Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ངག་ཁྲིད་ཟིན་བྲིས་རྩ་ཐོ་རྣམས་ཚིག་ཉུང་བ་དོན་གསལ་བ།
   
   
   
   
   
   
   
   
   
   


 
previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ངག་ཁྲིད་ཟིན་བྲིས་རྩ་ཐོ་རྣམས་ཚིག་ཉུང་བ་དོན་གསལ་བ།next

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ངག་ཁྲིད་ཟིན་བྲིས་རྩ་ཐོ་རྣམས་ཚིག་ཉུང་བ་དོན་གསལ་བ།


CMR005_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ངག་ཁྲིད་ཟིན་བྲིས་རྩ་ཐོ་རྣམས་ཚིག་ཉུང་བ་དོན་གསལ་བ་བཞུགས་སོ།


CMR005_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ནས༔ ན་རཀ་དོང་སྤྲུགས་ལ་སོགས་ཕྱག་ལེན་གྱི༔ ཞལ་ཤེས་གལ་ཆེན་ངག་ཁྲིད་མདོར་བསྡུས་ནི༔ ཉུང་ངུའི་ཚིག་གིས་དོན་གསལ་གོ་བདེར་བཀོད༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ རྫོགས་ཆེན་སྟོན་པ་ཆོས་སྐུ་ཀུན་ཏུ་བཟང་༔ འཁྲུལ་མ་མྱོང་བའི་རང་བྱུང་སངས་རྒྱས་ཏེ༔ དེ་ལ་ཚོགས་མ་བསགས་པའི་སངས་རྒྱས་སོ༔ རྟོག་གེ་བ་ཡིས་བཀག་པ་བྱེད་མོད་ཀྱིས༔ རྒྱུད་ཀྱི་རྒྱལ་པོས་བསྟོད་པ་གླུར་བླངས་ནས༔ དང་པོའི་སངས་རྒྱས་རྒྱུ་མེད་པ༔ ཞེས་གསུངས་དེ་བཞིན་ངན་སོང་སྦྱོང་རྒྱུད་དང་༔ དེ་ཉིད་བསྡུས་


CMR005_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་རྒྱུད་རྣམས་བཤད༔ སངས་རྒྱས་ཀུན་བས་སྔར་སངས་རྒྱས༔ ཞེས་གསུངས་རྡོ་རྗེ་སེམས་དཔའ་ཕྱག་རྡོར་ཉིད༔ དང་པོའི་སངས་རྒྱས་ཉིད་དུ་གསལ་བར་གསུངས༔ དེས་ན་ཀུན་བཟང་མངོན་རྫོགས་རྒྱལ་པོ་སོགས༔ སྔོན་བྱོན་རྫོགས་ཆེན་སྟོན་པ་བཅུ་གཉིས་ཏེ༔ དུས་དང་འཁོར་དང་མཚན་ནི་ཐ་དད་དེ༔་དོན་ལ་ཕྱག་ན་རྡོ་རྗེ་ཡིན་པ་སྟེ༔ ཅི་ཕྱིར་སྔགས་ཀྱི་སྟོན་པ་ཕྱག་རྡོར་ཡིན༔ སྟོན་པ་དེས་གསུངས་རྫོགས་པ་ཆེན་པོའི་རྒྱུད༔ འབུམ་ཕྲག་དྲུག་ཅུ་རྩ་བཞི་གསུངས་པར་བཤད་དེང་སང་མཐོང་བ་བཅུ་བདུན་རྒྱུད་དང་ནི༔ རྒྱུད་ཕྲན་བཅུ་བདུན་སྒྱུ་


CMR005_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་སྡེ་བརྒྱད་སོགས༔ ཀུན་ནས་གསུངས་པའི་ཡི་དམ་དཀྱིལ་འཁོར་ནི༔ ཞི་ཁྲོ་དམ་པ་རིགས་བརྒྱ་འདི་ཉིད་ལགས༔ ཁྱད་པར་ན་རཀ་དོང་སྤྲུགས་རྒྱུད་དང་ནི༔ དྲི་མེད་བཤགས་རྒྱུད་བཀའ་མ་གཏེར་མ་གཉིས༔ མན་ངག་སྙིང་དགོངས་རྒྱུད་དང་དཔང་སྐོང་བཞི༔ ཞི་ཁྲོ་འདི་ཡི་གེལ་རྒྱུད་དང་པོ་ཡིན༔ གཞན་ཡང་བཀའ་བརྒྱད་གསང་བ་འདུས་རྒྱུད་དང་༔ རྫོགས་ཆེན་ཀློང་གསལ་འབར་མ་ཉི་མའི་རྒྱུད༔ ལྟ་བ་ཀློང་ཡང་རྒྱུད་སོགས་མང་པོ་ནས༔ ཞི་ཁྲོའི་དཀྱིལ་འཁོར་འདི་ཉིད་གསལ་བར་བསྟན༔ ལས་བྱང་དེ་དག་ཀུན་གྱིས་དོན་བསྡུས་ཏེ༔ བརྒྱ་ཕྱག་ཞི་ཁྲོ་དཔང་སྐོང་དོན་བསྡུས་ཏེ༔ ན་རཀ་དོང་སྤྲུགས་རྩ་བ་འདུས་པའོ་ཀློང་བཤགས་དྲི་མེད་བཤགས་རྒྱུད་དོན་བསྡུས་དང་༔ སྒོམ་རིམ་ལྷན་སྐྱེས་བག་ཆགས་རང་གྲོལ་གཉིས༔ མན་ངག་སྙིང་དགོངས་རྒྱུད་ཀྱི་དོན་བསྡུས་ལགས༔ བསྐང་བཤགས་དེ་དག་ཀུན་དང་ཁྱད་པར་དུ༔ གསང་བ་འདུས་པའི་རྒྱུད་ནས་བསྡུས་པ་ས༔ དེ་དག་བསྡུ་མཁས་གུ་རུ་པད་མ་ཉིད༔ བསྐང་བཤགས་དབང་བསྐུར་རྒྱས་འབྲིང་བསྡུས་པ་གསུམ༔ རིགས་དྲུག་གནས་འདྲེན་སྦྱིན་སྲེག་སྐོར་ལ་སོགས༔ བསྐྱེད་པ་མ་ཧཱ་ཡོ་


CMR005_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གའི་ཉམས་ལེན་ལགས༔ མཆོག་དབང་སྐོར་གསུམ་ལུས་དཀྱིལ་བསྒོམ་རིམ་དང་༔ བག་ཆགས་རང་གྲོལ་འོག་སྒོ་བདེ་ཆེན་ཁྲིད༔ ཨ་ནུ་ཡོ་གའི་ལུགས་ཀྱི་ཉམས་ལེན་ཡིན༔ སྐྱེ་གནས་བར་དོ་བསམ་གཏན་བར་དོའི་ཁྲིད༔ དེ་དོན་ངོ་སྤྲོད་རིག་པ་གཅེར་མཐོང་རྣམས༔ ཕྱག་རྫོགས་ཟུང་འཇུག་ཁྲེགས་ཆོད་ཉམས་ལེན་བསྐོར༔ ཨ་ཏི་ཡོ་ག་སེམས་སྡེའི་ཉམས་ལེན་སྐོར༔ སྐུ་གསུམ་ངོ་སྤྲོད་སྒྲོན་མ་དྲུག་གི་ཁྲིད༔ སྤྱི་ཏི་ཡང་ཏི་མན་ངག་སྡེ་ཡི་ལུགས༔ ཐེག་པའི་ཡང་རྩེ་ནོར་བུའི་ཏོག་ལྟ་བུ༔ དེ་དག་ཉམས་ལེན་བརྟན་པ་མ་ཐོབ་ན༔ འཕོ་བ་ལམ་གྱི་སྐྱེལ་མ་དྲན་པས་གྲོལ༔ འཕོ་རུང་མི་རུང་འཆི་བ་བརྟག་དང་བསླུ༔ འཕོ་བ་མ་ཐེབ་སུན་མ་ལྟ་བུའི་ཆོས༔ བར་དོའི་ངོ་སྤྲོད་ཆེན་མོ་ཚན་གཉིས་སོགས༔ ཉམས་ལེན་མི་ཤེས་ཐ་མལ་སྐྱེ་བོ་ལ༔ བཏགས་གྲོལ་གདམས་པ་རྒྱས་བསྡུས་བཅང་ཐབས་བཅས༔ དེ་དག་མ་ཐོབ་ཐ་མལ་ཚེ་འདས་ལ༔ རིགས་དྲུག་གནས་འདྲེན་བྱང་བུ་སྨོན་ལམ་བཅས༔ ཕུང་པོ་བསྲེག་སྦྱང་ལས་བཞིའི་སྦྱིན་སྲེག་ཡོད༔ དེ་ཡང་སྤྲོས་བཅས་བུམ་དབང་ཆེཊ་མོ་ནི༔ སྒྲུབ་ཆེན་སྤྱི་ལྟར་བཅས་ནས་དབང་བསྐུར་ཞིང་༔ དེ་དང་བར་


CMR005_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དོའི་ངོ་སྤྲོད་ཆེན་མོ་སྦྲགས༔ རྒྱས་པར་ལྕོགས་ན་སོ་སོའི་འབག་འཆམ་བཅས༔ བར་དོའི་ངོ་སྤྲོད་ལག་ལེན་དུ་སྦྱར་བ༔ ཐོས་པས་གྲོལ་བ་ཐོས་གྲོལ་ཁྲིད་ཅེས་བྱ༔ ལན་གཅིག་ཐོས་པས་བར་དོ་ཆོད་པར་གསུངས༔ བསྒོམ་མི་དགོས་པའི་ཟབ་ཆོས་ཨེ་མ་ཧོ༔ དེ་དང་འབྲེལ་པ་ཐོད་རྒལ་ཁྲིད་ཡིན་པས༔ འཇའ་འོད་ཐིག་ལེ་ལ་སོགས་ངོ་སྤྲོད་པས༔ བར་དོ་ངེས་པར་ཆོད་པ་རྒྱུད་ནས་གསུངས༔ བསྒོམ་མི་དགོས་པར་བལྟས་པས་གྲོལ་བ་ཡིན༔ སྤྲུལ་སྐུ་ཤཱཀྱ་ཐུབ་པས་སྡེ་སྣོད་གསུམ༔ བསྟན་པ་འཛིན་པའི་རྟགས་ཙམ་འཛིན་ལ་ཉེ༔ དལ་ལ་མ་སྨིན་གྲོལ་བ་དཀའ་བར་བཤད༔ ཆོས་སྐུ་ཀུན་བཟང་བསྟན་པ་རྫོགས་པ་ཆེ༔ ལྔ་བཅུ་ནས་བཟུང་ཚེ་ལོ་བཅུ་པའི་བར༔ ཀུན་ཏུ་བཟང་པོའི་ཐུགས་ཀྱི་བསྟན་པའི་སྐབས༔ ཡིན་ཕྱིར་རྫོགས་ཆེན་བསྒོམས་ན་གྲོལ་བར་སླ༔ ཚེ་ཐུང་ནད་མང་བར་ཆད་རྐྱེན་མང་དུས༔ སྒོམ་པའི་ཆོས་ཀྱིས་གྲོལ་དཀའ་བསྒོམ་ལོང་མེད༔ མ་བསྒོམ་སངས་རྒྱས་ཐབས་ནི་དྲུག་གསུངས་པ༔ ཟོས་པས་འཚང་རྒྱ་སྐྱེ་བདུན་ཤའི་རིལ་བུ༔ རེག་པས་འཚང་རྒྱ་ཕྱག་རྒྱ་པདྨ་ཅན༔ རེག་གྲོལ་ཕྱག་རྒྱ་པདྨ་ཅན་ཞེས་པཾ༔ མཚོ་རྒྱལ་ལབ་སྒྲོན་ལྟ་བུ་ཡིན་པའོ༔


