Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞི་ཁྲོའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་གི་བཤད་པ།
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་གི་བཤད་པ།next

ཞི་ཁྲོའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་གི་བཤད་པ།


CMR005_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་གི་བཤད་པ་བཞུགས་སོ༔


CMR005_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལམ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བ་ཡིན་ཏེ༔ དེ་ཡང་སྔོན་འདས་པའི་བསྐལ་པ་བཟང་པོ་རྫོགས་ལྡན་གྱི་དུས་འཁོར་ལོས་བསྒྱུར་བའི་སྲས་མོ་བུད་མེད་ཀྱི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ༔ བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་ཉི་ཤུ་རྩ་བརྒྱད་ཡོད་པས༔ འཇིག་རྟེན་གྱི་ཁམས་ཀྱི་ལེགས་ཉེས་སྐྱིད་སྡུག་ལ་དབང་ཆེ་བའི་ལྷ་མོ་མཐུ་སྟོབས་ཅན་ཉི་ཤུ་རྩ་བརྒྱད་དུ་སྐྱེ་བའི་སྨོན་ལམ་རྒྱ་ཆེན་པོ་བཏབ་པས༔ ནམ་མཁའ་ལ་འཕགས་ཏེ་ཕྱི་ལྟར་འཇིག་རྟེན་གྱི་སྐྱིད་སྡུག་དབང་ཆེ་བའི་རྒྱུ་སྐར་གྱི་ལྷ་མོ་ཉི་ཤུ་རྩ་བརྒྱད་དུ་གྱུར་ཏེ༔ བར་སྣང་


CMR005_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རི་རབ་ལ་བསྐོར་ཞིང་༔ ཞག་དུས་ཚེས་གྲངས་ལ་དབང་བ༔ ནང་ལྟར་ན་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དུ་གྱུར་ནས་འཇིག་རྟེན་སྐྱོང་བ་རྣམས་ཀྱི་གྲོགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་སྲུང་མ་བྱེད་པ༔ གསང་བ་ལྟར་ན་མཁའ་འགྲོ་མ་ཉི་ཤུ་རྩ་བརྒྱད་དུ་གྱུར་ནས་ཕྱི་ཡི་གནས་ཆེན་དང་དུར་ཁྲོད་ཆེན་པོ༔ ནང་གི་རྩ་རླུང་ཐིག་ལེ་ལ་དབང་བྱེད་པར་གྱུར་ཏོ༔ དེ་ནས་དཔལ་ཆེ་མཆོག་རིགས་ལྔ་ལ་སོགས་པས་དམ་ལ་བཏགས་ནས༔ གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་དུ་དབང་བསྐུར༔ ཕྲིན་ལས་བཞི་དང་མངོན་སྤྱོད་ཀྱི་ཕྲིན་ལས༔ ཐོགས་པ་མེད་


CMR005_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་བྱེད་ཀྱི་མཁའ་འགྲོ་ཆེན་མོར་བྱིན་གྱིས་བརླབས་ནས༔ མ་འོངས་པ་ན་མངོན་པར་འཚང་རྒྱ་བར་ལུང་བསྟན༔ དེའི་ཚེ་གཞན་གྱིས་མ་བཅོལ་བར་ཁོ་རང་རྣམས་ཀྱིས་དམ་བཅའི་ཁས་བླངས་ཞལ་གྱིས་བཞེས་པ་ནི༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ མིང་ཙམ་འཛིན་པར་བྱེད་པར་ཡང་༔ གཡོ་རྒྱུ་མེད་པར་གུས་ལྡན་པས༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བླངས་ཏེ་ཁུར་བར་བྱ༔ ཞེས་སོགས་དམ་བཅའི་ཐ་ཚིག་ཕུལ༔ སྤྱི་བོར་རྡོ་རྗེ་བཞག༔ ངག་ཏུ་བདུད་རྩི་བྱིན་ནས་བཀའ་ཡི་སྲུང་མར་བསྐོས༔ དེའང་ཤར་གྱི་དཀར་མོ་བདུན་ནི་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་ཡིན་པས་བྱམས་པ་ཚད་མེད་པས་འགྲོ་བའི་དོན་མཛད། དཀྱིལ་འཁོར་འདིར་དབང་ཐོབ་པ་ལ་མའི་ཚུལ་གྱིས་ཞི་ཞིང་བྱམས་པས་ནད་གདོན་བར་ཆད་ཞི་བའི་ལས་བྱེད་ལ། བར་དོའི་དུས་ནའང་མདུན་ནས་བསུ་ཞིང་དག་པའི་ཞིང་དུ་ཁྲིད་པར་བྱེད་དོ། །དེ་ལ་ཐོག་མར་སྲིན་མོ་གཡག་གི་མགོ་ཅན་མ་འདི་ནི་དཔལ་ལྡན་ལྷ་མོ་རེ་མ་ཏིའི་སྤྲུལ་པ་ཡིན་ཏེ། མ་མོ་བྱང་ཆུབ་ཀྱི་སེམས་གསང་བའི་རྒྱུད་ཆེན་མོ་ལས༔ ཕུང་བྱེད་ཉི་ཤུ་རྩ་བརྒྱད་ཀྱི་ནང་ན་བཞུགས་པའི་ཚེ། མི་བསྲུན་གཡག་མགོ་ཐོད་རློན་


