཚོགས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཧེ་རུ་ཀ་ཡི་གནས་བཅུ་ནས༔ ལེགས་ཉེས་དམ་ཚིག་རྗེས་གཅོད་པའི་ཀེ་སེང་དབང་ཕྱུག་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀི་ནི་སིདྡྷི་ཧཱུྃ༔ བོ་དྷི་ཙིཏྟ་དང་༔ བཛྲ་ཨཱ་ཝེ་ཤ་ཡ་ཧཱུྃ༔ ཅེས་ཡུན་རིང་དུ་བརྗོད་ནས༔ ད་སེམས་མ་བཅོས་པར་རང་ལུགས་སུ་ལྷོད་ཀྱིས་ཀློད༔ ངོ་བོ་རྗེན་པའི་སྟེང་དུ་ཞོག་ཅིག༔ སྐལ་བ་དང་ལྡན་ན་སྐབས་འདིར་རྟོགས་པ་གཤའ་མ་ཞིག་སྐྱེ་བ་ཡིན་ནོ༔ ད་མེ་ཏོག་ཕྲེང་བ་འདི་ཚེ་རབས་ལས་ཀྱི་ལྷ་ལ་འབུལ་བསམ་པ་གྱིས་ལ་རྗེས་ཟློས་མཛོད༔ ཀྱེ་ཚེ་རབས་ཐོག་མེད་དུས་ཉིད་ནས༔ ཐ་མ་ད་ལ་ཐུག་གི་བར༔ བསྙེན་སྒྲུབ་བསྒོམ་


CMR005_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡི་དམ་ལྷ༔ གང་ཡིན་དེ་ལ་ཕོག་པར་ཤོག༔ མེ་ཏོག་གམ་ནས་དེ་དཀྱིལ་འཁོར་ལ་གཏོར༔ པྲ་ཏིཙྪ་ཧོ༔ རིགས་དང་མཐུན་པའི་མིང་ངམ༔ བཏགས་པའི་མིང་ནི༔ ད་ལམ་སྒྲིབ་པ་དག་པའི་རྟེན་འབྲེལ་དུ་མེ་ཏོག་དེ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་ཕོག་པའི་མོས་པ་གྱིས༔ སྐྱེས་པ་རྣམས་ལ་རྡོ་རྗེ་སེམས་དཔའ་བུད་མེད་རྣམས་ལ་རྡོ་རྗེ་སེམས་མའི་མིང་བཏགས་པ་ཡིན་པས༔ མ་བརྗེད་ན་དམྱལ་བ་ན་ཕྱིན་ན་ཡང་དེ་མ་ཐག་གསང་མཚན་བརྗོད་པས་ཐར་བ་དང་༔ མ་འོངས་པ་ན་མཚན་དེ་འདྲའི་སངས་རྒྱས་སུ་འགྱུར་བ་གསང་སྔགས་ཀྱི་ནུས་པ་ཡིན་གསུངས༔ ད་མ་རིག་པའི་སྒྲིབ་པ་དང་མིག་དར་ལྷན་ཅིག་ཏུ་བསལ་བར་སྒོམས་ཤིག༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ ཁྱོད་ཀྱི་མ་རིག་ལིང་ཏོག་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱའོ༔ ཨོཾ་བཛྲ་ཙཀྟ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་རྡོ་རྗེས་བཤུ་ཚུལ་བྱས་ལ་མིག་དར་བསྡུ་བཅུག༔ མཆོད་གཡོག་པས་ལྷ་ངོ་སྟོན་ཚུལ་བྱ༔ བདག་ནི་མ་རིག་མིག་འབྱེད་ཡིན༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ དེ་རིང་དཀྱིལ་འཁོར་འདི་མཐོང་བས༔ ཅོད་པན་བཟང་པོ་འདི་ཡང་ཐོགས༔ གསང་མཚན་གང་ཡིན་མ་བརྗེད་ཅིག་ཅེས་ཙམ་པ་ཀ་མིག་


CMR005_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་བསྟན་ནས་དབུ་བརྒྱན་པར་བཅུག་ལ༔ དབུ་རྒྱན་དུ་འགྲིམས་པས་འཐུས་སོ༔ འོ་རིགས་ཀྱི་བུ་མེ་རི་རྡོ་ར་དུར་ཁྲོད་བརྒྱད་ཀྱི་དབུས་ན་ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་ལ༔ ནང་ཐོད་པའི་གཞལ་ཡས་ཁང་ཞི་ཁྲོ་སྦྲག་མའི་དཀྱིལ་འཁོར་འདིའི་ནང་ཡ་ཀི་ན༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཀྱི་སྟེང་བར་སྣང་གི་ནང་དུ་ཞི་བའི་ལྷ་ཚོགས་དབུ་རྒྱན་གྱི་ཚུལ་དུ་བཞུགས་པ་དང་༔ ཕྱི་ཁྱམས་ལ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་སྤོར་བྱེད་ཆེན་པོ་བརྒྱད༔ རིག་འཛིན་དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པ་ལྟ་བུའི་ཞལ་མངོན་སུམ་མཐོང་བའི་མོས་པ་མཛོད་ལ་སྨོན་ལམ་འདིའི་རྗེས་ཟློས་མཛོད༔ ཀྱེ་མ་བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སྔངས་སྐྲག་འཇིགས་སྣང་སྤངས་པའི་འོད་ལམ་ལ༔ བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས༔ དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ དེས་དཀྱིལ་འཁོར་དུ་འཇུག་པ་སོང་ནས༔ དངོས་གཞི་དབང་ཞུ་བའི་ཕྱིར་འབྲུ་ལྔའི་མཎྜལ་ཕུལ༔ ས་གཞི་སྤོས་ཆུས་སོགས༔ རྗེས་ཟློས་མཛོད༔ ཀྱེ༔ མ་བླ་མ་རྡོ་རྗེ་འཛིན་པ་


CMR005_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ༔ བདག་ཅག་སྐལ་ལྡན་བུ་སློབ་ལ༔ དབང་བཞིའི་ཆུ་བོ་བསྐུར་དུ་གསོལ་བརྒྱུད་པའི་བབ་ཚུལ་གང་ལྟར་ལགས༔ ཞུས་པས༔ བུ་སློབ་ལས་ཅན་མ་ཡེངས་ཉོན༔ བླ་མེད་གསང་བའི་གདམས་ངག་འདི༔ སྣོད་མིན་རྣམས་ལ་བསྐུར་མི་རུང་༔ སྣོད་ལྡན་མོས་གུས་གདུང་ཤུགས་བསྐྱེད༔ འོ་ན་ཆོས་སྐུ་ཀུན་ཏུ་བཟང་པོ༔ དྲུག་པ་རྡོ་རྗེ་འཆང་ཆེན༔ སྟོན་པ་རྡོ་རྗེ་སེམས་དཔའི་རྣམས་གཅིག་གིས་གཅིག་ལ་དགོངས་པ་གཏད་པ་ཙམ་གྱིས་ཆོག་པས༔ རྒྱལ་བ་དགོངས་པའི་བརྒྱུད་པའོ༔་རིག་འཛིན་དགའ་རབ་རྡོ་རྗེ༔ གུ་རུ་ཤྲཱི་སེང་ཧ༔ འཆི་མེད་པདྨ་འབྱུང་གནས་གསུམ་ནི་གཅིག་ལ་གཅིག་བརྡ་བསྟན་པ་ཙམ་གྱིས་ཆོག་པས༔ རིག་འཛིན་བརྡའི་བརྒྱུད་པའོ༔ ཨོ་རྒྱན་རིན་པོ་ཆེས་དྭགས་པོ་གདལ་གྱི་རི་ལ་གཏེར་དུ་སྦས་ཤིང་སྨོན་ལམ་བཏབ་པས༔ ཅོག་རོ་ཀླུའི་རྒྱལ་མཚན་གྱི་སྐྱེ་བ་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་སྲས་པོ༔ གྲུབ་ཐོབ་ཀརྨ་གླིང་པ་ལ༔ ཡེ་ཤེས་མཚོ་རྒྱལ་ལ་སོགས་ཆོས་བདག་མཁའ་འགྲོས་ལུང་བསྟན་ཁ་བྱང་གཏད་པས༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་དང་༔ གཏེར་ནས་བཏོན་པས་གཏེར་ཆོས་སྨོན་ལམ་བརྒྱུད་པ་