CMR005_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པས་སངས་རྒྱས་རྒྱུད་མཆོག་བཏགས་གྲོལ་དང་༔ བལྟས་པས་སངས་རྒྱས་རྫོགས་ཆེན་ཐོད་རྒལ་ཁྲིད༔ དྲན་པས་སངས་རྒྱས་འཕོ་བའི་གདམས་པ་དང་༔ ཐོས་པས་སངས་རྒྱས་བར་དོའི་ངོ་སྤྲོད་ཁྲིད༔ སྡིག་ཆེན་གསེང་ལམ་ཁྲིད་པའི་གདམས་པ་ཡིན༔ དེ་ལྟར་མ་ཡིན་བསྒོམ་པར་ནུས་པ་ལ༔ སྔོན་འགྲོའི་ཁྲིད་ཀྱིས་རང་རྒྱུད་ལེགས་པར་སྦྱངས༔ སྐྱེ་གནས་བར་དོའི་ཁྲིད་ཀྱི་ཞི་གནས་བསྐྱེད༔ རིག་པ་གཅེར་མཐོང་ལྷག་མཐོང་ངོ་སྤྲོད་དེ༔ བསམ་གཏན་བར་དོའི་ཁྲིད་ཀྱི་ཉམས་ལེན་སྐྱོངས༔ དེ་ནི་རྫོགས་ཆེན་ཁྲེགས་ཆོད་གཞི་ཡིན་ལ༔ ལམ་ནི་ཐོད་རྒལ་སྒྲོན་མ་དྲུག་གི་ཁྲིད༔ ཆོས་ཉིད་མངོན་སུམ་ཡེ་ཤེས་མིག་གིས་མཐོང་༔ ཉམས་ལེན་གོང་འཕེལ་འཇའ་འོད་ཐིག་ལེ་འཕེལ༔ རིག་པ་ཚད་ཕེབས་ཞི་ཁྲོའི་ལྷ་ཚོགས་མཇལ༔ དེ་ཉིད་ཉམས་ལེན་སྟོང་ཉིད་ལྟ་བས་བསྲེ་གསལ་སྟོང་ཟུང་འཇུག་ཁྲེགས་ཆོད་ཟུང་འཇུག་དང་༔ ཕྱག་རྫོགས་ཟུང་འཇུག་དེ་ལས་གོང་ན་མེད༔ དེ་ཙམ་དེང་སང་མང་དུ་འབྱུང་བ་ནི༔ མྱོང་བས་གྲུབ་ཕྱིར་ཚིག་རིས་སྐམ་པོ་མིན༔ དེ་ནི་གསལ་ཀའི་ངང་གིས་བོགས་འདོན་ནོ༔ བདེ་བའི་བོགས་འདོན་འོག་སྒོ་བདེ་ཆེན་


CMR005_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད༔ རྩ་རླུང་ཉམས་ལེན་རླུང་དང་འཁྲུལ་འཁོར་སྦྱངས༔ རབ་བྱུང་ཡིན་ན་རང་ལུས་ཐབས་ལྡན་བསྟེན༔ བསྒོམ་པ་ཡེ་ཤེས་ཡིད་རིག་ཕྱག་རྒྱ་བསྟེན༔ འདི་ཡིས་རྒྱས་བཤད་གསར་མའི་རྒྱུད་འབུམ་ན༔ གསལ་བ་ཐིག་ལེ་ནོར་བུའི་རྒྱུད་ཅེས་པ༔ ས་པཎ་གྱིས་བསྒྱུར་གསེར་འོད་ཙམ་ཞིག་ཡོད༔ ཁྱིམ་པ་ཡིན་ན་གཞན་ལུས་རིག་མ་བསྟེན༔ རིགས་རྒྱུད་སྐྱེས་ཆེན་དམ་པ་འཇོག་པ་དང་༔ རིགས་རྒྱུད་འཆུགས་དོགས་སྲིད་བཅས་ལ་སོགས་གསུངས༔ དཔེར་ན་ས་འབྲིའི་གདུང་རྒྱུད་ལྟ་བུའོ༔ བརྩོན་འགྲུས་བསྐུལ་ཕྱིར་ནམ་འཆི་ནམ་མཁར་བལྟ༔ བར་ཆད་སེལ་ཕྱིར་འཆི་བ་བསླུ་བ་དང་༔ མ་བསླུས་འཕོ་བ་དྲན་པ་རང་གྲོལ་བསྒོམ༔ མི་རྟོགས་ངང་ནས་བོགས་འདོན་རྨི་ལམ་ཁྲིད༔ འོད་གསལ་བསྒོམས་པས་གཏི་མུག་ལམ་དུ་ཁྱེར༔ ཁྱད་པར་ཁྲེགས་ཆོད་ཐོད་རྒལ་ངོ་སྤྲོད་ནི༔ ལག་ལེན་རིམ་པ་སུམ་ཅུ་རྩ་གཉིས་སོགས༔ འཆི་ཆས་ཆ་ལག་འཛོམས་ན་ངོ་མཚར་ཆེ༔ ཐེག་དགུའི་ཉམས་ལེན་ཡོངས་རྫོགས་ཨེ་མ་ཧོ༔ དེ་ནི་ཞི་ཁྲོའི་ཆོས་སྐོར་ཁོག་ཁྲོལ་བའི༔ སྤྱི་བཤད་ཡིན་ཏེ་རྩ་ཐོ་ས་བོན་ཙམ༔ སྤྱི་བཤད་ལེའུ་སརྒ་དང་པོའོ༔ ༔ ༈ དེ་ནས་ཞི་ཁྲོའི་བྱེ་བྲག་དབྱེ་བ་ནི༔ ཧཱུྃ་


CMR005_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཀ་ར་ནམ་མཁའི་སྙིང་པོ་ནས༔ བརྒྱུད་པའི་ཞི་ཁྲོ་བཀའ་མའི་ལུགས་དང་ནི༔ རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་མ་དང་༔ སངས་རྒྱས་གླིང་པའི་གཏེར་མ་དགོངས་འདུས་ལུགས༔ ཡང་ཟབ་ལུགས་ཀྱི་ཞི་ཁྲོ་རིགས་འདུས་དང་༔ འཇའ་ཚོན་སྙིང་པོའི་གཏེར་མ་ལ་སོགས་པ༔ གཞན་ཡང་རྫོགས་ཆེན་ཀློང་གསལ་སྙིང་ཐིག་དང་༔ ལྟ་བ་ཀློང་ཡངས་ལ་སོགས་རྫོགས་ཆེན་རིགས༔ ཀུན་ལ་ཞི་ཁྲོའི་དཀྱིལ་འཁོར་རེ་རེ་སྟེ༔ ཅི་ཕྱིར་དབང་བསྐུར་བ་ཡི་དཀྱིལ་འཁོར་དུ༔ གྲགས་ཆེ་ཆ་ཚང་ཀརྨ་གླིང་པའི་ལུགས༔ བཀའ་ཐང་ནང་དུ་ལུང་བསྟན་མེད་པ་ནི༔ གསང་གཏེར་ཡིན་པའི་གནད་ནི་ཡིན་ཞེས་ཐོས༔ གླིང་པ་ལྔ་ཡི་ཡ་གྱལ་རྩོད་པ་མེད༔ ཡབ་ནི་གཏེར་སྟོན་ཉི་ཟླ་སངས་རྒྱས་ཏེ༔ དགུང་ལོ་མཐར་ཕྱིན་བརྒྱ་དང་ཉི་ཤུར་བཞུགས༔ སྲས་ནི་གཏེར་སྟོན་ཀརྨ་གླིང་པ་སྟེ༔ གཏེར་ཤོག་བསྟན་སྔས་སྐུ་ཚེའི་བར་ཆད་ཀྱིས༔་ཡབ་ཉིད་བཞུགས་པའི་དུས་ནས་གཞོན་ནུར་འདས་ཡབ་སྲས་གཉིས་ཀ་གཏེར་སྟོན་ཚད་ལྡན་ཕྱིར༔ དུས་གཅིག་གཏེར་སྟོན་གཉིས་མི་འབྱུང་གསུངས་པ༔ གཏེར་ཆོས་གཅིག་པ་མིན་པས་བཀག་པ་མེད༔ འདི་ལ་གོ་བ་ཕྱི་རབས་རྣམས་


CMR005_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལོངས༔ མ་ཇོས་ཟངས་གྲི་འཕངས་པ་ཐུགས་ཀར་ཕོག༔ སྲས་ལ་དབང་ལུང་གནང་ལོང་མ་བྱུང་བར༔ ཤོག་སེར་དབུར་བཞག་བཀའ་གཏད་བྱས་ནས་འདས༔ ཟེར་བ་ངག་འཆལ་ཐོས་པ་རྫུན་ཡིན་ཏེ༔ ཀརྨ་གླིང་པ་ལུང་ནས་བསྟན་པ་ཡི༔ གཏེར་གྱི་དངོས་སློབ་བཅུ་བཞི་བྱུང་བ་ལ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་སྤེལ༔ ཁྱད་པར་བར་དོ་དྲུག་གི་ཁྲིད་དྲུག་ནི༔ ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་དང་༔ ཞི་ཁྲོ་དགོངས་པ་རང་གྲོལ་གཉིས་ཀ་ཡི༔ ཐུན་མོང་སྤྱི་ཡི་རྫོགས་རིམ་སྐོར་ཡིན་པས༔ གཏེར་སློབ་བཅུ་བཞི་ཀུན་གྱིས་ཐོབ་ན་ཡང་༔ ཞི་ཁྲོ་དགོངས་པ་རང་གྲོལ་བཀའ་རྒྱ་དགོས༔ འདས་པར་དགོངས་ནས་ལུང་བསྟན་མང་པོ་བྱུང་༔ སྲས་ལ་དགོངས་པ་རང་གྲོལ་དབང་ལུང་གནང་༔ དབང་བཞི་ཡོངས་རྫོགས་འོག་སྒོ་བདེ་ཆེན་སྐོར༔ གཅིག་བརྒྱུད་ཁོ་ན་ལས་ནི་མི་རུང་ཕྱིར༔ ལུང་བསྟན་གཏེར་སློབ་མཆོག་ཏུ་གྱུར་པ་ཡི༔ དངོས་གྲུབ་རྒྱ་མཚོ་ཞེས་བྱ་གཅིག་པུར་གནང་༔ དེ་དག་གཉིས་ཀ་བརྒྱུད་པ་གསུམ་གྱི་བར༔ གཅིག་བརྒྱུད་མ་གཏོགས་གནང་བའི་དབང་མེད་དེ༔ ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་སྐོར༔ སྲས་དང་གཏེར་སློབ་རྣམས་ཀྱིས་ཀུན་ལ་སྤེལ༔ ཉི་ཟླ་ཆོས་རྗེ་གཏེར་