CMR005_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་༔ ཁ་ཆུ་ཉན་ཅིང་སྒྲུབ་མཆོག་སྐྱོང་༔ དེ་ཡང་དཔལ་ལྡན་རེ་མ་ཏི༔ ཞེས་གསུངས་སོ། །དེ་ཡང་རྒྱ་གར་སྐད་དུ་མ་ནུ་རཀྵ་སི༔ ཞེས་བྱ་བ་སྟེ། རྒྱ་མཚོ་ཆེན་པོའི་ངོས་ན་བཞུགས་ཚེ༔ སྨུག་ནག་རལ་པ་ཅན་དུ་སྤྲུལ་ནས༔ སྲིན་པོའི་རྒྱལ་པོའི་བཙུན་མོ་བྱེད་པས། བུ་སྲིན་ཕྲུག་ལྔ་བརྒྱ་དང་འཁོར་སྲིན་པོ་བྱེ་བ་འབུམ་གྱིས་བསྐོར་བ་རྣམས་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཁྱབ་པར་རྒྱུག་ཅིང་ཤ་ཁྲག་གི་དྲི་ཚོར་བར་བྱེད་དོ༔ འདིའི་དབང་ཐོབ་ན་རིམས་ནད་དང་སྲིན་པོའི་གནོད་པ་ཞི་བར་བྱེད་དོ༔ རྒྱ་གར་སྐད་དུ༔ པྲ་མ་ནི། ཞེས་བྱ་བ། ཚངས་པ་སྦྲུལ་མགོ་མ་འདི་ལྷ་ཆེན་ཚངས་པའི་ཡུམ་ཡིན་ཏེ་ལག་ན་བེ་ཅོན་བསྣམས་ནས་སྲིད་པ་གསུམ་གྱི་སེམས་ཅན་རྡུལ་དུ་བརླག་པར་ནུས་ལ༔ ཚངས་རིགས་ལྷའི་འཁོར་བྱེ་བ་འབུམ་གྱིས་བསྐོར་ཞིང་སེར་མོ་དབུ་བཞི་རལ་པའི་ཐོད་ཕྲེང་ཅན་དུ་སྤྲུལ་ནས༔ མི་མཇེད་འཇིག་རྟེན་གྱི་ཁམས་ལ་དབང་བསྒྱུར་བའི་མཁའ་འགྲོ་མ་སྟེ་འདིའི་དབང་ཐོབ་ན་གཙང་མའི་རིས་ཀྱི་ལྷའི་བུའི་བདུད་དང་སྟེང་གདོན་ལྷའི་དལ་གཟེར་ཐམས་ཅད་ཞི་བ་ཡིན་ནོ༔ རྒྱ་གར་སྐད་དུ༔ རེ་ཏྲི་རེའུ་ཏྲེ་མ་ཞེས་བྱ་བ༔ ལྷ་ཆེན་གཟིག་མགོ་མ་