CMR005_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ཡིན༔ དེ་ནས་ཐུགས་སྲས་ཉི་ཟླ་ཆོས་རྗེ༔ འགྲོ་མགོན་སཱུརྱ་ཙནྡྲ་གཉིས་ཀྱི་རིང་ལ་དབང་བཞི་འདི་གཅིག་བརྒྱུད་ལས་མེད་ཅིང་༔ མ་སྤེལ་བར་ཉམས་སུ་བླངས་ནས༔ གཏེར་སྒྲུབ་མཆོག་ཏུ་གྱུར་ནས་བྱིན་རླབས་དང་ལྡན་པས་ཐུགས་རྗེ་བྱིན་རླབས་བརྒྱུད་པ་ཡིན༔ དེ་ནས་ལུང་བསྟན་ལྟར་ལྷ་ལྕམ་གང་འབུམ་གྱི་སྐྱེ་བ་བཀའ་བབས་ཆོས་ཀྱི་རྒྱལ་མཚན་ལ་བཀའ་བབས༔ ལོ་དྲུག་ཉམས་སུ་བླངས་ནས་ཕྱག་ལེན་རྒྱས་བསྡུས་ཐམས་ཅད་གཏན་ལ་ཕབ་པས་བཀའ་བབས་དོན་གྱི་བརྒྱུད་པ་ཡིན༔ དེས་སྤྲུལ་སྐུ་ཐུགས་རྗེ་འོད་ཟེར༔ འཁྲུལ་ཞིག་བུདྡྷཱ་མངྒ་༔ དེས་རཏྣའི་གདུང་རྒྱུད་རིག་འཛིན་ཀུན་དགའ་གྲགས་པ༔ སྲས་ཀུན་དགའ་བསྟན་འཛིན་ནས༔ རིག་འཛིན་ཀརྨ་དོན་ཡོད༔ དེས་བདག་རཱ་ག་ཨ་སྱ་ལ་དབང་བཞི་འདི་ལན་གཉིས་གནང་སྟེ༔ ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས༔ མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ༔ ཚུལ་བཞིན་སུ་དང་སུ་ཡིས་ཉམས་བླངས་པ༔ ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པ་སྟེ༔ ཕྱི་རབས་ཀུན་གྱི་ཐེ་ཚོམ་ཡིད་གཉིས་སྤོངས༔ གུས་པས་བཀུར་སྟི་ཕུ་དུད་འབྲེལ་བ་ཐོགས་ཞེས་དང་༔ གསང་


CMR005_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཞུས་ལན་ལས༔ མ་འོངས་གཏེར་ལ་མོས་པའི་གང་ཟག་རྣམས༔ དེང་སང་གུ་རུའི་ཞལ་མཐོང་འབྲེལ་པ་ཐོགས༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་བསྒོམ༔ ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན༔ ཞེས་པ་ལྟར་བརྒྱུད་པའི་བླ་མ་རྣམས་ཐེ་ཚོམ་མེད་པར་གཏེར་ལ་མོས་ཤིང་ཚུལ་བཞིན་ཉམས་སུ་ལེན་པ་ཤ་སྟག་སྟེ། གང་ཟག་སྙན་ཁུང་བརྒྱུད་དང་བརྒྱུད་པ་དྲུག་དང་ལྡན་པ་ཡིན་ནོ༔ དེ་ལྟར་ཁུངས་བཙུན་པའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ཀྱེ་ཧོ༔ བླ་མ་འགྲོ་བའི་མགོན༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་ནས༔ བུམ་པའི་དབང་སྐུར་སྩལ་དུ་གསོལ༔ གསུམ་ཚུར་ཤོག་ཚུར་ཤོག་རིགས་ཀྱི་བུ༔ ད་ནི་བདག་གིས་ཁྱོད་སྨིན་བྱ༔ བདག་བསྐྱེད་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་སློབ་དཔོན་རྡོར་སེམས་དཀར་པོ་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་ཅིང་༔ སྐུ་ལ་ཞི་ཁྲོའི་ལྷ་ཚོགས་རྫོགས་པ་ཞིག་བྱོན་ནས་མདུན་བསྐྱེད་དཀྱིལ་འཁོར་ཤར་སྒོའི་ཕྱི་ཁྱམས་སེངྒེའི་ཁྲི་ལ་བཞུགས་ནས་དབང་གི་བྱ་བ་མཛད༔ དེའི་མདུན་དུ་ཁྱེད་རྣམས་ཀྱང་ཟླ་བའི་གདན་དབང་སྟེགས་ལ་འཁོད་


CMR005_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མོས་གུས་བྱས་པས༔ སློབ་དཔོན་གྱི་དབང་ཚིག་གསུང་པ་ཙམ་གྱིས་མདུན་བསྐྱེད་ལྷ་ཚོགས་བསྐུལ་བས་ཀུན་བཟང་རིགས་ལྔས་དབང་བསྐུར་བའི་དགོངས་པ་མཛད༔ ཡུམ་ལྔའི་ཐུགས་ཀ་ནས་མཁའ་འགྲོ་ལྔ་སྤྲུལ་ནས་བུམ་པ་དང་༔ དབང་རྫས་ཐོགས་ནས་བར་སྣང་ཁམས་སུ་རྒྱང་ངེ་བྱོན་པས་སྤྱི་བོ་ལ་སོགས་དབང་བསྐུར་བས༔ སེམས་དཔའ་སེམས་མ་བཅུ་དྲུག་གིས་བཀྲ་ཤིས་བརྗོད༔ ཁྲག་འཐུང་ཁྲོ་བོ་རྣམས་ཀྱིས་ཧཱུྃ་ཕཊ་ཀྱི་སྒྲས་བགེགས་བསྐྲད༔ དེ་ཡང་བུམ་པ་ལྔའམ་གཅིག་གི་ནང་དུ་རྡོར་སེམས་རིགས་ལྔ་ཞུ་བ་ཡེ་ཤེས་ལྔའི་ཆུས་ལུས་ཀྱི་གནས་ལྔའམ༔ སྤྱི་བོའི་གནས་ལྔར་དབང་བསྐུར་བར་སྒོམས་ཤིག༔ ཅེས་བརྡ་སྤྲད་ནས༔ ཉུང་ན་བུམ་པ་ལྔ་པོ་མགོ་བོའི་དབུས་དང་ཕྱོགས་བཞིར་རིམ་པར་བཞག་པ་རྒྱས་པའོ༔ བུམ་པ་ལྔ་ཚིག་བརྗོད་ཅིང་ཕྱུར་ཙམ་བྱས་ནས་ལན་ལྔར་སྤྱི་བོའི་གནས་ལྔར་བཞག་ཅིང་འགྲིམ་པ་དེ་ནི་འབྲིང་༔ ཁྲོམ་ལ་ནི་བུམ་པ་ལྔ་སོ་སོར་ཕྱར་ཙམ་བྱས་ལ་དུས་གཅིག་རེག་ཙམ་རེ་འགྲིམ་པས་བསྡུས་པ༔ བུམ་པ་ལྔ་ཕྱར་ཙམ་བྱས་ནས་རྗེས་བུམ་དབང་རྒྱས་པ་དང་དྲུག་ཀ་གཅིག་ཏུ་བསྡུས་ནས་འགྲིམ་པ་ཤིན་ཏུ་བསྡུས་པ་ཡིན་ནོ༔ བུམ་པ་གཅིག་བས་མེད་ན་གཅིག་པོ་དེ་བསྟན་ཝིག་བྱའོ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་