CMR005_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་སྐུ་སྲས་ཡིན༔ དེ་ལ་ཡབ་ཀྱིས་ལུང་བསྟན་ཡོད་པ་ལྟར༔ བླ་མ་ཉི་ཟླ་འོད་ཟེར་དེ་ལ་གནང་༔ དེ་ཡིས་བཀའ་བབས་ཆོས་ཀྱི་རྒྱ་མཚོ་འམ༔ ཆོས་ཀྱི་རྒྱལ་མཚན་ཞེས་བྱ་དེ་ལ་གནང་༔ བླ་མའི་བཀའ་ལྟར་གཞན་ལ་མ་བསྟན་པར༔ ལོ་དྲུག་ཉམས་བླངས་དེ་ནས་ཅུང་ཟད་སྤེལ༔ ཁྱད་པར་དགུང་ལོ་ལྔ་བཅུ་ལོན་པའི་དུས༔ སྤྲེལ་ལོར་མཚམས་བསྡམས་སྒྲུབ་པ་བྱེད་པའི་སྐབས༔ ངོ་མཚར་རྨིས་ལྟས་དག་སྣང་དང་བཅས་དུས༔ གཏེར་སློབ་གྲུབ་ཐོབ་དངོས་གྲུབ་རྒྱ་མཚོ་ལ༔ ཞི་ཁྲོའི་དབང་བཞི་འཕྲད་ཚད་རང་གྲོལ་དང་༔ འོག་སྒོ་བདེ་ཆེན་ལ་སོགས་གཅིག་བརྒྱུད་རྣམས༔ ཁྱེད་ལ་བཀའ་བབས་སྐྱེལ་དུ་འོང་གསུངས་ནས༔ ཙཱ་རི་བསྐོར་ཞོར་གསང་ཐབས་མཚམས་ཁུང་གནང་༔ དེ་ཡན་གཅིག་བརྒྱུད་སུ་ལའང་མཐོང་ཐོས་མེད༔ དེ་ཕྱིར་བཀའ་བབས་ཆོས་ཀྱི་རྒྱ་མཚོ་ཡི༔ གཏེར་ནས་ཐོན་པ་རེད་ཟེར་འཆལ་གཏམ་བྱུང་༔ དེ་ནས་བརྒྱུད་པ་གསུམ་རྫོགས་བཀའ་རྒྱ་གྲོལ་སྤེལ་བའི་ལུང་བསྟན་ཁོང་ལ་ཡོད་པའི་ཕྱིར༔ སྐུ་ཚེའི་སྟོད་ལ་ཉིད་ལའང་དབང་ལུང་ནི༔ གཅིག་བརྒྱུད་བསྐོར་རྣམས་ད་རུང་མ་ཐོབ་སྐབས༔ གཏོར་དབང་རེག་པ་དོན་ལྡན་ཙམ་དང་


CMR005_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ནི༔ ཞི་ཁྲོའི་དབང་ཆོག་ཕྱག་ལེན་བསྡུས་པ་སྤེལ༔ དེ་ཡི་བརྒྱུད་པ་ཟུར་མང་ལུགས་འདི་བྱུང་༔ སྐུ་ཚེའི་སྐེད་ལ་དབང་ལུང་འབྲིང་པོ་སྤེལ༔ ཕྱག་ལེན་འབྲིང་པོ་མཛད་པའི་རྒྱུན་ལ་ནི༔ དེང་སང་ཀཐོག་ལུགས་ཀྱི་ཞི་ཁྲོ་འཕེལ༔ སྐུ་ཚེའི་སྨད་ལ་ཉིད་ཀྱིས་ཡོངས་རྫོགས་ཐོབ༔ དབང་བཞི་རྒྱས་པ་ཁྲིད་དང་སྤེལ་བ་དང་༔ ཕྱག་ལེན་རྒྱས་པ་མཛད་ནས་ཡོངས་རྫོགས་སྤེལ༔ དེ་ཡི་ལུགས་ནི་དེང་སང་ངེད་ཀྱིས་བྱེད༔ དེ་ཡང་དེ་ཡི་བརྒྱུད་པ་གང་ཞེ་ན༔ བཀབ་བབས་ཉིད་ཀྱིས་རྒྱལ་ཚབ་སློབ་མའི་གཙོ༔ སྤྲུལ་སྐུ་ཐུགས་རྗེ་འོད་ཟེར་ཞེས་བྱ་བ༔ དེས་སློབ་འཁྲུལ་ཞིག་བུདྨ་མངྒ་ཞེས༔ དེ་གཉིས་བཀའ་བབས་ཉིད་ཀྱི་གདན་ས་ཡིན༔ སྨན་མོ་དགོན་སོགས་ཀོང་ཡུལ་ས་ཕྱོགས་དེར༔ བཀའ་བབས་ཉིད་ཀྱིས་དགོན་པ་བརྒྱད་བཏབ་སྐད༔ རཏྣའི་གདུང་རྒྱུད་ཀུན་དགའ་གྲགས་པ་ཡིས༔ བུད་མངྒ་དེ་ལ་ཡོངས་རྫོགས་གསན༔ ཀུན་དགའ་གྲགས་པའི་སྲས་ནི་སྟོད་སྒོག་གཅིག༔ མཚན་ནི་ཀུན་དགའ་བསྟན་འཛིན་ཞེས་བྱ་བ༔ སྟོད་སྒྲོག་ཡིན་ཕྱིར་རཏྣའི་གདན་ས་རྣམས༔ མ་ཐོབ་ཡབ་ཀྱིས་དབང་ལུང་ཐམས་ཅད་གནང་༔ ཁམས་སུ་སྒར་པ་བྱས་ནས་འབུལ་སྡུད་བྱོན༔ དེ་དུས་ངོམ་


CMR005_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡུན་རིང་བཞུགས་པ་ལ༔ ང་ཡི་སློབ་དཔོན་སྐུ་ན་ཕྲ་དུས་ཐོབ༔ སློབ་དཔོན་ཁུ་བོ་བཀྲ་ཤིས་དབང་ཕྱུག་ཅེས༔ སྔགས་འཆང་སྐུ་ཡོན་ཆེན་པོ་ཅན་ཡོད་པས། ཕྱག་ལེན་གྱེར་དབྱངས་བཅས་པ་ལེགས་པར་བསླབས༔ ཞི་ཁྲོའི་དཀྱིལ་འཁོར་ཕོ་བྲང་མར་དབུབ་ཀྱང་༔ ཀུན་དགའ་བསྟན་འཛིན་དེ་ལ་དཔེ་བྱས་བཞེངས༔ ཆུང་དུས་ཐོབ་པས་གོ་ཡང་མ་བཅད་པར༔ སླར་ཡང་ཁོ་བོའི་དྲུང་ནས་རྫོགས་པར་ཞུས༔ དེ་ལ་བདག་གིས་དབང་ལུང་ཡོངས་རྫོགས་དང་༔ དབང་ནི་བསྐྱར་ནས་དག་ཆ་ལན་གཉིས་ཞུས༔ དེ་ཕྱིར་ངེད་ཀྱི་ཕྱག་ལེན་རྒྱས་པ་འདི༔ བཀའ་བབས་ཉིད་ཀྱིས་ཕྱག་ལེན་ངེས་པ་ཡིན༔ ཀུན་དགའ་བསྟན་འཛིན་སྤུ་བོ་སྨན་ཆུ་དགོན༔ དེ་ཡི་སྤྱི་བླ་མཛད་ནས་བཞུགས་པ་ལ༔ སློབ་མ་དབོན་པོ་བཀའ་བརྒྱུད་བཀྲ་ཤིས་དང་༔ ཨོ་རྒྱན་བསྟན་འཛིན་ཞེས་བྱ་ཁམས་ཆེན་བྱོན༔ དེ་ལ་འབྲི་གུང་ཞབས་དྲུང་འཇའ་ཚོན་པ༔ སྐྱེས་ཆེན་དུ་མས་དབང་ལུང་ཞུས་སོ་སྐད༔ ཕྱག་ལེན་རྒྱས་པ་འདི་ཡི་ལུགས་ལ་ཡང་སྤུ་ཀོང་ཕྱོགས་སུ་དར་ཆ་ཆེ་བ་ཡིན༔ དེ་ལྟར་བཀའ་བབས་ཆོས་ཀྱི་རྒྱལ་པཚན་པས༔ ཞི་ཁྲོའི་ཆོས་སྐོར་མང་དུ་མཛད་པ་རྣམས༔ ཧ་ཅང་བརྩམས་


CMR005_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལེགས་པོ་མི་འདུག་ཀྱང་༔ ལུང་ནས་བསྟན་པའི་བཀའ་བབས་རྩོད་མེད་ཕྱིར༔ མཛད་ཆོས་རྣམས་ཀྱང་པོ་ཏིའི་གཞུང་དུ་བརྩི༔ དེ་ཕྱིར་ཀཿཐོག་བླ་མ་སྔ་རབས་དང་༔ དུས་ཕྱིས་ཧེ་པ་བླ་མ་ཆོས་འབྱུང་གནས༔ པད་མ་བློ་གྲོས་ལ་སོགས་མང་པོ་ཡིས༔ ཆོ་གའི་འགྲིགས་དང་ལྷན་ཐབས་མང་དུ་མཛད༔ རི་བོ་ཆེ་རུ་དགོངས་འདུས་ཞི་ཁྲོ་ནི༔ དེང་སང་བར་དུ་རྒྱུན་དུ་བླུག་དར་ཡང་༔་ཀརྨ་གླིང་པའི་ལུགས་ཀྱི་ཆོ་གའི་འགྲིགས༔ མཁར་དྲུང་ཉིད་ཀྱིས་མཛད་པའང་བདག་གིས་མཐོང་༔ དུས་ཕྱིས་ཆོས་སྒོ་བ་ཡིས་མཛད་པ་དང་༔ ཚེར་ལུང་གོང་མས་ཆོག་བསྒྲིགས་རྩ་ཐོ་ནི༔ མཛད་ཀྱང་དེང་སང་དེ་ལུགས་མ་དར་སྐད༔ དེ་བཞིན་དགོངས་འདུས་ལུགས་དང་འཇའ་ཚོན་ལུགས༔ སོ་སོར་བཅའ་ཚོགས་འདོན་ཆ་དུ་མ་སྣང་༔ གང་ལྟར་བྱས་ཀྱང་འགལ་བ་མེད་མོད་ཀྱང་༔ དེང་སང་ཡོངས་གྲགས་གསར་མ་ཤུགས་ཆེ་བས༔ རྙིང་མ་རང་ལུགས་དེ་ཡིས་མ་ཚིམ་པར༔ གསར་མའི་མིག་ལྟོས་བདག་མདུན་བུམ་པ་སོགས༔ མི་འགྲིགས་བཞིན་དུ་བསྒྲིགས་པ་མང་བ་མཐོང་༔ དཀྱིལ་འཁོར་ཡར་འདིང་བྲི་བའི་ལུགས་འདི་ལ༔ གཏོར་དབང་རེག་པ་དོན་ལྡན་མངོན་རྟོགས་ལྟར་