CMR005_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ལྷ་ཆེན་དབང་ཕྱུག་ཆེན་པོའི་ཡུམ་ཡིན་ཏེ༔ ཕྱག་ན་ཏྲི་ཤུ་ལ་ཐོགས་ནས་ཁམས་གསུམ་སེམས་ཅན་རྡུལ་དུ་བརླག་ནུས་པའི་སྟོབས་དང་ལྡན་ཞིང་༔ དཀར་ལྗང་རལ་པ་འབར་བའི་ཐོད་ལྡེང་ཅན་དུ་སྤྲུལ་ནས་འབྱུང་པོའི་འཁོར་བྱེ་བ་འབུམ་དང་བཅས་པས་བསྟན་པ་སྲུང་བ་ཡིན་པས༔ འདིའི་དབང་ཐོབ་ན་འབྱུང་པོའི་གནོད་པ་ཐམས་ཅད་ཞི་བ་ཡིན་ནོ༔ རྒྱ་གར་སྐད་དུ༔ བ་ན་བེ་ཞེས་བྱ་བ་གཏོགས་འདོད་སྲེ་མོང་གི་མགོ་ཅན་འདི་ནི་ལྷ་ཆེན་པོ་ཁྱབ་འཇུག་གི་ཡུམ་ཡིན་ཏེ། འཁོར་འདོད་ཁམས་ཀྱི་ལྷ་བྲན་བྱེ་བ་འབུམ་གྱིས་བསྐོར་ཞིང་། མཐུ་སྟོབས་ཅན་ཐམས་ཅད་ཀྱི་མཐུ་སྟོབས་ཐམས་ཅད་བསྡུས་ནས་འཁོར་ལོ་གཅིག་ཏུ་བྱས་ཏེ། ཕྱག་ན་འཁོར་ལོ་འཛིན་པས་བདུད་བཞིའི་ཚོགས་ཐམས་ཅད་འཇོམས་པར་བྱེད་པ་སྟེ། འདིའི་དབང་ཐོབ་ན་བདུད་བཞིའི་གནོད་པ་དང་བར་ཆད་ཐམས་ཅད་ཞི་བ་ཡིན་ནོ། །རྒྱ་གར་སྐད་དུ༔ ཀེའུ་མ་རི་ཞེས་བྱ་བ་གཞོན་ནུ་དྲེད་གདོང་མ་འདི་ནི། ལྷ་ཆེན་པོ་གཞོན་ནུ་གདོང་དྲུག་གི་ཡུམ་ཡིན་ཏེ། འཇིག་རྟེན་ལ་དབང་ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱི་དབང་ཐང་གཅིག་ཏུ་བསྡུས་ནས་མདུང་ཐུང་གཅིག་ཏུ་བྱས་ནས་འཛིན་པས་དགྲ་བགེགས་ཐམས་ཅད་བསྒྲལ་


CMR005_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་ཅིང་། འདོད་ལྷའི་འཁོར་བྱེ་བ་འབུམ་གྱིས་བསྐོར་ཅིང་བསྟན་པ་སྲུང་བ་ཡིན་པས། འདིའི་དབང་ཐོབ་ན་དགྲ་བགེགས་བསྒྲལ་བ་ཞིང་བཅུ་བསྒྲལ་ནུས་པ་ཡིན་ནོ། །རྒྱ་གར་སྐད་དུ༔ ཨིནྡ་མ་ཞེས་བྱ་བ་བརྒྱ་བྱིན་དོམ་མགོ་མ་འདི་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་ཡུམ་ཡིན་ཏེ༔ འཁོར་ལྷ་བྲན་བྱེ་བ་འབུམ་གྱིས་བསྐོར་ཞིང་དཀར་མོ་རལ་པ་འབར་བའི་ཐོད་ལྡེང་ཅན་དུ་སྤྲུལ་ནས། ལག་ན་རྒྱུ་ཞགས་བསྣམས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཐམས་ཅད་དབང་དུ་བསྡུས་པ་ཡིན་པས་འདིའི་དབང་ཐོབ་ན་ལྷའི་རྩུབ་རིམས་ཞི་ཞིང་དབང་ཐང་སྐྱེ་བ་ཡིན་ནོ༔ ད་ནི་ལྷོའི་དབང་ཕྱུག་སྲིང་བདུན་གྱི་དབང་བསྐུར་བ་ཡིན་ཏེ༔ འདི་རྣམས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་སྙིང་རྗེའི་དབང་གིས་སེམས་ཅན་གྱི་དོན་མཛད་ཅིང་༔ དཀྱིལ་འཁོར་ཆེན་པོ་འདི་ལྟ་བུའི་དབང་ཐོབ་པ་རྣམས་ལ་སྲིང་མོའི་འདུ་ཤེས་ཀྱིས་ཤིན་ཏུ་བརྩེ་གདུང་དང་ལྡན་པས་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པའི་ཕྲིན་ལས་སྒྲུབ་ཅིང་བར་དོའི་སྐབས་སུ་ཡང་རྒྱབ་ནས་བསྐྱོར་ནས་ངན་སོང་དུ་ལྟུང་མི་འཇུག་པ་ཡིན་པས་རྣལ་འབྱོར་པ་ཀུན་གྱི་སྲིང་མོ་ཡིན་ནོ། །དེའི་ནང་ནས། རྒྱ་གར་སྐད་དུ༔ སིང་ག་ལཾ་ཞེས་བྱ་བ་