CMR005_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱུན་སྤྲུལ་པའི་སྐུ༔ རིན་ཆེན་ལྔ་ཡི་དབང་བསྐུར་བས༔ ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག༔ ཚིག་ལྷུག་མི་དགོས་དོན་ཚིགས་བཅད་ལ་ཚང་།བའོ༔ ཧཱུྃ་བཛྲ་དྷིཀ་ཚུ་དྷརྟ་ཤྭ་རི་ཧཱུཾ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ འདིར་རྡོར་སེམས་དབུས་སུ་བསྒོམ་པ་ན་རཀ་དོང་སྤྲུགས་དབང་དུ་ཡིན་ལ༔ རྣམ་སྣང་དབུས་སུ་བསྒོམ་ན་སྔགས་བརྗེ༔ སྤྱི་བོར་བཞག་པར་བྱའོ༔ ཁྲོམ་ལ་སོ་སོར་འགྲིམ་ན་སློབ་དཔོན་གྱི་རིགས་ལྔ་སོ་སོའི་ཡིག་བརྒྱ་འདོན༔ ཁྲོམ་ལ་རྡོར་སེམས་རིགས་ལྔ་སོ་སོའི་སྙིང་པོ་འབྲུ་དྲུག་འུར་འདོན་ཕྱག་ལེན་ཡིན་ནོ༔ དེ་ནས་ཤར་བུམ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་དབྱིངས་སྐུ༔ བུམ་ཆུ་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ སྨན་མཆོག་ལྔ་ཡི་དབང་བསྐུར་བས༔ དུག་ལྔའི་ནད་ལས་གྲོལ་བར་ཤོག༔ དཔྲལ་བར་བཞག༔ ཨོ་ཛི་ན་ཛིཀ༔ ལྭ་དྷ་སྟི་ཤྭ་རི་སིཾ༔ བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ ལྷོའི་བུམ་པ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ སྙིང་པོ་ལྔ་ཡི་དབང་བསྐུར་བས༔ རིགས་མཆོག་ལྔ་པོ་ཐོབ་པར་ཤོག༔ རྣ་ལྟག་གཡས༔ སྦ་རཏྣ་དྷིཀ༔ ཚྭ་མོ་ཧཱ་ར་ཏི་སིཾ༔ རཏྣ་ཨ་བྷི་ཥིཉྩ་སྭཱ༔ ནུབ་ཀྱི་


CMR005_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ འབྲུ་སྣ་ལྔ་ཡི་དབང་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ ཉི་ཤུ་རྩ་ལྔའི་དབང་ཐོབ་ཤོག༔ ལྟག་ཁུང་༔ ཨ་རོ་ལིཀྲ༔ པཱ་ར་ག་ར་ཏི་སིཾ༔ པདྨ་ཨ་བྷི་ཥིཉྩ་ཨཱཿ བྱང་བུམ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ དྲི་མཆོག་ལྔ་ཡི་དབང་བསྐུར་བས༔ ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ནས༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ཤོག༔ རྣ་ལྟག་གཡོན༔ ཧཱ་པྲཛྙཱ་དྷིཀྲ༔ ཧཱུཾ་བཛྲ་ར་ཏི་སྟེ༔ ཨ་བྷི་ཥིཉྩ་ཧཱ༔ ཅེས་བུམ་པ་ལྔ་ཡོད་ན་བུམ་ཆུ་གཙོ་བུམ་དུ་བསྡུ་ལ༔ འོ་དེ་ལྟར་རིགས་ལྔའི་དབང་བསྐུར་བས༔ དུག་ལྔའི་སྒྲིབ་པ་དག༔ འགྲོ་བ་ལམ་རྒྱུད་ལྔའི་སྐྱེ་སྒོ་ཆོད༔ ཕུང་པོ་ལྔ་གནས་འགྱུར༔ རིགས་ལྔའི་ས་བོན་བཞག༔ ཡེ་ཤེས་ལྔ་རྒྱུད་ལ་སྐྱེས༔ ཞིང་ཁམས་ལྔ་ལ་དབང་བསྒྱུར་བའི་སྐལ་བ་ཅན་དུ་བྱས་པའོ༔ ད་རྣམ་རྒྱལ་བུམ་པ་འདིའི་ནང་ན་དམ་པ་རིགས་བརྒྱ་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ ལུས་ཐམས་ཅད་གང་བར་


CMR005_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམས་ཤིག༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས༔ ཕྱི་ནང་གསང་བའི་དབང་མཆོག་རྣམས༔ སྐལ་ལྡན་རྣམས་ལ་ཕབ་ནས་ཀྱང་༔ ཕུང་ཁམས་ལྷ་དང་ལྷ་མོ་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག་ཨོ་ཨཱཧཱུྃ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཧཱུྃ་སྭཱ་ཧཱ༔ དམ་པ་རིགས་བརྒྱའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔་དབང་ལྡན་རྣམས་ལ་དབང་ཐིམ་པར་གྱུར་ཅིག་གསལ་བར་གྱུར་ཅིག༔ མཆེད་པར་གྱུར་ཅིག༔ འབར་བར་གྱུར་ཅིག༔ རྒྱས་པར་གྱུར་ཅིག༔ དབང་དུ་གྱུར་ཅིག༔ སྨིན་ཅིང་གྲོལ་བར་གྱུར་ཅིག༔་རིག་ཅིང་གྲོལ་བར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ མེ་ཏོག་གང་ལ་ཕོག་པའི་ལྷ་དང་དབྱེར་མེད་པར་སངས་རྒྱས་པར་གྱུར་ཅིག༔ འདི་ཡན་ཆད་བུམ་པ་དྲུག་སྟོན་ཙམ་བྱས་ནས་འདིར་ལན་གཅིག་སློབ་དཔོན་གྱིས་བུམ་པ་སྤྱི་བོར་འགྲིམ༔ བོདྷི་ཙིཏྟ་འདོན༔ མཆོད་གཡོག་པས་བུམ་ཆུ་བཀྱེ་བ་རང་གིས་འཐུས་སོ༔ ཁྲོམ་པ་ལ་བོདྷི་ཙིཏྟ་བསྐུལ༔ དེ་ནས་བཀྲ་ཤིས་གང་རུང་ཤོ་ལོ་ཀ་གཅིག་སྟེ༔ ཧྲི༔