CMR005_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཀུན་བཟང་མདུན་དུ་བུདྡྷ་ཧེ༔ གཡས་སུ་རྣམ་སྣང་ལ་སོགས་བཀོད་པ་ནི༔ སློབ་དཔོན་ཧཱུྃ་ཀཱ་ར་ནས་བརྒྱུད་པ་ཡི༔ ཞི་ཁྲོ་བཀའ་མའི་ལུགས་ཡིན་འདིར་མི་འཐད༔ ཅི་ཕྱིར་ཞི་ཁྲོའི་ལས་བྱང་རྒྱས་བསྡུས་གཉིས༔ རིག་འཛིན་ལྔ་སོགས་ཡོད་པ་མ་ཡིན་ཞིང་༔ རྣམ་སྣང་ལྷོ་རུ་བཞུགས་པ་ལ་སོགས་པ༔ འདོན་ཆ་ཉིད་དང་མངོན་སུམ་འགལ་ཕྱིར་རོ༔ མཐའ་ཡི་བྷན་རཀྟ་གཏོར་མ་སོགས་རི་རབ་བང་རིམ་འདྲ་བ་བྱེད་པ་ནི༔ བྱས་ཀྱང་མཆོད་སྟེགས་ཡིན་པས་མི་འགལ་ཞེས༔ མ་བྱས་ཤིང་ལེབ་ཐོག་སོགས་བསྒྲིག་ཀྱང་རུང་༔ དེ་སྐད་གྲུབ་ཐོབ་མེ་ལོང་རྡོ་རྗེས་བཞེད༔ དགོངས་འདུས་ལུགས་ལ་མེ་ཏོག་ཕྲེང་མཛེས་སོགས༔ དགོངས་འདུས་ཆོ་ག་རྒྱས་བསྡུས་གཞུང་བསྲངས་ནས༔ པདྨ་བཛྲ་ཐུགས་ཀར་ཞི་བ་དང་༔ ཞི་ཁྲོའི་ལྷ་ཚོགས་ཕྱི་ནང་སྦྲགས་མར་བསྒོམ༔ འཇའ་ཚོན་ལུགས་ལ་པདྨ་འོད་འབར་བཏང་༔ འོད་འབར་གནས་ལྔར་ཞི་ཁྲོ་རིག་འཛིན་དང་༔ ཕུར་པ་ཊྛཀི་ལ་སོགས་བསྒོམ་པར་བཤད༔ ཞི་ཁྲོ་བཀའ་མར་བཀའ་བརྒྱད་ལ་སོགས་པ༔ ཡི་དམ་གང་རུང་གཞུང་བསྲང་བདག་བསྐྱེད་ནས༔ མདུན་དུ་ཞི་ཁྲོའི་ལྷ་ཚོགས་བསྒོམ་པར་


CMR005_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བཤད༔ མཁར་དྲུང་ཕྱག་ལེན་ཐུགས་སྒྲུབ་གཞུང་བསྲངས་ནས༔ དེ་ནས་དགོངས་འདུས་ཞི་ཁྲོ་འདོན་སྲོལ་འཇིགས༔ ལ་ལས་ལས་བྱང་ཏིང་འཛིན་རྣམ་གསུམ་ནས༔ བདག་བསྐྱེད་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་བྱེད༔ ལ་ལས་བདག་བསྐྱེད་བག་ཆགས་རང་གྲོལ་འདོན༔ མདུན་བསྐྱེད་ལས་བྱང་གཞུང་ནི་མངོན་རྟོགས་ལྟར༔ བུམ་བསྐྱེད་ཞི་བ་རིགས་ལྔ་སོ་སོ་ཡི༔ མངོན་རྟོགས་ཙམ་ཞིག་བསྒོམ་པའི་ལུགས་ཀྱང་སྣང་༔ དེ་དག་རྣམས་ཀྱང་གསར་མའི་མིག་ལྟོས་བྱེད༔ དགོས་པའི་དཀའ་སྲུང་སྡེ་བདུན་ཕར་སྐྱུར་ནས༔ མི་དགོས་གསར་མའི་ཆོས་སྐྱོང་མང་པོ་སབ༔ དེ་ལྟར་མཛད་པ་དཀྱུས་ལ་འཇགས་པ་མང་༔ ཆོས་སྒོ་བ་སོགས་མཛད་པ་འགའ་ཞིག་གིས༔ ཚོར་ཆེན་ལས་བྱང་ཆེ་ཆུང་བསྲེས་ནས་བྲིས༔ རྒྱས་བསྡུས་མཚལ་སེར་མཛད་ཀྱང་འགལ་བ་མེད༔ ཀཿཐོག་བླ་མ་ཆོས་འབྱུང་ལ་སོགས་ཀྱིས༔ ཞི་ཁྲོ་གཉིས་པོ་དཀྱིལ་འཁོར་གཉིས་བརྩེགས་བསྒོམ༔ འོག་མ་ཞི་བའི་དཀྱིལ་འཁོར་དེ་ཡི་སྟེང་༔ ཁྲོ་བོའི་དཀྱིལ་འཁོར་བསྒོམ་པར་བྱེད་པ་ནི༔ མར་མེ་དང་ནི་འོད་ལྟར་བསྒོམ་གསུངས་པ༔ འདི་ནི་མེ་ལོང་རྡོ་རྗེས་མཛད་ཆོས་ལ༔ ཞི་ཁྲོ་བཀའ་མའི་ལུགས་སུ་དེ་འདྲ་


CMR005_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་༔ དགོངས་པ་ཕྱི་ནང་གཉིས་ཀ་དོན་གཅིག་པས༔ ལུས་ལྷ་ཞི་བ་སྙིང་དང་ཁྲོ་བོ་ནི༔ སྤྱི་བོར་བཞུགས་པས་དེ་ལ་དགོངས་པར་སྣང་༔ འདི་ནི་ནམ་ཡང་འཐད་པར་མ་མཐོང་སྟེ༔ ཚད་ལྡན་གསར་རྙིང་གཞུང་ལུགས་གང་ལ་ཡང་༔ དཀྱིལ་འཁོར་ཕྱི་ནང་སྦྲགས་པ་མང་ན་ཡང་༔ དཀྱིལ་འཁོར་བརྩེགས་མར་ཡོད་པར་མ་མཐོང་ངོ་༔ ལས་བྱང་གཉིས་ལ་དེ་ཡི་སྒྲོས་ཙམ་མེད༔ ལ་ལས་རིག་འཛིན་ལྔ་དང་སྤོར་བྱེད་བརྒྱད༔ ལས་བྱང་ནང་མེད་ལྷ་དབང་ནང་ན་མེད༔ མ་ཚང་འདུག་སྙམ་རྣམ་པར་རྟོག་བྱེད་པ༔ ཨོ་ནས་ཨཱབར་ཡི་གེ་བརྒྱ་པོ་ནི༔ དམ་པ་རིགས་བརྒྱའི་ས་བོན་ཡི་གེར་གསུངས༔་དམ་པ་རིགས་བརྒྱར་རིག་འཛིན་སྤོར་བྱེད་མེད༔ འོན་ཀྱང་དོན་ལ་ཚང་བར་ཡོད་པ་སྟེ༔ ཐུབ་དྲུག་ཁྲོས་པ་སྤོར་བྱེད་བརྒྱད་ཡིན་ཏེ༔ རིག་འཛིན་ལྔ་ནི་བརྒྱུད་པའི་བླ་མ་གཅིག༔ དེ་ཕྱིར་དོན་ལ་མ་ཚང་མེད་པར་ངེས༔ དཀྱིལ་འཁོར་མཐའ་ལ་བྷནྡཱ་རཀྟ་དང་༔ ཟུར་གསུམ་ཚོགས་དང་མར་མེ་བརྒྱ་རྩ་ནི༔ ཤིན་ཏུ་བསྡུས་པའི་བཅའ་ཚོགས་ཡིན་པ་སྟེ༔ བྷན་རཀྟ་ཟུར་གསུམ་ལྷ་བཤོས་དང་༔ ཚོགས་ཆུང་ཤ་ཟན་མར་མེ་བརྒྱ་རྩ་བརྒྱད༔ དེ་ནི་བཅའ་ཚོགས་འབྲིང་


CMR005_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཡིག་ཆུང་འཐུས༔ རྨད་བྱུང་གཏོར་མ་བཞི་བཅའ་ཕྱོགས་བཞི་ནས༔ བཀྱག་པ་ཀཿཐོག་ལུགས་ལ་དར་བར་སྣང་༔ མར་འབུབ་འཛོམས་ན་ལེགས་ཤིང་མ་འཛོམ་རུང་༔ དེ་དག་གཞན་ལུགས་རྣམ་གྲངས་ཐོ་ཙམ་མོ༔ རྣམ་གྲངས་དབྱེ་བའི་སརྒ་གཉིས་པའོ༔ ༈ དེ་ནས་རང་ལུགས་ཕྱག་ལེན་བཤད་བྱ་བ༔ སྒྲུབ་ཆེན་དབང་ཁྲིད་སྦྲེལ་མར་འཇུག་པ་ན༔ དང་པོ་ས་དང་ཐིག་ཆོག་ས་འདུལ་འཚམས༔ དེ་ནས་དཀྱིལ་འཁོར་བཀོད་ཅིང་རྒྱན་བཀོད་འདོན་རྒྱལ་ཐོ་སྒོ་བྱང་དམ་སྲི་མནན་པ་སོགས༔ གཞུང་ནས་ཁ་འཕང་ཙམ་ལས་མ་གསུངས་ཀྱང་༔ གཏེར་ཁ་གཞན་ནས་ཁ་བཀང་རྒྱས་བྱས་ཏེ༔ རྒྱལ་ཐོ་ལ་ཡང་དེ་ཡི་འཆམ་དང་སྦྲགས༔ དམ་སྲི་མནན་ལ་རྟ་བྲོ་བརྡུངས་བྱས་ཤིང་༔ ཆོ་གའི་གཞུང་བསྲང་བཀའ་སྲུང་མཆོད་པ་དང་༔ བསྙེན་པ་ལ་སོགས་ཅི་ནུས་སྐབས་དང་བསྟན༔ འཛབ་བསྙེན་དབྱངས་བཅས་ཁྲོམ་ལ་བསྐུར་བས་འཐུས༔ སྔོན་འགྲོ་སྐྱབས་སེམས་སྐབས་སུ་སྐྱབས་སྡོམ་དང་༔ སེམས་བསྐྱེད་སྡོམ་པ་རྒྱས་པར་སྤྱི་ལྟར་འབོག༔ དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ༔ ལས་འབྲས་བཤད་སྐབས་བསྙེན་གནས་ངག་བཅད་ཀྱི༔ སྡོམ་པ་འབོག་ཅིང་དེ་