CMR005_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕ་ཝང་གི་མགོ་ཅན་འདི་ནི་དཔལ་རྡོ་རྗེ་ནག་པོའི་ཡུམ་ཡིན་ཞིང་། ཕྱག་ན་སྤུ་གྲི་འཛིན་པས་མཚམས་བཞིའི་གདོན་བཞི་འདུལ་ཞིང་༔ འཁོར་བའི་འདོད་ཆགས་འཇོམས་པར་བྱེད་པ་སྟེ་དམར་མོ་ཉི་ཟླ་འབར་བའི་ལྡིང་ཅན་སྤྲུལ་པའི་འཁོར་དུར་ཁྲོད་ཀྱི་མ་མོ་དང་མགོན་པོའི་རིགས་བྱེ་བ་འབུམ་གྱིས་བསྐོར་ནས་བསྟན་པ་སྲུང་བར་བྱེད་པ་ཡིན་པས་འདིའི་དབང་ཐོབ་ན་བྱད་ཁ་དྲོད་གཏོང་གི་གནོད་པ་དང་ཉོན་མོངས་པ་ཆགས་པའི་ཉེས་པ་སེལ་བ་ཡིན་ནོ། །རྒྱ་གར་སྐད་དུ༔ པཀྵ་སི་ཞེས་བྱ་བ་ཞི་བ་ཆུ་སྲིན་གྱི་མགོ་ཅན་མ་ནི་ལས་ཀྱི་གཤིན་རྗེའི་ཡུམ་ཡིན་ཏེ། བདུད་རྩིའི་བཅུད་ཀྱིས་རྣལ་འབྱོར་པའི་ཚེ་བསྲིང་ཏེ་འཁོར་གསོད་བྱེད་བྱེ་བ་འབུམ་གྱིས་བསྐོར་ནས་བསྟན་པ་ལ་གནོད་པ་ཐམས་ཅད་ཞི་བར་བྱེད་པ་ཡིན་པས༔ འདིའི་དབང་ཐོབ་ན་དམ་པའི་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་བ་ཡིན་ནོ༔ རྒྱ་གར་སྐད་དུ༔ ཨ་མྲྀ་ཏ་ཞེས་བྱ་བ་བདུད་རྩི་སྡིག་གདོང་མ་འདི་ནི་ལྷའི་བུ་ཉི་མའི་ཡུམ་ཡིན་ཏེ༔ ཕྱག་ན་པདྨ་འཛིན་ནས་འཁོར་བའི་སྡུག་བསྔལ་ཐམས་ཅད་སེལ་ཞིང་དམར་སེར་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས་འཁོར་རྟ་ལྷའི་ཚོགས་ཀྱིས་བསྐོར་ནས་སྡོང་གྲོགས་བྱེད་


CMR005_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས༔ འདིའི་དབང་ཐོབ་ན་རྟ་ནད་ཐམས་ཅད་ཞི་བ་དང་འཁོར་བའི་སྡུག་བསྔལ་ཐམས་ཅད་ཞི་བ་ཡིན་ནོ། །རྒྱ་གར་སྐད་དུ༔ སེའུ་མེ་ཞེས་བྱ་བ་ཟླ་བ་ཁྲ་མགོ་མ་འདི་ནི་ལྷའི་བུ་ཟླ་བའི་ཡུམ་ཡིན་ཏེ། དཀར་མོ་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས་གཤིན་རྗེའི་འཁོར་བྱེ་བ་འབུམ་གྱིས་བསྐོར་ཞིང་ཕྱག་ན་རྡོ་རྗེ་བསྣམས་ནས་གཟའ་དང་རྒྱུ་སྐར་གྱི་གདུག་པ་ཐམས་ཅད་རྡུལ་དུ་རླག་པར་བྱེད་པ་སྟེ། འདིའི་དབང་ཐོབ་ན་གཟའ་དང་རྒྱུ་སྐར་གནོད་པ་ཐམས་ཅད་ཞི་བ་ཡིན་ནོ། །རྒྱ་གར་སྐད་དུ༔ དན་དྷ་ཧ་ཞེས་བེ་ཅོན་ཝ་མགོ་མ་འདི་ནི་གཤིན་རྗེ་བེ་ཅོན་ཅན་གྱི་ཡུམ་ཡིན་ཏེ། ལྗང་ནག་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས་ཕྱག་ན་དབྱུག་པ་འཛིན་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་རྡུལ་དུ་བརླག་པར་མཛད་ཅིང་། སྲིན་མོ་བེ་ཅོན་ཐོགས་པ་བྱེ་བ་འབུམ་གྱིས་བསྐོར་ནས་བསྟན་པ་སྲུང་བ་ཡིན་པས། འདིའི་དབང་ཐོབ་ན་དགྲ་བགེགས་ཀྱི་གནོད་པ་ཐམས་ཅད་ཞི་བ་ཡིན་ནོ། །རྒྱ་གར་སྐད་དུ༔ རཀཱ་སི་ཞེས་བྱ་བ་སྲིན་མོ་སྟག་གདོང་མ་འདི་ནི་ལས་ཀྱི་སྲིན་པོའི་ཡུམ་ཡིན་ཏེ། མཐིང་ནག་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་