CMR005_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འཆི་གཉིས་སྤང་ཚེ་ཡི་རིག་འཛིན་བརྙེས༔ པདྨ་འབྱུང་གནས་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ དེ་ནས་རིག་པའི་དབང་ལྔ་ཡང་སོ་སོར་སྟོན་ཙམ་བྱས་ནས་དུས་གཅིག་འགྲིམ་པས་ཆོག་སྟེ༔ བུམ་པ༔ ཧཱུྃ༔ སྐུ་གསུམ་དམ་ཚིག་ལས་བྱུང་ཞིང་༔ ཉོན་མོངས་ཞེ་སྡང་འཇོམས་མཛད་པ༔ ལྷ་ཡི་བདུད་རྩི་དག་པ་ཡི༔ མི་བསྐྱོད་པ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་དྷ་ར་ཨ་ནུ་ཛྷཱ་ན་ཨ་བྷི་ཥིཉྩ་མཱི༔ དབུ་རྒྱན༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རྒྱལ་སྲིད་དབང་༔ ང་རྒྱལ་རྟོག་པ་རྣམ་པར་འཇོམས༔ ཆགས་མེད་འབྱིན་པའི་དབུ་རྒྱན་འདིས༔ རྫོགས་སངས་རྒྱས་སུ་དབང་བསྐུར་རོ༔ སྦ་རཏྣ་ཛྷཱ་ན་སྭ་བྷ་ཝ་ཨ་བྷི་ཥིཉྩ་མཱི༔ རྡོ་རྗེ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་༔ མི་ཕྱེད་རྡོ་རྗེ་གསང་བ་ལས་འདོད་ཆགས་རྟོག་པ་རྣམ་པར་འཇོམས༔ རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ༔ ཧཱ་པདྨ་པྲཛྙཱ་ཛྷཱ་ན་ཨ་བྷི་ཥིཉྩམཾ༔ དྲིལ་བུ་ཧཱུྃ༔ ཐབས་དང་ཤེས་རབ་ལྡན་པ་ཡི༔ འགྲོ་དོན་མཉམ་ཉིད་དྲིལ་བུ་འདིས༔ ཕྲག་དོག་རྟོག་པ་རྣམ་པར་འཇོམས༔ གཉིས་སུ་མེད་པར་དབང་བསྐུར་རོ༔ ཧཱ་ཏིཥྛ་ཨཱ་ནུ་ཏེ་ཛྷཱ་ན་སཱ་ཏེ་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཱི༔


CMR005_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྣམ་སྣང་གི་ཙཀ་ལི་བསྟན་ལ༔ ཧཱུྃ༔ རྣམ་སྣང་མིང་གི་དབང་བསྐུར་བས༔ གཏི་མུག་རྟོག་པ་རྣམ་པར་འཇོམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པ༔ རྡོ་རྗེའི་མིང་དུ་།རབ་ཏུ་གྲགས༔ ཨོཾ་ཏྲི་ཙཀྲ་མ་ཏི་ཨ་མི་ཛྙཱ་ན་ཨ་བྷི་ཥིཉྩ་མཱི༔ ཅེས་དཔྲལ་བར་ཚད་ནས༔ འོ་ཁྱེད་རྣམས་ལ་བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་དང་༔ ཐུན་མོང་རིག་པའི་དབང་ལྔ་བསྐུར་བས༔ རྒྱུད་ཐམས་ཅད་ལ་བལྟ་བ་དང་ཉན་པར་དབང་བ་ཡིན་ནོ༔ དབུ་རྒྱན་ནང་དུ་བུམ་པ་གཙུག་ཁ་རྒྱན་ལ་རྣམ་སྣང་གི་སྐུ་བཙུགས་པ་རྡོ་རྗེ་དང་བཅས་པ་ལག་གཡས་པས་མགོ་ལ་བཞག་པ་དང་༔ རྡོར་དྲིལ་སྦྲེལ་བ་ལག་གཡོན་དུ་འཕྱང་བ་ལ་རེག་ཙམ་བྱེད་འཇུག་ཅིང་འགྲོ༔ བྷོ་དྷི་བསྐུར་འདོན་བྱ༔ མཆོད་གཡོག་གིས་བུམ་ཆུ་བའོ༔ ད་ལྷ་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ཀྱི་བླ་མ་རྡོ་རྗེ་འཛིན་པ་ཆེ་བདག་ཅག་སྐལ་ལྡན་བུ་རྣམས་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ ལྷ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ གསུམ༔ འོ་དེ་ལྟར་གསོལ་བ་བཏབ་པས༔ མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་རྣམས་ལ་རང་རང་གི་སྐུ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་རྣམས་རྡོར་སེམས་སུ་གསལ་བའི་ཐུགས་ཀར་ཞི་བ་དང་ཀླད་པར་ཁྲག་


CMR005_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་གི་ལྷ་ཚོགས་ལུས་ལྷའི་ཚུལ་དུ་བཞུགས་པ་ལ༔ དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་ཐིམ་པའི་ཚུལ་གྱིས་སོ་སོར་ཐིམ་པར་སྒོམས་ཤིག༔ འདིར་རྒྱས་པར་འདོད་ན་སྤྲོས་བཅས་བུམ་དབང་ཆེན་མོའི་ལྷ་དབང་ཡོངས་རྫོགས་གཞུང་ལྟར་བསྐུར་རོ༔ འབྲིང་པོར་འདོད་ན་དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ་གྱི་ལྷ་དབང་ཡོངས་རྫོགས་བསྐུར་ཏེ༔ དེ་གཉིས་གང་ལའང་བར་སྐབས་ཀྱི་ངོ་སྤྲོད་ཚིག་ལྷུག་མི་འབྱར་ཏེ༔ འདི་བསྡུས་པའི་སྐབས་ཡིན་པས་སོ༔ བསྡུས་པ་རང་འདོད་ན་ཞི་བའི་དབང་ཙཀ་དུས་གཅིག༔ ཁྲོ་བོའི་དབང་ཙཀ་དུས་གཅིག་བཞག༔ མེད་ན་ཀུན་བཟང་ཆེ་མཆོག་གཉིས་ཁོ་ནས་ཆོག་སྟེ༔ དེ་ཡང་རྒྱས་པར་བྱེད་ན་ཚན་པ་ཚན་པ་གཏོར་མ་ལ་བཙུག་པ་ཕྱག་ལེན་ནོ༔ བསྡུ་ན༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཞི་བའི་ལྷ་ཚོགས་དབང་བསྐུར་བས༔ ཕུང་ཁམས་སྐྱེ་མཆེད་གནས་དག་ནས༔ ཞི་བ་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་ཨཱཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱཏུ་ཨཱཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཧཱུྃ་ཧཱི༔ ཅེས་ཞི་བ་དང་༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲག་འཐུང་ལྷ་ཚོགས་དབང་བསྐུར་བས༔ ཉོན་མོངས་རྟོག་ཚོགས་གནས་དག་ནས༔ ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་


CMR005_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཁྲོ་བོ་དང་༔ འོ་སྐལ་ལྡན་རྣམས་ལ་ཞི་བའི་ལྷ་ཚོགས་དེ་རྣམས་ཀྱང་གུད་ན་མེད་དེ༔ རང་གི་ཕུང་པོ་ལྔ་རིགས་ལྔ༔ ཁམས་ལྔ་ཡུམ་ལྔ༔ ཚོགས་བརྒྱད་སེམས་དཔའ་བརྒྱད༔ ཡུལ་བརྒྱུད་སེམས་མ་བརྒྱད༔ དུག་ལྔ་སེར་སྣ་དང་དྲུག་ཐུབ་པ་དྲུག༔ རྟག་ཆད་མུ་བཞི་སྐྱེ་གནས་བཞི་སྒོ་བ་ཡབ་ཡུམ་བརྒྱད༔ ཉོན་མོངས་རྟོག་ཚོགས་རྣམས་ཁྲག་འཐུང་དྲུག་ཅུ་ཡེ་ནས་ཡིན་ཀྱང་དེ་དོན་མ་རྟོགས་པས་འཁོར་བར་འཁྱམས་པ་ཡིན༔ ད་ནི་དབང་བསྐུར་བས་རྒྱུད་སྨིན་ངོ་འཕྲོད་ནས༔ སྤྱིར་ཕྱི་ནང་སྣོད་བཅུད་ཐམས་ཅད་ཞི་ཁྲོའི་དཀྱིལ་འཁོར་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་བསྒོམ་པ་དང་༔ ཁྱད་པར་སྙིང་ག་ན་ཞི་བའི་ལྷ་ཚོགས༔ མགྲིན་པ་ན་རིག་འཛིན་ལྷ་ཚོགས་ཀླད་པ་ན་ཁྲག་འཐུང་གི་ལྷ་ཚོགས༔ རྩ་རླུང་ཐིག་ལེ་ལྷ་ཡི་དཀྱིལ་འཁོར་དུ་གསལ་ཐོབ་ལ༔ ཟ་འཐུང་རྣམས་ཚོགས་འཁོར་དང་༔ ཞྭ་གོས་རྣམས་རྒྱུན་དང་ན་བཟའ་རུ་སྒོམས་ཤིག༔ རླུང་འབྱུང་འཇུག་གནས་གསུམ་འབྲུ་གསུམ་རྡོ་རྗེའི་བཟླས་པར་ཤེས་པར་གྱིས་ཤིག༔ དེ་ནས་རང་ཉིད་འཆི་བའི་ཚེ༔ ཞི་ཁྲོའི་ལྷ་ཚོགས་རང་གི་ལུས་ལས་ཐོན་ནས་ནམ་མཁའ་བར་སྣང་