CMR005_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བསླབ་བྱ་བཤད༔ དཀྱིལ་འཁོར་བྱིན་འབེབས་སློབ་མ་བྱིན་འབེབས་དང་༔ ཕུར་འཆམ་ཉུལ་ལེ་ལ་སོགས་གཞུང་ཉིད་ནས༔ ཁ་འཕང་མ་གཏོགས་གསལ་བར་མེད་པ་ནི༔ གཞན་ནས་ཁ་སྐོང་འཆམ་དང་བཅས་པ་བྱ༔ དངོས་གཞི་བུམ་དབང་བུམ་འཛིན་ལྷ་མོ་ལྔ༔ འཆམ་དང་བཅས་ཏེ་བུམ་དབང་རྒྱས་པ་དང་༔ ལྷ་དབང་སྐབས་ནས་ཆོས་ཉིད་བར་དོ་ཡི༔ ངོ་སྤྱོད་ཆེན་མོ་དང་བཅས་དབང་རྣམས་བསྐུར༔ བུམ་དབང་རྫོགས་ནས་གཏོར་དབང་མཐའ་བརྟེན་ཞིང་༔ ཚེ་དབང་གཞན་རྣམས་ཁ་བཀང་ཚེ་འགུགས་མཚམས༔ ཉུང་ཆོས་ཚུལ་དུ་ཐོད་རྒལ་ངོ་སྤྲད་དེ༔ མཐར་ནི་རྒྱལ་ཐོ་བསྡུ་འཆམ་ཆད་མདོ་དང་༔ འཛོམ་ན་ཚོགས་འཁོར་ཚོགས་འཆམ་བཅས་པ་བྱ༔ མ་འཛོམ་རྒྱུན་དུ་ཚོགས་ཆུང་བྱས་པས་འཐུས༔ རྗེས་ནས་བསྔོ་བ་སྨོན་ལམ་བཀྲ་ཤིས་བྱ༔ འདི་ནི་དབང་དང་སྒྲུབ་ཆེན་ཉམས་ཁྲིད་གསུམ༔ སྦེལ་མ་ཐོས་པས་གྲོལ་བའི་གདམས་པའོ༔ བསྡུས་པ་མགྱོགས་དབང་དཀྱིལ་འཁོར་དབང་རྫས་བཤམས༔ ལས་བྱང་གཞུང་བསྲང་བསྙེན་པ་ཅི་ནུས་བྱ༔ འཕྲལ་དུ་ཉིན་གཅིག་ལ་སོགས་དབང་རྫོགས་བསྐུར༔ དེ་ལྟར་རྒྱས་བསྡུས་དབང་ནི་གང་བསྐུར་ཀྱང་༔


CMR005_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་རྒྱས་བསྡུས་གང་ལྕོགས་ཚར་གཅིག་གིས༔ བདག་མདུན་བུམ་པ་གཏོར་མ་བཞི་པོ་ལ༔ དུས་གཅིག་དཀྱིལ་འཁོར་ཆ་ཚང་བསྐྱེད་པ་སྟེ༔ སོ་སོར་འདོན་མི་དགོས་པ་རྙིང་མ་ཡི༔ ཁྱད་ཆོས་ཡིན་པས་ཐེ་ཚོམ་མི་བྱ་འཚལ༔ དབང་བསྐུར་རྒྱས་བསྡུས་གང་རུང་མ་ཐོབ་བར༔ ཐོད་རྒལ་བཤད་ན་བར་ཆད་རིན་གྱིས་ཉོས༔ ཐོད་རྒལ་བཀའ་སྲུང་མ་གཟའ་དམ་གསུམ་སྟེ༔ ཀོ་ལོང་ཕྲག་དོག་ཆེ་ཞིང་རྩུབ་པ་ཡིན༔ ཞི་ཁྲོ་དང་ནི་ན་རཀ་དོང་སྤྲུགས་གཉིས༔ ཆོ་ག་གཅིག་ལ་དཀྱིལ་འཁོར་གཉིས་སུ་འགྱུར༔ གཙོ་བོ་འཕོ་བའི་ཁྱད་པར་ཡིན་པ་སྟེ༔ སྤྲོས་བཅས་བུམ་དབང་རྒྱས་པ་ཞི་ཁྲོའི་དབང་༔ དེ་ཡི་མཇུག་གི་མཆོག་དབང་སྐོར་གསུམ་ནི༔ དམ་ལྡན་མིན་ན་བསྐུར་ན་ཉེས་པ་ཚེ༔ ན་རཀ་དོང་སྤྲུགས་རིགས་དྲུག་སྐྱེ་བའི་སྒོ༔ གཅོད་པའི་དབང་ནི་འབྲིང་པོ་ཉིད་དུ་ངེས༔ ཞི་ཁྲོའི་འཛབ་བསྙེན་སོ་སོའི་སྙིང་པོ་ནི༔ རྒྱས་པར་ལས་བྱང་ཆེ་བའམ་བཏགས་གྲོལ་ལྟར༔ བསྡུས་པ་བོ་དྷི་ཙིཏྟས་ཆོག་པ་ཡིན༔ ན་རཀ་དོང་སྤྲུགས་འཛབ་བསྙེན་རྒྱས་པ་ནི༔་ན་རཀ་དོང་སྤྲུགས་རྒྱུད་ནས་གསུངས་པ་ལྟར༔ རྡོ་རྗེ་སེམས་དཔའ་རིགས་ལྔའི་ཡིག་བརྒྱ་བཟླ༔ བསྡུས་ན་བཛྲ་སཏྭ་ཧཱུྃ་ཞེས་


CMR005_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སམ༔ རཏྣ་པདྨ་ཀརྨ་བུདྡྷཱ་སོགས༔ ༀ་དང་སཏྭ་ཧཱུྃ་གི་བར་བཅུག་ལ༔ བཟླ་དང་ཁྲོམ་ལ་བསྐུར་བ་ཕྱག་ལེན་ནོ༔ བྱང་བུ་ལ་ཡང་རྒྱས་པར་སྤྲོ་ན་ནི༔ དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ་བསྐུར༔ བྱང་བུ་ལམ་བསྟན་སྐབས་སུ་བྱང་བུ་ནི༔ མདེའུ་རྩེར་བཏགས་ལ་གཞུ་བཀང་འཕེན་ཚུལ་བྱ༔ མེ་སྦར་ལ་སོགས་གཞུང་ལྟར་བྱས་ནས་ནི༔ བྱང་ཐལ་ལ་ནི་སཱཙྪ་བཏབ་པ་ཡིན༔ རིགས་དྲུག་གནས་འདྲེན་གཞུང་ལྟར་རྒྱས་པ་ནི༔ རིགས་དྲུག་དལ་དང་དབང་གདན་ལ་སོགས་དང་༔ གླུད་བསྔོ་ཁྲུས་བྱས་གནས་སྤར་གཞུང་ལྟར་རོ༔ དེ་དག་དབང་དང་བྱང་བུའི་རིམ་པ་སྟེ༔ རང་ལུགས་སརྒ་དེ་ནི་གསུམ་པའོ༔ ༈ ཞི་ཁྲོ་བླུགས་པའི་ཕྱག་ལེན་རྒྱས་བསྡུས་གཉིས༔ བཅའ་ཚོགས་རྒྱས་བསྡུས་འདོན་ཆ་རྒྱས་བསྡུས་སོ༔ རས་བྲིས་ཡིན་པས་ས་ཐིག་མི་དགོས་ཏེ༔ སྟེགས་བུའམ་ནི་གཡང་དུག་བཏིང་ཡང་རུང་༔ འདོམ་གང་ཁྲུ་གང་གྲུ་བཞི་ཚད་ཡིན་ཏེ༔ དབུས་སུ་རས་བྲིས་དཀྱིལ་འཁོར་བཤམས་པ་ནི༔ མེ་རི་རྡོ་ར་དུར་ཁྲོད་བརྒྱད་ཀྱི་དབུས༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་པའོ༔ དབུས་སུ་ཐིག་ལེ་སྨུག་པོ་ཆེན་པོ་ནི༔ བུདྡྷ་ཧེ་རུ་ཡབ་ཡུམ་མཚོན་པ་


CMR005_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ༔ དེ་སྟེང་སྨུག་ནག་ཆེ་མཆོག་ཡབ་ཡུམ་ཡིན༔ དེ་སྟེང་དཀར་པོ་རྣམ་སྣང་ཡབ་ཡུམ་གཉིས༔ དེ་སྟེང་ཐིག་ལེ་ཕྱེད་སྔོ་ཕྱེད་དཀར་བ༔ གཙོ་བོ་ཀུན་བཟང་ཡབ་ཡུམ་གཉིས་ཡིན་ནོ༔ ཤར་དུ་ཐིག་ལེ་སྔོན་པོ་གཉིས་བརྩེགས་ནི༔ བཛྲ་ཧེ་རུ་ཀ་དང་རྡོ་རྗེ་སེམས༔ གལ་ཏེ་ན་རཀ་དོང་སྤྲུགས་ལུགས་བྱེད་ན༔ དབུས་སུ་ཐིག་ལེ་བརྗེ་བ་རིག་པས་ཤེས༔ རྡོར་སེམས་མདུན་རྒྱབ་གཡས་གཡོན་བཞི་པོ་ལ༔ ཤར་གྱི་སེམས་དཔའ་སེམས་མ་བཞི་པོའོ༔ དེ་བཞིན་ལྷོ་དང་ནུབ་དང་བྱང་བཞི་རུ༔ གཙོ་བོ་རིགས་བཞི་ཁྲག་འཐུང་རིགས་བཞི་དང་༔ ཕྱོགས་བཞིར་རིགས་ཀྱི་སེམས་དཔའ་ཡབ་ཡུམ་བཞི༔ མཚམས་བཞིར་ཐུབ་པ་བཞི་དང་ཤར་ནུབ་ཏུ༔ ཐུབ་པ་དྲུག་པོ་རང་མདོག་ཐིག་ལེ་དང་༔ དེ་རྒྱབ་འདབ་བརྒྱད་དམ་ནི་རྩིབས་བརྒྱད་ལ༔ ཀོའུ་རི་བརྒྱུད་བཀོད་རྩིབས་མཆན་སིང་ཧ་བརྒྱད༔ སྒོ་བཞིའི་གཡས་སུ་ཁྲོ་བོ་ཡབ་ཡུམ་དང་༔ གཡོན་དུ་རྟ་གདོང་སྒོ་མ་བཞི་པོ་སྟེ༔ ཡང་ན་སྒོ་ནང་ཁྲོ་བོ་བཞི་པོ་ལ༔ སྒོ་ཡི་དཀྱིལ་དུ་རྟ་གདོང་སྒོ་མ་བཞི༔ དཀྱིལ་འཁོར་ཕྱི་རིམ་དུར་ཁྲོད་བརྒྱད་ཀྱི་ནང་༔ བར་ཁྱམས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་རྣམས༔ ཐམས་ཅད་རང་མདོག་ཐིག་ལེ་བཀོད་པ་