CMR005_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཕྱག་ན་བྷན་ཁྲག་གིས་བཀང་བ་དཀྲུག་ཅིང་གསོལ་ནས་དམ་ཚིག་ལས་འདས་པ་རྣམས་ཀྱི་སྙིང་ཁྲག་དྲོན་མོ་འཐུང་བར་བྱེད་ཅིང་སྲིན་མོ་ཟ་བྱེད་མ་བྱེ་བ་འབུམ་གྱིས་བསྐོར་ནས་བསྟན་པ་སྲུང་བ་ཡིན་པས། འདིའི་དབང་ཐོབ་ན་སྲིན་མོ་ཟ་བྱེད་ཀྱི་གནོད་པ་ཐམས་ཅད་ཞི་བ་ཡིན་ནོ། །དེ་ནི་ནུབ་ཀྱི་དབངཕྱུག་མ་མཛའ་བདུན་ནི་པདྨ་རིགས་ཀྱི་མཁའ་འགྲོ་མ་སྟེ་དཀྱིལ་འཁོར་འདི་ལྟ་བུའི་དབང་ཐོབ་པ་རྣམས་ལ་གྲོགས་ཀྱི་འདུ་ཤེས་ཀྱིས་དུས་རྟག་ཏུ་ཕྲིན་ལས་སྒྲུབ་ཅིང་སྡོང་གྲོགས་བྱེད་དེ༔ བར་དོ་ནའང་མཐའ་ནས་བརྟེན་ནས་ངན་སོང་དུ་ལྟུང་མི་འཇུག་པ་ཡིན་ལ༔ དེའི་ནང་ནས་ཀྱང་། རྒྱ་གར་སྐད་དུ༔ ར་ཏྲི་བཛྲ་མ་ཞེས་བྱ་བ་ཟ་བ་བྱ་རྒོད་ཀྱི་མགོ་ཅན་མ་འདི་ནི་གཤིན་རྗེའི་ཡུམ་ཡིན་པས་དམར་ལྗང་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས་ལག་ན་བེ་ཅོན་ཐོགས་པས་དགྲ་བགེགས་རྩད་ནས་གཅོད་ཅིང་གཤིན་རྗེའི་འཁོར་བྱེ་བ་འབུམ་གྱིས་བསྐོར་ནས་བསྟན་པ་སྲུང་བ་ཡིན་ནོ། །འདིའི་དབང་ཐོབ་ན་དགྲ་བགེགས་གནོད་པ་ཐམས་ཅད་ཞི་བ་ཡིན་ནོ། །རྒྱ་གར་སྐད་དུ༔ ཨེ་ཀ་པ་ར་མ་ཞེས་པ་དགའ་བ་རྟ་གདོང་མ་ནི་རྣམ་ཐོས་སྲས་ཀྱི་ཡུམ་ཡིན་ཏེ། དམར་མོ་རལ་ཅན་


CMR005_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས་གནོད་སྦྱིན་གྱི་འཁོར་བྱེ་བ་འབུམ་གྱིས་བསྐོར་ཞིང་༔ ཞིང་གི་ཁོག་པ་འཛིན་པས་དངོས་གྲུབ་སྟེར་བ་དང་གནོད་བྱེད་སྒྲོལ་བར་བྱེད་པ་སྟེ་འདིའི་དབང་ཐོབ་ནི་དངོས་གྲུབ་ཐམས་ཅད་འབྱུང་བ་ཡིན་ནོ༔ རྒྱ་གར་སྐད་དུ༔ རུ་ཏྲི་ར་མ་ཏྲི་ཞེས་བྱ་བ་སྟོབས་ཆེན་ཁྱུང་གདོང་མ་འདི་ནི་ལྷ་ཆེན་སྟོབས་བཟང་གི་ཡུམ་ཡིན་ཏེ། དཀར་མོ་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས་ཕྱག་ན་ཐོང་གཤོལ་དང་དབྱུག་ཐོ་འཛིན་ནས་ཉོན་མོངས་པའི་ཐ་བ་མ་ལུས་པ་བཟློག་པར་བྱེད་ཅིང་སྟོབས་ཆེན་ཁྲག་འཐུང་བྱེ་བ་འབུམ་གྱིས་བསྐོར་ནས་བསྟན་པ་སྲུང་བར་བྱེད་པ་སྟེ། འདིའི་དབང་ཐོབ་ན་ལྷ་མ་ཡིན་གྱི་རྒྱུ་འཐབ་ཞི་ཞིང་ཉོན་མོངས་པ་ཐལ་བར་བརླགས་པར་བྱེད་པ་ཡིན་ནོ། །རྒྱ་གར་སྐད་དུ༔ ཨེ་ཀ་ཙ་རཀློ་ཞེས་པ་ནི་སྲིན་པོའི་ཡུམ་ཁྱི་ཡི་མགོ་ཅན་མ་སྟེ། ལག་ན་རྡོ་རྗེ་འཛིན་པས་སྐྱེ་ཤི་རྩད་ནས་གཅོད་ཅིང་སྲིན་མོ་བྱེ་བ་འབུམ་གྱིས་བསྐོར་ནས་བསྟན་པ་སྲུང་བ་ཡིན་པས། འདིའི་དབང་ཐོབ་ན་སྲིན་པོའི་གནོད་པ་ཞི་ནས་སྐྱེ་ཤིའི་སྡུག་བསྔལ་རྩད་ནས་གཅོད་པ་ཡིན་ནོ། །རྒྱ་གར་སྐད་དུ༔ མ་ནུ་ཧ་ར་ཞེས་འདོད་པ་ཕུག་ཤུད་ཀྱི་མགོ་