CMR005_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གང་བར་འཆར་བའི་ཚེ༔ སྒྲ་འོད་ཟེར་གསུམ་ལ་མ་འཇིགས་མ་སྐག་མ་སྔངས་བར་ད་ལྟ་དབང་བསྐུར་བའི་ཡི་དམ་ལྷ་འདི་རྣམས་ཡིན་པ་ངོ་ཤེས་པར་གྱིས་ཤིག༔ དེས་དག་པའི་ཞིང་ཁམས་སུ་བསུ་བར་ངེས་ཏེ༔ ཧེ་རུ་ཀའི་རྒྱུད་རྣམས་ནས༔ རྣལ་འབྱོར་པ་རྣམས་འཕོ་ཚེ་ཡང་དཔལ་ལྡན་ཁྲག་འཐུང་ལ་སོགས་པས༔ མེ་ཏོག་ལ་སོགས་ལག་ན་ཐོགས༔ འཆི་བ་ཞེས་བྱ་རྣམ་རྟོག་སྟེ༔ མཁའ་སྤྱོད་གནས་སུ་ཁྲིད་པར་འགྱུར༔ ཞེས་གསུངས་པ་དང་མཐུན་པ་ཡིན་ནོ༔ དེ་ནས་སྐབས་འདིར་མཆོག་དབང་གསུམ་བསྐུར་བ་ཡིན་ཀྱང་༔ རྒྱས་པ་ནི་ཐོད་པ་ལྔ་སོགས་ཆེས་དཀའ་བ་དང་༔ ཚོགས་བརྒྱ་མང་པོ་སོགས་བཀའ་རྒྱ་དམ་པས༔ སུ་ཡིན་ལ་བསྐུར་ན་རང་ཡང་གསང་དམ་ཉམས་པས་ལྟུང་བར་འགྱུར་བས་སྤྲོས་པ་སྐྱུངས༔ འདིར་མཆོག་དབང་བསྡུས་པ་ཙམ་འདི་ཡང་ཁྲོམ་ཉོབ་ལ་མི་རུང་གསང་སྒྲོག་གི་ལྟུང་བ་དང་བཀའ་སྲུང་གི་ཕྲག་དོག་འབྱུང་༔ བཙུན་པ་དང་ཞི་ཁྲོའི་ཉམས་ལེན་མཁན་དང་༔ མི་ནག་ཡིན་རུང་བག་ཆགས་རང་གྲོལ་ཆག་མེད་བྱེད་པ་རྣམས་ལ་འདི་མ་ཐོབ་ན་དབང་མི་ཚང་བས་གལ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་དང་༔ ནད་པ་འཆི་ཁ་ལ་བསྐུར་ཡང་དམ་ཚིག་ཆག་ལོང་མེད་ཅིང་དབང་ཚང་ཕྱིར་ཕན་ཡོན་ཤིན་ཏུ་ཆེའོ༔ དབང་རྫས་ལ་བྷནྡྷ་བདུད་རྩི་མེ་ལོང་ཤེལ་སོགས་དང་པོ་ནས་བཤམས་ལ༔ བསྙེན་པའི་སྐབས་སུ་ཡབ་ཡུམ་སྦྱོར་


CMR005_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མཚམསས་ནས་བྱང་སེམས་བྷནྡྷའི་བདུད་རྩི་ལ་ཐིམ་པར་བསྒོམས་པས་འཐུས་སོ༔ མིག་དོར་བཀབ་པ་ཕྱེ་བའི་ཚུལ་ཙམ་གྲུབ་ན་ལེགས་སོ༔ ད་བླ་མ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་འགྲམ་དུ་ལྷོ་སྒོ་ལ་བྱོན་ནས་སེང་ཁྲི་ལ་བཞུགས་པ་ལ༔ གསོལ་བ་འདེབས་པར་བསྒོམ་ལ་རྗེས་ཟློས་མཛོད༔ ཀྱཻ་ཧོཿ བླ་མ་སངས་རྒྱས་འགྲོ་བའི་མགོན༔ བདག་སོགས་སྐལ་ལྡན་བུ་སློབ་ལ༔ དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་སུ༔ གསང་བའི་དབང་མཆོག་བསྐུར་དུ་གསོལ༔ ཚིག་རྗེས་མ་ལན་གསུམ༔ འོ་ཐོད་པ་འདིའི་ནང་ན་ཀུན་བཟང་རིགས་ལྔ་ཆེ་མཆོག་རིགས་དྲུག་གི་བྱང་ཆུབ་ཀྱི་སེམས་བདུད་རྩི་དཀར་དམར་གྱི་རང་བཞིན་དེ་ཁྱེད་རང་གི་སྤྱི་བོར་བཞག་པས༔ ཐོད་པའི་ཚངས་བུག་ཏུ་ཞུགས༔ ལུས་ཀྱི་རྩ་འཁོར་ལོ་ལྔ་གང་བས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་དུ་བསྐྱེད་པར་སྒོམས་ཤིག༔ ཧོ༔ ཐོད་པ་མཚན་ལྡན་ཀ་པཱ་ལ༔ ཡེ་ཤེས་བདུད་རྩི་ལྔ་ལྡན་བཅུད༔ སྐལ་ལྡན་བུ་ཡི་ངག་ཏུ་བླུད༔ རྩ་གསུམ་འཁོར་ལོ་ལྔ་ལྡན་ནས༔ ཐིག་ལེ་རང་དབང་ཐོབ་པ་དང་༔ ཐོགས་མེད་བདེ་ཆེན་མཐར་ཕྱིན་ཤོག༔ བྷོ་དྷི་ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨོཾ༔ བདུད་རྩི་བླུད༔ དེས་ངག་གི་


CMR005_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་བྱང་༔ རྩ་རླུང་བསྒོམ་པར་དབང་༔ དབང་གི་ལས་འགྲུབ༔ ས་དགུ་པ་མན་ཆད་ནོན༔ འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་གྱུར་པས༔ ལུས་དཀྱིལ་མཐོང་བའི་མོས་པས་མིག་དར་ཁྲོལ༔ གཏང་རག་གི་མཎྜལ་ཕུལ༔ ས་གཞི་སོགས། ད་བླ་མ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་ནུབ་སྒོའི་འགྲམ་དུ་སེང་ཁྲི་ལ་བཞུགས་པ་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད༔ མིག་དར་གྱོན༔ ཀྱེ་ཧོ༔ བླ་མ་འགྲོ་བའི་མགོན༔ ཐུགས་རྗེ་ཆེན་པོས་བརྩེར་དགོངས་ལ༔ ཤེས་རབ་དབང་ཞིག་བསྐུར་བར་མཛོད༔ བདག་གི་ཤེས་རབ་རིག་མ་རྣམས༔ རིགས་ཀྱི་ཚད་ལྡན་བདེ་བ་བསྐྱེད༔ འདི་འབུལ་བཞེས་ལ་བདག་རྒྱུད་ཁྲོལ༔ ཞེས་ཌཱཀིའི་ཙཀྐི་ཡར་ཕུལ་བཅུག༔ ཧོཿ བདེ་བས་སེམས་བཟུང་སྟོང་པར་སྦྱངས༔ འབེབ་འདྲེན་བཀྲམ་ལྡོག་བཞི་ཡིས་བཟླུམ༔ འདི་ཉིད་བདེ་གཤེགས་བླ་མེད་མཆོག༔ ཕྲིན་ལས་འབྲས་བུ་ཨ་ལ་ལ༔ ཞེས་ཙཀྲི་གཏད་ལ་ལག་ཏུ་འགྲིམ་ནས༔ ཁྱེད་རང་རྣམས་སྐད་ཅིག་གིས་རྟ་ཕག་ཡབ་ཡུམ་འཁྲིལ་སྦྱོར་དུ་གྱུར་པས༔ སྤྱི་བོའི་ཧཾ་ལས་བྱང་སེམས་བབ་པས༔ རྩ་འཁོར་བཞི་རིམ་པར་གང་སྟེ༔ སྤྱི་བོ་དང་