CMR005_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན༔ ལ་ལས་དབུས་ཀྱི་ཐིག་ལེའི་འོག་ཏུ་ནི༔ རྡོ་རྗེ་སྔོན་པོ་ཨ་དཀར་མཚན་པ་ནི༔ བྲི་སྲོལ་ཡོད་ཀྱང་མ་བྲིས་འགལ་བ་མེད༔ དཀྱིལ་འཁོར་མེ་རི་ཕྱི་ཡི་ཟུར་།།བཞི་ལ༔ བུམ་པ་ཁ་རྒྱན་ལྡན་པ་བཞི་བྲི་བ༔ རྟ་བུམ་ཞེས་བྱ་དཀྱིལ་འཁོར་རྒྱུན་ཡིན་ཏེ༔ ཡོད་ན་དངོས་སུ་བཤམས་པ་དགོས་རྒྱུར་སྣང་༔ རས་བྲིས་དཀྱིལ་འཁོར་དབུས་སུ་བུམ་པ་ནི༔ ཕྱོགས་བཞི་དབུས་ལྔར་རིགས་ལྔའི་བུམ་པ་བཤམས༔ མེད་ན་གཅིག་ཆོག་ཀུན་ཀྱང་རྒྱུན་ལྡན་བཤམས༔ དཀྱིལ་འཁོར་གཡས་སུ་བདུད་རྩི་གཡོན་རཀྟ༔ རྨད་བྱུང་གཏོར་མ་རིན་ཆེན་འབར་བ་མདུན༔ དེ་རྒྱབ་ཤར་དུ་ཞི་བའི་གཏོར་མ་ཟླུམ༔ ལྷོ་རུ་རྒྱས་པ་སྟོད་ཟུར་བཞི་པའོ༔ ནུབ་ཏུ་དབང་གི་གཏོར་མ་སྟོད་ཟུར་གཉིས༔ བྱང་དུ་དྲག་པོའི་གཏོར་མ་སྟོད་ཟུར་གསུམ༔ ལས་དང་མཐུན་པའི་མར་རྒྱན་དེ་ཡི་དབྱིབས༔ མཚམས་བཞིར་ཟུར་གསུམ་ཤ་མར་བརྒྱན་པ་བཤམས༔ བར་མཚམས་ལྷ་བཤོས་རྒྱན་ལྡན་བཅུ་དྲུག་བཀོད༔ ནུབ་དངོས་གཏོར་ཆུང་མི་བསྒྲིག་སྟོང་པ་ལ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་༔ གཏོར་མགྲོན་ཕུགས་གཏོར་ཆེ་ཞིང་བཟང་བ་བསྒྲིགས༔ དེ་མིན་ཕྱོགས་གསུམ་ནང་ནས་རིམ་པ་


CMR005_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར༔ བདུད་རྩི་ཟུར་གསུམ་རཀྟ་ལྷ་བཤོས་དང་༔ མེ་ཏོག་བདུག་སྤོས་དྲི་ཆབ་ཚོགས་ཆུང་དང་༔ མཐེབ་སྐྱུ་ཤ་དུམ་སྦྱར་བ་མར་མེ་རྣམས༔ རེ་རེ་བཞིན་དུ་བརྒྱ་རྩ་ཚང་བ་དང་༔ རྣམ་གྲངས་སྟོང་ཕྲག་གཅིག་ནི་འོང་བ་ཡིན༔ དེ་རྒྱབ་ཟུར་བཞིར་རྒྱལ་མཚན་བཞི་དང་ནི༔ རལ་གྲི་བཞི་དང་མདའ་དར་འཕན་བཅས་བཞི༔ མེ་ལོང་བཞི་དང་ཚོན་སྐུད་དྲ་བ་དང་༔ འོག་ཏུ་སྟག་གི་སྒབ་བསྐོར་ཕུར་བཅུ་གཉིས༔ སྟེང་དུ་ཕོ་བྲང་ཙཀ་གདུགས་བླ་བྲེ་བཅས༔ ཟུར་བཞིར་མཚན་ཐུབ་བཞི་དང་རྐང་ཕྲན་བཞི༔ མཆོད་པ་རྣམ་ལྔ་བཀྱག་རྒྱུ་སྡེར་མ་འམ༔ ཡང་ན་རམ་ཆུང་སྟེང་དུ་བསྒྲིགས་པ་དང་༔ བཀའ་སྲུང་གཏོར་མ་དམར་གཏོར་གཙོ་འཁོར་བཅས༔ ཆད་མདོ་བརྟན་སྐྱོང་གཉིས་ལ་དམར་གཏོར་གཉིས་གཞི་བདག་གཏོར་མ་དཀར་གཏོར་ལེགས་པ་གཅིག༔ གཏོར་དབང་བསྐུར་ན་དབང་གཏོར་མཆོད་རྟེན་དབྱིབས༔ སྔོན་འགྲོ་དཀར་བགེགས་ལ་སོགས་རྙིང་ལུགས་ལྟར༔ དཀྱིལ་འཁོར་ཞལ་ནི་འགྲོ་དོན་གཙོ་བོ་སྟེ༔ རང་ལ་མི་སྟོན་ཁྲོམ་ལ་སྟོན་པ་ཡིན༔ མདུན་དུ་སྟེགས་བུར་ཚོགས་འཁོར་རྒྱས་པར་བཤམས༔ དེ་ནི་བཅའ་ཚོགས་ཤིན་ཏུ་རྒྱས་པའོ༔ བསྡུ་ན་ནུབ་ངོས་ཕུགས་གཏོར་མི་བྱ་


CMR005_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བར༔ གཏོར་ཆུང་ཐམས་ཅད་ཕྱོགས་བཞིར་ཁྱབ་པར་བཤམས༔ ཞི་བའི་གཏོར་མ་བླ་མའི་གོ་ཆོད་དང་རྒྱས་པའི་གཏོར་མར་ཡི་དམ་ཐམས་ཅད་བསྔོ༔ དབང་གི་གཏོར་མར་མཁའ་འགྲོ་ཐམས་ཅད་དང་༔ དྲག་པོའི་གཏོར་མར་ཆོས་སྐྱོང་ཐམས་ཅད་བསྔོ༔ ཟུར་གཏོར་བཞི་ལ་བཀའ་སྲུང་དམ་ཅན་ཚོགས༔ ཆད་མདོ་བརྟན་སྐྱོང་དཀར་གཏོར་དམར་གཏོར་གཉིས༔ དེ་མིན་བཅའ་ཚོགས་སྔོན་ལྟར་བྱ་བ་ཡིན༔ དེ་གཉིས་ཞི་ཁྲོ་བླུགས་པའི་བཅའ་ཡིན་ལ༔ མི་བླུགས་མགྱོགས་དབང་བསྐུར་ན་དཀྱིལ་འཁོར་བཤམས་དབང་གཏོར་སྨན་རཀ་མཆོད་པ་རྣམ་ལྔས་ཆོག༔ དེ་ནས་འདོན་ལུགས་རྒྱས་བསྡུས་གཉིས་ཡིན་ཏེ༔ རྒྱས་པར་སྐྱབས་སེམས་དཀར་བགེགས་མཆོད་བྱིན་རླབས༔ དེ་ལྟར་རྙིང་མ་སྤྱི་ལྟར་བྱས་པ་ནས༔ ཐུགས་སྒྲུབ་རྒྱས་བསྡུས་པདྨ་འོད་འབར་གསུམ༔ གང་རུང་དང་པོ་འདོན་པ་བླ་མ་ཡིན༔ དེ་ནས་ལས་བྱང་རྒྱས་པ་འཛབ་དགོངས་བར༔ ལས་བྱང་ཆེན་པོ་ཚོར་བ་རང་གྲོལ་ལྟར༔ སྤྱན་འདྲེན་སྐབས་སུ་ཁྲོམ་སྡུད་དང་སྦྲགས་ལ༔ ཁྲོམ་འབག་ལ་སོགས་འཆམས་ཤིག་བྱེད་པའོ༔ དེ་ནས་གུར་དྲག་རྟ་མགྲིན་ལ་སོགས་པ༔ རང་གི་ཡི་དམ་གང་


CMR005_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གཏོར་བསྔོས་དང་༔ དེ་ནས་མ་ནིང་གཏེར་མགོན་ལ་སོགས་པ༔ བཀའ་སྲུང་ཆོས་སྐྱོང་ནོར་ལྷའི་གཞུང་རྣམས་འདོན༔ དེ་ལྟར་ལས་བྱང་ལྷ་གཞུང་ཚར་བ་དང་༔ ཁྲོམ་ལ་ཆོས་བཤད་བྲམ་ཟེའི་ལོ་རྒྱུས་དང་༔ ཕྱག་གི་ཕན་ཡོན་བརྗོད་ཅིང་ནམ་མཁའ་ན༔ དཀྱིལ་འཁོར་ལྷ་ཚོགས་བཞུགས་པའི་སྤྱན་སྔ་རུ༔ ཚེ་འདས་གཙོར་བྱས་འགྲོ་ཀུན་ཕྱག་འཚལ་དམིགས༔ ཁྲོམ་གྱིས་པུས་བཙུགས་ཐལ་སྦྱར་འཁོད་པ་ལས༔ བརྒྱ་ཕྱག་ལྷ་ནི་སོ་སོའི་མཚན་གྱི་མཇུག་ཀུན་ཏུ་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ༔ ཞེས་སོགས་ཀུན་གྱིས་བརྗོད་བཅུག་ཕྱག་འཚལ་བཅུག༔ མང་ན་མཆོད་པ་བརྟུལ་བས་པུས་བཙུགས་འཚལ༔ དེ་བཞིན་སྦྲུལ་གདོང་མ་ཡི་བར་དུའོ༔ ཞི་བ་བཞི་བཅུ་རྩ་གཉིས་དང་༔ འབར་བ་ཁྲག་འཐུང་ལྔ་བཅུ་ལ༔ དད་ཅིང་གུས་པས་ཕྱག་འཚལ་ན༔ ཚེ་འདས་ཐོག་དྲངས་སེམས་ཅན་ཀུན༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ ཞེས་སོགས་བསྔོ་བྱང་སིལ་བུར་བརྗོད༔ དེ་ནས་རྡོར་སེམས་རིགས་ལྔའམ༔ ཡང་ན་གཙོ་བོ་རྐྱང་པ་ཡི༔ བསྒོམ་བཟླས་དམིགས་པ་ཁྲོམ་ལ་སྤྲད༔ བཛྲ་སཏཱ་འུར་འདོན་བཅུག༔ མཇུག་ཏུ་བཤགས་ཚིག་རྗེས་ཟློས་དང་༔