CMR005_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མ་ནི་འདོད་པའི་ལྷ་བདུད་སྡིག་ཏོ་ཅན་ཞེས་བྱ་བ་དགའ་རབ་དབང་ཕྱུག་གི་ཡུམ་ཡིན་ཏེ༔ བདུད་ཀྱི་ཁ་གནོན་དམར་མོ་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས། འདོད་ཁམས་ལྷའི་ཚོགས་བྱེ་བ་མང་པོས་བསྐོར་ནས་ལག་ན་མདའ་གཞུ་ཐོགས་ཏེ་དམ་ལས་འདས་པའི་སྙིང་ཁྲག་དྲོན་མོ་འཐུང་བར་བྱེད་པའི་བདུད་མོ་སྟེ། འདིའི་དབང་ཐོབ་ན་བདུད་སྡིག་ཏོ་ཅན་གྱིས་རླག་མི་རྙེད་དོ།་རྒྱ་གར་སྐད་དུ༔ སིད་ཏི་ཀ་ཡ་མ་ཞེས་པ་ནོར་སྲུང་གནོད་སྦྱིན་གྱི་ཡུམ་ཡིན་ཏེ་སྔོན་མོ་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས། འཁོར་ནོར་ལྷ་བྱེ་བ་འབུམ་གྱིས་བསྐོར་ནས། ལག་ན་གཏེར་གྱི་བུམ་པ་འཛིན་ནས་སེམས་ཅན་རྣམས་ཀྱི་རེ་བ་ཡིད་བཞིན་དུ་བཀང་བ་སྟེ། འདིའི་དབང་ཐོབ་ན་གོད་ཁ་ཞི་ནས་ནོར་ཕྱུགས་འཕེལ་བའོ། །དེ་ནས་བྱུང་གི་དབང་ཕྱུག་མ་བྲན་བདུན་གྱི་དབང་བསྐུར་བ་སྟེ། དྲུག་ཡེ་ཤེས་དབྱིངས་ན་བཞུགས་པའི་ཀརྨ་རིགས་ཀྱི་ཌཀི་ཡིན་ཅིང་དཀྱིལ་འཁོར་དབང་ཐོབ་པ་རྣམས་བྲན་དང་ཕོ་ཉ་བྱེད་ཅིང་དགྲ་བགེགས་གནོད་བྱེད་ཐམས་ཅད་འདུལ་ཞིང་ཚར་གཅོད་པའི་ཕྲིན་ལས་མཛད་པ་ཡིན་པའི་ནང་ནས། རྒྱ་གར་སྐད་དུ། བྷ་ཡ་བྷེ་ཞེས་པ་རླུང་ལྷ་སྤྱང་གདོང་


CMR005_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདི་ནི་རླུང་ལྷའི་ཡུམ་ཡིན་ཏེ། སྔོན་མོ་རལ་པ་འབར་བའི་ཐོད་ལྡིང་ཅན་དུ་སྤྲུལ་ནས་ལག་ན་བ་དན་བསྣམས་ནས་རླུང་ལྷའི་འཁོར་ཚོགས་བྱེ་བ་ས་ཡ་ཐམས་ཅད་དབང་དུ་བསྡུས་པར་བྱེད་དོ། འདིའི་དབང་ཐོབ་ན་རླུང་ལས་གྱུར་པའི་ནད་དང་གནོད་པ་ཐམས་ཅད་ཞི་བ་ཡིན་ནོ། རྒྱ་གར་སྐད་དུ། ཨཀ་ནེ་ཡེ་མ་ཞེས་པ་མི་མོ་སྐྱིན་མགོ་མ་ཞེས་པ་འདི་ནི་མེ་ལྷའི་ཡུམ་ཡིན་ཏེ། དམར་མོ་རལ་པ་འབར་བའི་ཐོད་ལྡིང་ཅན་དུ་སྤྲུལ་ནས་འཁོར་དྲང་སྲོང་བྱེ་བ་འབུམ་གྱིས་བསྐོར། ལག་ན་གསལ་ཤིང་བསྣམས་ནས་འཁོར་བའི་བག་ཆགས་བསྲེགས་པ་དང་། བསྐལ་པའི་མེ་དཔུང་ཆེན་པོ་ཡང་ཐལ་བར་བརླག་པར་བྱེད་དོ༔ འདི་ཡི་དབང་ཐོབ་ན་འཁོར་བའི་བག་ཆགས་སེལ་བ་དང་ཐན་པ་དང་མེའི་གནོད་པ་མི་འབྱུང་ངོ་༔ རྒྱ་གར་སྐད་དུ༔ བྷ་ར་ཧི་ཞེས་པ་ཕག་མོ་ཕག་གདོང་མ་ནི་ས་བདག་དབང་ཆེན་ཤི་བྷ་དྲའི་ཡུམ་ཡིན་ཏེ། འཁོར་ས་བདག་གི་འཁོར་བྱེ་བ་འབུམ་གྱིས་བསྐོར་ཞིང་། ནག་མོ་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་བྱས་ནས། ལག་ན་ཕག་རྒོད་ཀྱི་མཆེ་བ་དང་ཞགས་པ་ཐོགས་ནས་སྐྱེ་ཤི་རྩད་ནས་གཅོད་པར་བྱེད་པ་སྟེ༔ འདིའི་