CMR005_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་བབ་བས་དགའ་བ༔ སྙིང་གར་མཆོག་དགའ༔ ལྟེ་བར་དགའ་བྲལ༔ གསང་བར་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས༔ གྱེན་དུ་ལྡོག་ནས་ལུས་ཀུན་ཁྱབ་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་སྒོམས་ཤིག༔ དེ་གསང་བའི་དཀྱིལ་འཁོར་མཐོང་བའི་མོས་པས་མིག་དར་ཁྲོལ༔ དེས་ཡིད་སྒྲིབ་དག༔ ཡིད་རིག་ཡེ་ཤེས་ཕྱག་རྒྱ་སོགས་རྩ་རླུང་ཐིག་ལེ་སྒོམ་པར་དབང་༔ རྒྱས་པའི་ལས་ཐམས་ཅད་འགྲུབ༔ ས་བཅུ་པ་ཐོབ་ཅིང་འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པས་མཎྜལ་ཕུལ༔ ས་གཞི་སོགས། ཡང་བླ་མ་རྡོ་རྗེ་སེམས་དཔའ་བྱོན་ནས་དཀྱིལ་འཁོར་བྱང་གི་སྒོ་དྲུང་དུ་སེང་ཁྲི་ལ་བཞུགས་པ་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད༔ ཀྱེ་ཧོ༔ བླ་མ་སངས་རྒྱས་འགྲོ་བའི་མགོན༔ ཐུགས་རྗེས་བདག་ལ་དགོངས་མཛོད་ལ༔ སྙིང་པོའི་དོན་མཆོག་བྱ་བའི་ཕྱིར༔ རིན་ཆེན་གསེར་གཡུའི་མཎྜལ་འབུལ༔ ཡེ་ཤེས་ལྔ་པོ་ངོ་སྤྲོད་ལ༔ ཚིག་དབང་རིན་ཆེན་བདག་ལ་སྩོལ༔ འོ་ན་ཁྱེད་རྣམས་ལུས་རྣམ་སྣང་གི་ཆོས་བདུན་བཅས་ལ་ཤེལ་འདི་ལ་ལྟོས་ཤིག༔ ཤེལ་ཕྱར༔ བུ་ཁྱོད་ཐེག་པ་ཆེན་པོའི་སྣོད༔ འཁོར་བའི་


CMR005_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལས་སྒྲོལ་བའི་ཕྱིར༔ ཡང་དག་དོན་ལ་ད་ཞུགས་ཤིག༔ རིགས་ཀྱི་བུ་ཁྱོད་ཉོན་ཅིག༔ ཁྱོད་ལུས་བྱ་བ་དང་བྲལ་ལོ༔ ངག་བརྗོད་པ་དང་བྲལ་ལོ༔ སེམས་རྟོག་པ་དང་བྲལ་ལོ༔ རང་གི་རིག་པ་གཉིས་ཀྱི་འདུག་ཚུལ་འདི་ཤེལ་འདི་དང་འདྲ་སྟེ༔ ཤེལ་ཕྱི་ནང་མི་སྒྲིབ་པ་ལྟར༔ སེམས་ཉིད་ངོ་བོ་སྟོང་པ་ཉིད་དོ༔ ཤེལ་གདན་གར་བཞག་གི་ཁ་དོག་ཏུ་འགྱུར་བ་ལྟར་སེམས་ལ་ཅིར་ཡང་འཆར་རོ༔ ཤེལ་ཁ་དོག་སྣ་ཚོགས་སུ་འགྱུར་ཡང་ཤེལ་དང་དབྱེར་མེད་པ་ལྟར༔ སེམས་ལ་ཅིར་ཤར་ཡང་སྟོང་པ་ཉིད་དང་དབྱེར་མེད་དོ༔ ཤེལ་འདི་རྡོ་རྗེ་སེམས་དཔའི་ཐུགས་རྗེའི་འོད་ཟེར་གྱི་བྱིན་རླབས་ལས་བྱུང་བའི་ལོ་རྒྱུས་ལྟར་སེམས་ཉིད་འདི་ཡེ་ནས་ཆོས་སྐུའི་ངོ་བོར་གནས་སོ༔ རང་གི་སེམས་ཉིད་མ་ཡེངས་ཙམ་དུ་མ་བཅོས་རང་བབས་སུ་བཞག་པ་ནི་རྫོགས་པ་ཆེན་པོ་གཞི་ཁྲེགས་ཆོད་ཀྱི་ཉམས་ལེན་ཡིན་པས་དེང་ཕྱིན་ཆད་དེ་ལྟར་བསྒོམ་དུ་མེད་པའི་ངང་ལ་སྒོམས་ཤིག༔ ཤེལ་སྤྱི་བོར་བཞག༔ སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་མཐོང་བའི་བརྡར་མིག་དར་ཁྲོལ་ལ་མཎྜལ་ཕུལ༔ ད་ཁྱེད་རང་རྣམས་ལུས་གནད་ཙོག་པུར་སྡོད་ཅིག༔ སློབ་དཔོན་གྱི་ཤར་


CMR005_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་དཀྱིལ་འཁོར་ནས་རྡོ་རྗེ་ལུ་གུ་རྒྱུད་བྲིས་པ་བསྟན༔ ལྷོ་ནས་དབྱིངས་རྣམ་པར་དག་པའི་སྒྲོན་མའི་དཔེ་རྨ་བྱའི་མདོངས་བསྟན༔ ནུབ་ནས་མེ་ལོང་ལ་དཀྱིལ་འཁོར་ཤར་བ་བསྟན་ནས་ལྷ་སྐུ་འཆར་བའི་དཔེ༔ བྱང་ནས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལྔའི་གཟུགས་བརྙན་བསྟན་པས༔ རྫོགས་པ་ཆེན་པོའི་དོན་རྟོགས་པའི་མོས་པ་མཛོད༔ ཅེས་ཤེལ་དང་འཇའ་རིས་བྲིས་པ་འདོད་ཡོན་ལྔ་བྲིས་པ་རྨ་བྱའི་སྒྲོ་མེ་ལོང་རྡོ་དྲིལ་སོགས་དུས་གཅིག་ཕྱར་ནས༔ རྨ་བྱ་ལུག་རྒྱུད་ལག་ཏུ་ཕྱར༔ དཀྱིལ་འཁོར་ལ་སོགས་སྣང་བ་གཏད༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ ཀ་དག་རྩལ་དབང་ཐོབ་པར་ཤོག༔ བོ་དྷི་བརྗོད་ཅིང་སྤྱི་བོར་བཞག་བསྟན་པས་འཐུས༔ དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩམཾ༔ འོ་རིགས་ཀྱི་བུ་དག་ཙིཏྟ་ཤའི་སྒྲོན་མ་ན་ཞི་བའི་ལྷ་ཚོགས་བཞུགས་པའི་འོད༔ དཀར་འཇམ་རྩའི་སྒྲོན་མ་ནས་བརྒྱུད་དེ༔ རྒྱང་ཞག་ཆུའི་སྒྲོན་མ་ལ་བྱུང་ནས༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་ནམ་མཁར་གསལ་ཞིང་༔ དེ་ལ་ཐིག་ལེ་སྟོང་པའི་སྒྲོན་མ་ཉམས་སུ་བླངས་ནས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཞི་ཁྲོའི་ལྷ་ཚོགས་དངོས་སུ་འཆར་བར་འགྱུར་བའི་གདམས་པ་ཉམས་སུ་ལེན་རུང་བར་བྱས་པས༔ སྣང་