CMR005_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་སེམས་རང་ཐིམ་དམིགས་པ་སྤྱད༔ དེ་ལྟར་ཕྱག་འཚལ་ལུས་སྒྲིབ་དག༔ རྡོར་སེམས་སྒོམ་བཟླས་ངག་སྒྲིབ་དག༔ ཡིད་ཀྱི་སྒྲིབ་པ་དག་པའི་ཕྱིར༔ ཕྱག་རྒྱ་།ཆེན་པོའི་ངོ་སྤྲོད་བྱ༔ ན་རཀ་དོང་སྤྲུགས་རྒྱུད་དོན་ཡིན༔ དེ་ལྟར་བསྒོམ་པར་མི་ཤེས་ཀུན༔ དམ་པ་རིགས་བརྒྱའི་སྙིང་པོ་འདི༔ འུར་འདོན་མཛོད་ཅིག་བོ་དྷི་ཙི༔ འཛབ་དབྱངས་ཚུལ་དུ་ལན་གསུམ་བསྐུལ༔ དེ་ལྟར་ཆོས་བཤད་ཚེ་མ་གཏོགས༔ ཁྲོམ་ལ་ཡི་གེ་དྲུག་པ་བསྐུལ༔ དེ་ནས་ཀློང་བཤགས་ཚར་གཅིག་འདོན༔ དེ་ནས་བསྐང་བ་བཀྱག་པ་ནི༔ མཆོད་གཡོག་དབུ་རྒྱན་ཕོད་ཁ་ཅན༔ གཅིག་གིས་མཆོད་པ་རྣམ་ལྔ་བཀྱག༔ སློབ་དཔོན་དུ་ཡོད་དབུ་རྒྱན་དང་༔ ཕོད་ཁ་ཡོད་ན་ཀུན་གྱིས་གྱོན༔ བླ་མས་པད་ཞྭ་ཆོས་གོས་བྱས༔ ཐམས་ཅད་རོལ་མོ་ཡོད་ཚད་ཐོགས༔ དཀྱིལ་འཁོར་ལ་ནི་བསྐོར་བ་བྱས༔ སྟོང་གསུམ་འདིའམ་ཞེས་སོགས་ཀྱི༔ ཚིག་མཚམས་རོལ་མོ་བསྐོར་བ་བྱ༔ ཕྱི་མཆོད་རྫོགས་ནས་རོལ་མོ་དང་༔ མཆོད་པ་བཀྱག་པ་དེ་སྒྱུར་ལ༔ མཆོད་གཡོག་པ་ཡིས་རིམ་པ་ལྟར༔ བདུད་རྩི་རཀྟ་གཏོར་མ་དང་༔ མར་མེ་བཀྱག་ཅིང་དཔོན་སློབ་ཀུན༔ དཀྱིལ་འཁོར་སྐོར་བ་བྱེད་


CMR005_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ༔ སོ་སོའི་བསྐང་བ་གྱེར་བ་ཡི༔ ཚིག་མཚམས་ཚིག་སླད་ཨོཾ་ཨཱཿཧཱུྃ༔ སྦྱར་བ་དགའ་རབ་རྡོ་རྗེས་གསུངས༔ བཀའ་བབས་ཉིད་ཀྱི་ཕྱག་བཞེས་སོ༔ ཁྱད་པར་བདུད་རྩི་མཆོད་པའི་མཇུག༔ བརྒྱུད་པའི་བླ་མའི་མཚན་རྣམས་ཏེ༔ ཆོས་སྐུ་ཀུན་ཏུ་བཟང་པོ་དེ་མཆོད་དོ༔ ཨོཾ་ཨཱཿཧཱུྃ༔ རྩ་བའི་བླ་མའི་བར་དུ་དང་༔ ཞི་བ་བཞི་བཅུ་རྩ་གཉིས་དང་༔ འབར་བ་ཁྲག་འཐུང་ལྔ་བཅུ་དང་༔ དག་པ་རིག་འཛིན་ལྷ་ཚོགས་དང་༔ བཀའ་སྲུང་དམ་ཅན་རྒྱ་མཚོ་དེ་མཆོད་དོ༔ ཞེས་སྦྱར་བདུད་རྩི་རཀྟ་ཡི༔ མཆོད་པའི་མཇུག་དང་ཕུགས་གཏོར་རམ༔ ལས་བཞིའི་གཏོར་མ་བྲན་པར་བྱ༔ མར་མེའི་བསྐང་བའི་མཇུག་ཏུ་ནི༔ འཛབ་དབྱངས་འཛབ་བྲོ་བརྡུང་བ་ཡང་༔ བཛྲ་གུ་རུ་ལན་གསུམ་གྱི༔ རྒྱབ་མ་གཉིས་ལ་ཨོ་མེད་པ༔ སྔོན་མ་གཡས་བསྐོར་རྒྱབ་གཡོན་བསྐོར༔ བོ་དྷི་ཙིཏྟ་གཡས་བསྐོར་དང་༔ རུ་ལུ་ལན་གསུམ་གཡོན་དུ་བསྐོར༔ དེ་ལྟར་བོ་དྷི་ལན་གསུམ་ལ༔ དེ་ནས་བཛྲ་ཐོད་ཕྲེང་རྩལ༔ རྐང་སྟབས་ལག་སྟབས་བྲོ་ཁོད་ཅིག༔ དེ་རྗེས་གུ་རུ་དྷེ་ཝའི་སྔགས༔ འཛབ་དབྱངས་ལན་བདུན་འཛབ་བྲོ་འཁྲབ༔ དེ་ཡང་བཀའ་བབས་ཕྱག་སྲོལ་ལོ༔ དེ་ནས་ཚོགས་


CMR005_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཚོགས་ཕུད་ཕུལ༔ གོང་དུ་གཏོར་བསྔོས་མ་སོང་ན༔ འདི་རུ་གཏོར་བསྔོས་བསྡུས་པ་བྱ༔ དེ་ནས་བར་པས་བཤགས་པ་གསོ༔ རྣམ་ཤེས་ཕུང་པོ་ལ་སོགས་པའི༔ ཞི་ཁྲོའི་བསྐང་བ་དངོས་དང་ནི༔ ཕུར་པའི་བསྐང་བ་བཅས་པ་འདོན༔ དེ་ནས་ཚོགས་ཟན་བསྒྲལ་ནས་བྲན༔ བཀུག་གཞུག་ཁྲོ་འབག་འཆམས་དང་བཅས༔ བསྒྲལ་ལ་ལིང་རོ་ཕུགས་གཏོར་རམ༔ དྲག་པོའི་གཏོར་མའི་དྲུང་དུ་འབུལ༔ དེ་ཡང་དཀྱིལ་འཁོར་བསྐོར་ཞིང་འཆམས༔ དེ་ནས་ཞལ་དུ་འབུལ་ཚུལ་བསྟབ་སློབ་དཔོན་ཉིད་ལ་ཚོགས་དྲངས་ཤིང་༔ དེ་ནས་ལྷག་མའི་ཆོ་ག་བྱ༔ ལྷག་འཆམས་འབག་བཅས་འཆམས་ལ་འབུལ༔ ཁྲོམ་ལ་ཐུག་པ་ཚོགས་ཆང་བཀྱེ༔ ཚོགས་བགོ་ཚོགས་ཤ་དང་བཅས་པ༔ ཐམས་ཅད་ཀུན་ལ་ངོམ་པར་བཀྱེ༔ དེ་ནས་མར་མེ་གཏམས་བྱས་ལ༔ དཔོན་སློབ་ཐམས་ཅད་རྒྱན་བཅས་བཞེངས༔ དེ་ནས་ཁྲོམ་པ་ཐམས་ཅད་ལ༔ སྨོན་ལམ་མཉམ་དུ་བཏབ་པ་ཡི༔ མོས་པ་མཛོད་ཅེས་སྨོན་ལམ་གྱེར༔ དེ་ནས་དཔོན་སློབ་ཐང་ལ་འདུག༔ ཚེ་འདས་ལ་སོགས་བསྔོ་བ་བྱ༔ སྤྲོ་ན་སྐབས་འདིར་ཁྲོམ་པ་ལ༔ ཞི་ཁྲོའི་གཏོར་དབང་བསྐུར་བ་དང་༔ དགེ་


CMR005_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཁས་ལེན་ལ་སོགས་བྱ༔ དེ་ནས་བཀའ་སྲུང་སྡེ་བདུན་དང་༔ ཆད་མདོ་བརྟན་སྐྱོང་ལ་སོགས་བྱ༔ ཕྱིར་ནངས་ནམ་མཁའ་མ་ལོང་བར༔ མར་མེ་མི་ཟད་དེ་ཡི་ཕྱིར༔ ཕྱིར་ནངས་དཀྱིལ་འཁོར་བསྡུ་ཆོག་བྱ༔ དེ་ནི་འདོན་ཆ་རྒྱས་པ་སྟེ༔ ཡུལ་པས་ཉིན་རིང་ཞི་ཁྲོ་བཅའ༔ མཚན་མོ་ཇོ་རྒྱུན་དང་སྦྲགས་ནས་ནམ་ནི་དཀར་གསལ་ཉ་བུད་བྱེད༔ ཚོགས་ཆང་ཐུག་པ་གཉིས་གསུམ་བཀྱེ༔ དེ་འདྲ་སྔར་ནས་སྲོལ་འཇག་པ༔ ཡོན་བདག་འགྲོ་སྒོ་ཆེ་བ་དང་༔ དཔོན་སློབ་བསིལ་ཞིང་གཉིད་ཆག་པས༔ ཕྱག་ལེན་མ་འཆུགས་བྱ་བའི་ཕྱིར༔ ཚེ་སྟོད་དེ་འདྲའི་ངང་ལ་སོང་༔ བསྡུས་པ་སྔོན་འགྲོ་དཀར་བགེགས་དང་༔ མཆོད་པ་བྱིན་རླབས་སོགས་བྱེད་དམ༔ ཕག་མོ་རྒྱལ་བ་རྒྱ་མཚོ་སོགས༔ ཡི་དམ་བདག་བསྐྱེད་བྱས་ཀྱང་འཐུས༔ དེ་ནས་ལས་བྱང་ཚོར་ཆུང་བཏང་༔ མར་མེ་མི་འཛད་དགོས་པ་ཡི༔ མར་མེ་སྨོན་ལམ་མར་མེ་སྦར༔ དེ་ནས་ཀློང་བཤགས་བགོ་ནས་འདོན༔ མི་རེས་ལེའུ་རེ་རེ་འདོན༔ སྐབས་སུ་གཏོར་བསྔོས་ཧྲུག་ཙམ་བྱ༔ དེ་ནས་བརྒྱ་ཕྱག་བསྐང་བ་བཀྱག༔ ཚོགས་དང་གཏོར་འབུལ་ཚོར་ཆུང་ལྟར༔ བསྡུ་ཆོག་ཉིན་སྐོར་བསྡུས་པའོ༔ བསྐང་བ་ཀློང་