CMR005_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་པས་ས་བདག་གི་གནོད་པ་དང་འགྲམ་འཁྲུག་ཞི་ཞིང་སྐྱེ་ཤིའི་རྩ་བ་ཆོད་པ་ཡིན་ནོ༔ རྒྱ་གར་སྐད་དུ༔ མ་ཧཱ་ར་ན་ཞེས་པ་རྡོ་རྗེ་ཁྭ་ཏའི་མགོ་ཅན་མ་འདི་ནི་བདུད་ཡབ་རྗེ་ནག་པོའི་ཡུམ་ཡིན་ཏེ༔ སྨུག་ནག་རིལ་པ་འབར་བའི་ཐོད་ལྡིངས་ཅན་དུ་བྱས་ནས༔ བདུད་ཀྱི་འཁོར་ཚོགས་བྱེ་བ་འབུམ་གྱིས་བསྐོར་ཏེ༔ ལག་ན་རྡོ་རྗེ་འཛིན་ནས་སེམས་ཅན་རྣམས་ཀྱི་སྐྱེ་ཤི་རྩད་ནས་གཅོད་པར་བྱེད་པ་སྟེ༔ འདི་ཡི་དབང་ཐོབ་ན་བདུད་ཀྱི་ཁྲམ་ཁ་ཐམས་ཅད་བཟློག་སྐྱེ་ཤི་རྩད་ནས་ཆོད་པ་ཡིན་ནོ༔ རྒྱ་གར་སྐད་དུ༔ ཨུ་ཏ་ན་ཞེས་པ་སྣ་ཆེན་གླང་ཆེན་གྱི་མགོ་ཅན་འདི་ནི་བགེགས་རྒྱལ་བྱི་ན་ཡ་ཀའི་ཡུམ་ཡིན་ཅིང་། དཀར་མོ་རལ་པ་འབར་བའི་ཐོད་ལྡིངས་ཅན་བགེགས་རིགས་དང་ལོག་འདྲེན་བྱེ་བ་འབུམ་གྱིས་བསྐོར་ཞིང་ལག་ན་མི་རོ་བམ་འཛིན་ནས་བགེགས་རིགས་ཐམས་ཅད་འཇོམས་པར་བྱེད་པ་སྟེ༔ འདི་ཡི་དབང་ཐོབ་ན་བགེགས་ཀྱི་གནོད་པ་ཐམས་ཅད་ཞི་བ་ཡིན་ནོ༔ རྒྱ་གར་སྐད་དུ། ཝ་རུ་ཎ་ཞེས་པ་ཆུ་ལྷ་སྦྲུལ་གདོང་མ་འདི་ནི་ཀླུའི་རྒྱལ་པོ་ཆུ་བདག་ཝ་རུ་ཎ་སའི་ཡུམ་ཡིན་ཏེ། སྔོན་མོ་རལ་པ་འབར་བའི་ཐོད་ལྡིང་ཅན་དུ་སྤྲུལ་ནས་ལག་ན་སྦྲུལ་ཞགས་འཛིན་ནས་