CMR005_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞི་མཐར་ཕྱིན་ནས༔ སངས་རྒྱས་གཞོན་ནུ་བུམ་སྐུའི་ཀློང་དུ་འཚང་རྒྱ་བ་དང་༔ དེ་བར་དུ་ཡང་ས་བཅུ་གཅིག་གམ་བཅུ་དྲུག་ཡེ་ཤེས་བླ་མའི་ས་ནོན་པའི་སྐལ་ལྡན་དུ་བྱས་པ་ཡིན་པས་མཎྜལ་ཕུལ༔ ས་གཞི་སྤོས་ཆུས་སོགས། དེ་ལྟར་མཆོག་དབང་བསྐུར་རམ་མ་བསྐུར་ཡང་རུང་སྟེ༔ དེ་ལྟར་དབང་རྒྱས་པར་བསྐུར་ཡང་གཏོར་དབང་མ་བསྐུར་ན་དངོས་གྲུབ་ཕྱིར་འགྱང་བར་གསུངས་པས༔ དམ་པ་རིགས་བརྒྱའི་དབང་ཐོབ་ཀྱང་རིག་འཛིན་དང་སྤོར་བྱེད་སོགས་ཀྱི་དབང་མ་འདུས་པས་གཏོར་དབང་ཞུ་བའི་དོན་དུ༔ གཏོར་མ་འདི་ཉིད་ཞི་ཁྲོ་དམ་པ་རིགས་བརྒྱ་ལ་རིག་འཛིན་དཔའ་བོ་ཌཱཀི༔ རྩ་བརྒྱུད་བླ་མ༔ སྤོར་བྱེད་བརྒྱད༔ ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མའི་ཚོགས་སྤྲིན་འཁྲིགས་པ་ལྟར་སྤྱི་བོར་བྱོན་ནས་བླ་མ་རིག་འཛིན་ཐམས་ཅད་སྤྱི་བོར་ཐིམ༔ བདེ་གཤེགས་ཡི་དམ་ཐམས་ཅད་མགྲིན་པར་ཐིམ༔ མ་རྒྱུད་ཌཱཀི་ཐམས་ཅད་སྙིང་གར་ཐིམ༔ གཏེར་བདག་ནོར་ལྷ་ཐམས་ཅད་ལྟེ་བར་ཐིམ༔ བཀའ་སྲུང་གཏེར་སྲུང་རྣམས་ཀྱིས་སྤུན་དང་གྲོགས་སུ་དགོངས་པར་གྱུར་སྙམ་པས་མོས་པ་རྩེ་གཅིག་ཏུ་མཛོད༔ ཨོཾ་ཨཱཧཱུྃ༔ དབྱིངས་རིག་དབྱེར་མེད་གཏོར་གཞོང་དུ༔ གསལ་


CMR005_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དབྱེར་མེད་རྩ་གསུམ་བཞུགས༔ རིག་རྩལ་དབྱེར་མེད་སྲུང་མས་བསྐོར༔ དབང་མཆོག་དམ་པ་འདི་བསྐུར་བས༔ ལྷུན་གྲུབ་རང་དབང་ཐོབ་པར་ཤོག། ཨོ་ཨཱཧཱུྃ་གུ་རུ་དྷེ་ཝ་ཌཱཀི་ནཱི་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ༔ ལོངས་སྐུ་རིགས་ལྔ་ཡབ་ཡུམ༔ སེམས་དཔའ་ཡབ་ཡུམ་བཅུ་དྲུག༔ སྒོ་བ་ཡབ་ཡུམ་བརྒྱད༔ སྤྲུལ་སྐུ་ཐུབ་པ་དྲུག༔ ཁྲག་འཐུང་ཆེ་མཆོག་ཡབ་ཡུམ༔ ཀེ་སིང་ཕྲ་མེན་བཅུ་དྲུག༔ སྒོ་སྐྱོང་ཕྱག་རྒྱ་རྣམ་བཞི༔ ཐུབ་པ་ཁྲོས་པའི་སྤྱོར་བྱེད་བརྒྱད༔ རིག་འཛིན་ཡབ་ཡུམ་བཅུ༔ རིག་འཛིན་བརྒྱུད་པའི་བླ་མ༔ བཀའ་སྲུང་དབང་ཕྱུག་ཉེར་བརྒྱད༔ ལ་སོགས་པ་ཞི་ཁྲོ་རབ་འབྱམས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག༔ རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་བར་ཆད་ཐམས་ཅད་བསལ་དུ་གསོལ༔ སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ༔ ནད་ཐམས་ཅད་ཞི་བར་མཛད་དུ་གསོལ༔ གདོན་ཐམས་ཅད་བཟློག་པར་མཛད་དུ་གསོལ༔ ཚེ་བསྲིང་བར་མཛད་དུ་གསོལ༔ དཔལ་བསྐྱེད་པར་མཛད་དུ་གསོལ༔ དབང་ཐང་ཆེ་བར་མཛད་དུ་གསོལ༔ ལོངས་སྤྱོད་རྒྱས་པར་མཛད་དུ་


CMR005_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ བསོད་ནམས་འཕེལ་བར་མཛད་དུ་གསོལ༔ ཉམས་རྟོགས་སྐྱེ་བར་མཛད་དུ་གསོལ༔ ཚེ་འདིར་སྣང་བཞི་མཐར་ཕྱིན་པར་མཛད་དུ་གསོལ༔ དུས་ལ་བབ་པའི་ཚེ་འཆི་བ་ཆོས་སྐུར་ངོ་འཕྲོད་པར་མཛད་དུ་གསོལ༔་ཆོས་ཉིད་བར་དོ་རང་ངོ་འཕྲོད་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་མཛད་དུ་གསོལ། སྲིད་པ་བར་དོར་རིག་འཛིན་རྣམ་ཀྱིས་ལམ་སྣ་དྲངས་ནས༔ བདེ་ཆེན་དག་པའི་ཞིང་དུ་བརྫུས་སྐྱེས་སྤྲུལ་བའི་སྐུ་ཐོབ་པར་མཛད་དུ་གསོལ༔ ཅེས་བརྗོད་ཅིང་༔ བྷོ་དྷི་ཙིཏྟ་འདོན་ཅིང་གཏོར་མ་མགོ་ལ་འགྲིམ་སྟེ༔ རྒྱས་པར་ན་རེ་རེའི་མགོ་ཐོག་ཏུ་བྷོ་དྷི་ཚར་རེ་ལ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྦྱར་རོ༔ དེ་ནས་མཐའ་བརྟེན་རྒྱལ་སྲིད་སྣ་བདུན་དང་རྟགས་བརྒྱད་ནི་མི་དགོས་ཏེ་འདི་བསྡུས་པ་ཡིན་པས་མི་དགོས༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སོགས་ཀྱི་དོན་ནི་ཤིས་བརྗོད་ཡིན་པས་བཀྲ་ཤིས་ལ་འདུས་པས༔ ལས་བྱང་མང་ཉུང་གང་འདོད་ཀྱི་བཀྲ་ཤིས་བརྗོད་ནས་མེ་ཏོག་འཐོར༔ འོ་དེས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བཞི་འཕྲད་ཚད་རང་གྲོལ་ཞེས་བྱ་བ་ལེགས་པར་ཐོབ་པ་ཡིན་པས༔ དམ་ཚིག་ས་ཡ་འབུམ་སྡེ་གསུངས་ཀྱང་༔ བླ་མ་ཨོ་རྒྱན་དབྱེར་མེད་དུ་བསྒོམ་པ་དང་༔ ཡི་དམ་ཞི་ཁྲོ་ལུས་དཀྱིལ་ལུས་ལྷར་མོས་