CMR005_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་དམ་དུ་འཆིང་ཞིང་ཀླུའི་གདུགས་པ་ཐམས་ཅད་རྡུལ་དུ་བརླག་ཅིང་ཀླུའི་འཁོར་དཔག་ཏུ་མེད་པས་བསྐོར་བ་བྱེད་དེ། འདིའི་དབང་ཐོབ་ན་འཁོར་བར་ཕྱིར་མི་ལྡོག་པ་དང་ཀླུའི་གནོད་པ་དང་ཆུའི་འཇིགས་པ་ཞི་བ་ཡིན་ནོ། །ད་ནི་སྒོ་མ་བཞིའི་དབང་བསྐུར་བ་ནི་ཤར་གྱི་དབང་ཕྱུག་མ་དྲུག་ནི་ཡེ་ཤེས་ཀྱི་དབྱིངས་ན་བཞུགས་པས་དབྱིངས་ཀྱི་ཊཱ་ཀི་མ་ཡིན་ལ་གཅིག་ནི་ཐབས་ཀྱི་སྒོ་མ་མཛད༔ ཅེས་གསུངས་པས་ཞི་བའི་ཕྲིན་ལས་དངོས་སུ་མཛད་དེ༔ རྒྱ་གར་སྐད་དུ༔ མ་ཧཱ་ཀ་ལ་མ་ཞེས་པ་རྡོ་རྗེ་ཁུ་བྱུག་གི་མགོ་ཅན་མ་འདི་ནི་དཔལ་ལྡན་མ་ཧཱ་ཀ་ལའི་ཡུམ་ཡིན་ཏེ༔ དྲི་ཟ་ཐམས་ཅད་ཟིལ་གྱིས་གནོན་ཅིང་ཞི་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་བྱེད་ཅིང་༔ འདིའི་དབང་བསྐུར་བས་ཤར་ཕྱོགས་དྲི་ཟའི་གནོད་པ་ཞི་ཞིང་ནད་གདོན་བར་ཆད་ཞི་བ་ཡིན་ནོ༔ ལྷོའི་དབང་ཕྱུག་མ་དྲུག་ནི་ཡེ་ཤེས་དར་གདོང་མ་འདི་ནི་གནོད་སྦྱིན་སྤངས་རའི་མགོ་ཅན་གྱི་ཡུམ་ཡིན་པས་སེར་མོ་རལ་པ་འབར་བ་དབྱིངས་ན་བཞུགས་པའི་ཌཱ་ཀི་མ་ཡིན་ལ། རྒྱ་གར་སྐད་དུ༔ ཙ་ཀ་མ་ཞེས་པ་རྡོ་རྗེ་ར་གདོང་མ་འདི་ནི་གནོད་སྦྱིན་སྲིད་སྤངས་རའི་མགོ་ཅན་གྱི་ཡུམ་ཡིན་པས་སེར་མོ་རལ་པ་


CMR005_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས་ཕྱག་ན་ཞགས་པ་ཐོགས་ནས་དམ་ཚིག་ཉམས་པ་ཐམས་ཅད་འཆིང་བར་བྱེད༔ འདིའི་དབང་ཐོབ་ན་ལྷོ་ཕྱོགས་གཤིན་རྗེའི་གནོད་པ་ཞི་བ་དང་ཚེ་དང་བསོད་ནམས་རྒྱས་པ་ཡིན་ནོ༔་ནུབ་ཀྱི་དབང་ཕྱུག་མ་དྲུག་ནི་ཡེ་ཤེས་དབྱིངས་ན་བཞུགས་པའི་ཌཱ་ཀི་མ་ཡིན་ལ། རྒྱ་གར་སྐད་དུ༔ ཀུ་མ་ནི་ཞེས་བྱ་བ་རྡོ་རྗེ་སེང་གདོང་མ་འདི་ནི་ཐབས་ཀྱི་སྒོ་མ་མཛད་དེ༔ ཉི་མ་འབར་བའི་སྤྱན་དང་ལྡན་པས་ཀླུ་ཐམས་ཅད་འདུལ་བ་དང་ཕྱག་ན་ལྕགས་སྒྲོགས་བསྣམས་ཏེ༔ འདིའི་དབང་ཐོབ་ན་ཀླུའི་གནོད་པ་ཞི་ཞིང་དབང་གི་ཕྲིན་ལས་འགྲུབ་པ་ཡིན་ནོ༔ བྱང་གི་དབང་ཕྱུག་མ་དྲུག་ནི་དབྱིངས་ན་བཞུགས་པའི་ཌཱཀི་མ་ཡིན་ལ༔ རྒྱ་གར་སྐད་དུ༔ ལམ་པོ་དྷ་ར་ཡེ་ཞེས་པ་རྡོ་རྗེ་སྦྲུལ་གདོང་མ་འདི་ནི་ཕོ་ཉ་སྒོ་མའི་ཚུལ་དུ་བཞུགས་ནས་ཕྱག་ན་དྲིལ་བུ་འཛིན་ནས་གནོད་སྦྱིན་གྱི་ཚོགས་འཇོམས་པ་འདིའི་དབང་ཐོབ་ན་བྱང་ཕྱོགས་གནོད་སྦྱིན་གྱི་གནོད་པ་ཞི་བ་དང་དྲག་པོའི་ཕྲིན་ལས་འགྲུབ་པ་ཡིན་ནོ། །ཞེས་པ་ཞི་ཁྲོའི་དབང་རྒྱས་པའི་ལྷན་ཐབས་སུ་༧ རཱ་ག་ཨ་སྱས་སྦྱར་བའོ།། །།


previousཞི་ཁྲོའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་གི་བཤད་པ།next