CMR005_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པས༔ ཟ་འཐུང་ཐམས་ཅད་མཆོད་པར་དམིགས་པ་དང་༔ ངག་བཛྲ་གུ་རུའམ་བྷོ་དྷི་ཙིཏྟའམ༔ རིགས་དྲུག་སྐྱེ་སྒོ་ཆོད་པ་བཏགས་གྲོལ་སྙིང་པོ་འབྲུ་དྲུག་འཨཤསམཧཞེས་པ་དེ་ཅི་ནུས་འདོན་ཅིང་༔ མཐར་གྱི་རྟོགས་པ་ཇེ་མཐོ་ལ་སོང་བ་དང་རིམ་པར་དམ་ཚིག་ཐམས་ཅད་གཙང་མར་སྲུང་བསམ་པ་གྱིས་ལ༔ གཙོ་བོས་ཇི་ལྟར་སོགས༔ འོ་དེ་ལྟར་དབང་ཐོབ་ནས་ཉམས་སུ་བླངས་ན་རབ་ཚེ་འདི༔ འབྲིང་བར་དོར་སངས་རྒྱས༔ དབང་ཐོབ་ནས་ཉམས་སུ་མ་བླངས་ཀྱང་༔ དམ་ཚིག་མ་ཉམས་ན་སྐྱེ་བ་བདུན་ནས་སངས་རྒྱ་བར་གསར་རྙིང་གི་རྒྱུད་སྡེ་ཞལ་མཐུན་ཅིང་༔ ཁྱད་པར་དབང་བཞིའི་སྐབས་སྟ་གོན་སྐབས་ནས༔ ཨོ་རྒྱན་རིན་པོ་ཆེས༔ འོ་ཁྱེད་དེ་སྔ་ཕན་ཆད་དཀྱིལ་འཁོར་འདི་འདྲ་བ་མི་མཐོང་བས༔ ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་ཡིན༔ དེ་སྔ་ཕན་ཆད་ཤིན་ཏུ་ཅོལ་ཆུང་༔ མི་ཚེ་སྟོང་ཟད་བྱས་པ་དོན་མེད་དུ་སོང་༔ ད་ནི་དཀྱིལ་འཁོར་འདི་ལྟ་བུ་དང་མཇལ༔ ད་ལྟ་ཤི་ཡང་བདེ་བ་ཆེན་པོ་ན་སངས་རྒྱས་པ་ཡིན་པས་སྤྲོ་བ་བསྐྱེད་མཛོད་གསུངས་ཏེ༔ དཀྱིལ་འཁོར་དུ་ཞུགས་པ་ཙམ་ལ་ཡང་ཕན་


CMR005_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་དེ་ལྟར་ན༔ ད་ལམ་དབང་ཡོངས་རྫོགས་ཐོབ་པ་ལ་སྨོས་ཅི་དགོས༔ དེས་ན་ཡིད་དགའ་བ་བསྒོམ་ལ་མཎྜལ་ཕུལ༔ ས་གཞི་སྤོས་ཆུས་སོགས། དེ་ནས་སློབ་མ་གྱེས༔ ཞི་ཁྲོ་བླུག་ཞོར་ཡིན་ན་གཞུང་ལྟར༔ མིན་ཀྱང་ལས་བྱང་ཆེ་ཆུང་གང་རུང་གི་ཚོགས་དང་ཆད་ཐོ་སོགས་རྗེས་ཚང་བར་བྱའོ༔ མདུན་བུམ་གྱི་དཀྱིལ་འཁོར་ལྷ་ཚོགས་གསལ་གདབ་ལ་བསྙེན་པ་ཅུང་ཟད་བྱས་ན་སློབ་དཔོན་རང་གི་ནུས་པ་མི་ཉམས༔ བུམ་ཆུ་བདུད་རྩི་ཡང་ལྕེ་ལ་བཞག་པར་བྱའོ༔ གོང་དུ་བདག་འཇུག་ཡང་མདུན་བུམ་ལྷའི་གནས་ལྔ་ནས་འོད་ཟེར་ཁ་དོག་ལྔ་རང་གི་གནས་ལྔར་ཐིམ་པར་བསྒོམ་ཞིང་བསྙེན་པ་བྱས་པས་འཐུས༔ གསར་མ་ལྟར་བདག་འཇུག་ལེན་སྲོལ་མེད་དོ༔ རྗེས་ནས་མདུན་བུམ་གྱི་ཡེ་ཤེས་པ་ཙཀ་ལི་སོགས་རྟེན་ལ་ཐིམ་པར་བསྒོམ་ཞིང་༔ བདག་བསྐྱེད་ཡེ་ཤེས་པ་ནམ་ཡང་མི་གཤེགས་པ་ནི་རྙིང་མའི་ཁྱད་ཆོས་སོ༔ ཨེ་མ་ཧོ༔ ཞི་ཁྲོ་དར་ཆ་ཆེ་ཞིང་གྲགས་ཆེ་ཡང་༔ དབང་བཞི་དཔེ་སྣ་མང་བས་གུང་འགྲིགས་དཀའ༔ སྒྲུབ་ཆེན་ཁོ་ནའི་ལུགས་སུ་གསུངས་པའི་ཕྱིར༔ དེ་ཡི་ནང་ནས་མགྱོགས་དབང་ཤབ་ཤེས་དཀའ༔ དེ་ཕྱིར་དབང་བཞི་ཐོབ་པ་ཤིན་ཏུ་ཉུང་༔་དེ་ལ་ཕན་ཕྱིར་སྤྱིལ་ཕུད་དགོན་པ་ནས༔ བླ་མ་ཆོས་སྨན་གཉིས་ཀྱིས་མཎྜལ་བཅས༔ གཉེར་པ་བརྫངས་ནས་དོན་ཆེན་བསྐུལ་བའི་ཕྱིར༔ ཕྱི་རབས་འགྲོ་ལ་ཕན་པའི་སེམས་བསྐྱེད་ཀྱིས་རཱ་ག་ཨ་སྱས་འཕྲལ་དུ་བྲིས་པ་ལ༔ ཉེས་འགལ་མཆིས་ན་ཆོས་བདག་རྣམས་ལ་བཤགས༔ དགེ་བས


CMR005_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དར་རྒྱས་ཆེར་འཕེལ་ནས༔ འགྲོ་ཀུན་ཀ་དག་ཀློང་དུ་གྲོལ་བར་ཤོག༔ མངྒ་ལཾ༔ ༈ འདིའི་དབང་རྒྱུན་ནི། ཆགས་མེད་རིན་པོ་ཆེ་ཡན་གོང་ལྟར་ལ། ཀུན་འགའ། དབང་འབྱུང་། སངས་རྒྱས། །ཐུབ་བསྟན་རབ་འཕེལ། ཀརྨ་ཉི་མ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ དབང་བཞི་འབྲེལ་ཚད་རང་གྲོལ་གྱི་དོན་བསྡུས༔ དབང་བཞིའི་དོན་དབང་ཐོབ་ཚད་རང་གྲོལ༔ next