CMR005_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་ཚོགས་ལས་དང་༔ མར་མེ་སྨོན་ལམ་དང་བཅས་པ༔ དལ་ཁོམ་དབང་གིས་འོག་དང་གོང་༔ ཁྲིག་ཁྲིག་མི་དགོས་ཚང་བས་ཆོག༔ བག་ཆགས་རང་གྲོལ་རྩ་ཚིག་སོགས༔ དལ་ན་འདོན་ལ་མ་ཐོན་རུང་མ་ཚང་ཉེས་པ་འབྱུང་བ་མིན༔ ཞི་ཁྲོ་བླུགས་ཞེས་བྱ་བ་ཡི༔ ན་རཀ་དོང་སྤྲུགས་ཆོ་ག་ལ༔ ལས་བྱང་རྒྱས་བསྡུས་གང་འདོད་དང་༔ བརྒྱ་ཕྱག་བསྐང་བཤགས་ཀློང་བཤགས་བཞི༔ ཚར་རེ་ངེས་པར་འགྲོ་དགོས་སོ༔ དེ་ཡང་བརྒྱ་ཕྱག་སྐོང་བཤགས་གཙོ༔ ཀློང་བཤགས་བགོས་ནས་བཏོན་པས་འཐུས༔ འཛབ་བསྙེན་བོ་དྷི་ཕྲེང་སྐོར་ཙམ༔ ཡིག་བརྒྱ་ཅི་ནུས་གལ་ཆེའོ༔ དེ་ནི་བཅའ་ལུགས་སྟ་གོན་དང་༔ འདོན་ལུགས་དངོས་གཞི་རྒྱས་དང་བསྡུས༔ བཅའ་ཚོགས་འདོན་འགྲིག་སརྒ་བཞི་པའོ༔ ༈ སྤྱིར་གྱི་ཞི་ཁྲོ་བསྐང་ཆོག་བྱེད་པ་སྟེ༔ བསྐྱེད་པ་མ་ཧཱ་ཡོ་ག་གཙོ་ཆེ་བས༔ བཅའ་ཚོགས་མཆོད་གཏོར་གྱེར་དབྱངས་ལ་སོགས་པ༔ ཇི་ལྟར་རྒྱས་བཞིན་ཚོགས་རྫོགས་བྱིན་རླབས་ཚེ༔ རྔ་དང་པི་ཝང་དག་ལས་སྒྲ་འབྱུང་བ༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ལས་འབྱུང་བ་ལྟར༔ དཀྱིལ་འཁོར་རྒྱན་དང་ཕོ་བྲང་བཀོད་པ་སོགས༔ སྒྲུབ་


CMR005_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གཞུང་ལྟར་འཛོམས་ན་བསོད་ནམས་ཚེ༔ མ་འཛོམ་ན་ཡང་ཐབས་མི་ཆག་པ་སྟེ༔ རྒྱས་བསྡུས་འབྱོར་བ་དལ་ཁོམ་སྐབས་བསྟུན་རུང་༔ མེད་དུ་མི་རུང་ཅིས་ཀྱང་དགོས་ངེས་པ༔ འདི་ནི་གསང་སྔགས་ནང་པའི་རྒྱུད་ཡིན་པས་ནང་གི་བསྐྱེད་རྫོགས་ཏིང་འཛིན་མེད་མི་རུང་༔ བཅའ་ཚོགས་རྒྱས་ཤིང་ཆོ་ག་ཚང་བ་དང་༔ གྱེར་དབྱངས་ལེགས་ཤིང་ཕྱག་ལེན་མཁས་ན་ཡང་༔ ཏིང་ངེ་འཛིན་དང་མི་ལྡན་མ་ཚང་ངེས༔ དེ་ཕྱིར་ཏིང་འཛིན་ཐོ་ཙམ་འདིར་བཀོད་བྱ༔ སྐྱབས་སེམས་སྔོན་འགྲོ་ལ་སོགས་ཏིང་འཛིན་ནི༔ སྤྱི་དང་མཐུན་ཕྱིར་འདི་རུ་ཡི་གེར་འཇིགས༔ སྤྱིར་གྱིས་རྙིང་མ་གྱེར་བསྒོམ་ཡིན་པའི་ཕྱིར༔ ངག་གི་འདོན་བྱ་ཡིད་ཀྱིས་བསྒོམ་རྒྱུ་སྟེ༔ རང་གཞུང་གསལ་ཕྱིར་འདི་རུ་བྲིར་མི་ལོང་༔ གནད་འགའ་གཞུང་ན་མི་གསལ་སྙན་བརྒྱུད་པ༔ འགའ་ཞིག་གསལ་བར་བརྗོད་པར་བྱ་བ་སྟེ༔ དེ་ཡང་དེང་སང་དར་ཆ་ཆེ་བའི་ཕྱིར༔ ལས་བྱང་ཉུང་བ་ཚོར་གྲོལ་སྙིང་པོ་ཡི༔ གཞུང་ཚིག་མི་གསལ་བ་ཡི་གསལ་བྱེད་ནི༔ རང་ཉིད་སྐད་ཅིག་དྲན་རྫོགས་རྡོ་རྗེ་སེམས༔ དཀར་པོ་རྡོ་རྗེ་དྲིལ་འཛིན་སྤྱི་ལྟར་ལས༔ ཐུགས་ཀར་ཕྱག་རྡོར་ཁྲོ་བོ་ཕྱག་གཉིས་པ་ཞི་བ་ཀུན་འདུས་རྡོ་རྗེ་སེམས་དཔའ་


CMR005_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ༔ དེ་ཉིད་ཁྲོས་པ་ཁྲོ་བོ་ཀུན་འདུས་པ༔ བཛྲ་ཧེ་རུ་ཕྱག་རྡོར་དོན་གཅིག་པས༔ ཞི་ཁྲོ་གཅིག་དྲིལ་སྐུར་གསལ་ང་རྒྱལ་གྱིས༔ ཧཱུྃ༔ ང་ཉིད་ལྷ་ཡི་ང་རྒྱལ་གྱེས༔ ཞེས་སོགས་བརྗོད་པས་བགེགས་ལ་བཀའ་བསྒོའོ༔ བཀའ་བསྒོ་ཙམ་གྱིས་མི་ཉན་ནག་པོའི་ཕྱོགས༔ ཨུ་ཙ་ཏ་ཡའི་སྔགས་ཀྱིས་དབང་མེད་བསྐྱེད༔ སྔོན་ལྟར་བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཕྱག་མཚན་དྲུག་པོ་བུ་ཡུག་འཚུབ་བཞིན་སྤྲོས༔ བགེགས་རྣམས་རྒྱ་མཚོའི་ཕར་མཐར་བསྐད་བྱས་ནས༔ ཚུལ་འདུས་སྲུང་བའི་འཁོར་ལོ་རིམ་པ་དྲུག་ཕྱི་རོལ་མེ་རི་ཁ་དོག་ལྔ་ལྡན་གུར༔ ཕྱོགས་མཚམས་སྟེང་འོག་ཀུན་ཁྱབ་སྒོ་ངའི་དབྱིབས༔ དེ་ནང་འཁོར་ལོའི་གུར་ལ་རིགས་གསུམ་ཡོད༔ འཁོར་ལོ་ཆུང་ངུ་མང་པོ་འཁོར་བ་ཡི༔ རྩིབས་བར་གནོད་བྱེད་དམྱལ་དམྱལ་གཏུབ་པ་དང་༔ གནམ་ས་གའུ་ཁ་སྦྱོར་འདྲ་བ་ཡི༔ གསེར་དང་གནམ་ལྕགས་འཁོར་ལོ་ཁ་སྦྱོར་བའི༔ སྟེང་མ་གཡས་དང་འོག་མ་གཡོན་དུ་འཁོར༔ རྩིབས་གཉིས་སོ་འཐབ་བར་དུ་གནོད་བྱེད་གཏུབས༔ འཁོར་ལོ་ཆེན་པོ་སྦྱབ་ཆོལ་ཁ་སྦྱོར་བཞིན༔ ནང་དུ་རང་དང་བསྲུང་བྱ་གནས་པ་ལ༔ གནམ་ལྕགས་ཡིན་ཀྱང་ཁ་དོག་དཀར་བ་


CMR005_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ མཐའ་ཡི་སྟེང་འོག་རྩིབས་རྣམས་གཉིས་གྱུར་པ༔ རལ་གྲི་སོ་གཉིས་རྩེ་མོ་ལྟ་བུ་ཡི༔ རྩིབས་ནི་བྱེ་བ་དུང་ཕྱུར་གྲངས་མེད་དེ༔ སྔ་དྲོ་གཡས་དང་ཕྱི་དྲོ་གཡོན་དུ་འཁོར༔ གནོད་བྱེད་ཐམས་ཅད་ཕྲུལ་ཕྲུལ་རྩིབས་ཀྱིས་གཏུབས༔ གཏུབས་པ་ཐམས་ཅད་ཕྱི་རོལ་མེ་ཡིས་བསྲེག༔ དེ་ལྟར་གསུམ་ལས་ཕྱི་མ་གཙོ་བོ་བཟུང་༔ དེ་ནང་གནམ་ལྕགས་རྡོ་རྗེ་རྒྱ་གྲམ་ནི༔ དྲག་པོས་རྡོ་རྗེ་རྩེ་གསུམ་ཁ་གདེངས་བ༔ མང་པོ་གསོར་ལྟར་འཁོར་བའི་གུར་མདོག་ལྗང་༔ དེ་ནང་པདྨ་དམར་པོའི་གུར་དང་ནི༔ དེ་ནང་རིན་ཆེན་སེར་པོའི་གུར་ཡིན་ལ༔ དེ་ནང་རྡོ་རྗེ་སྔོན་པོའི་གུར་རྣམས་ཏེ༔ འདི་སྐབས་མདུན་བསྐྱེད་གཙོ་ནི་ཆེ་བའི་ཕྱིར༔ མདུན་གྱི་དཀྱིལ་འཁོར་རྡོ་ར་མེ་རི་དང་༔ དང་པོ་དཀྱིལ་འཁོར་གཅིག་ལ་བསྒོམ་པར་འཐད༔ དེ་ནས་གོང་ལྟར་རང་ཉིད་ལྷར་གསལ་བའི༔ ཐུགས་ལས་རཾ་ཡཾ་ཁཾ་གསུམ་འཕྲོས་པ་ཡིས༔ མེ་ཆུ་རླུང་འཕྲོས་མཆོད་རྫས་མ་དག་སྦྱངས༔ མེ་ཆུ་རླུང་ཞུ་སྨན་གཏོར་རཀྟ་དང་༔་ཕྱི་མཆོད་ལ་སོགས་སོ་སོའི་སྔགས་བརྗོད་པས༔ སོ་སོར་བསྒོམ་ཚུལ་མཆོད་པ་བྱིན་བརླབ་ནི༔ རྒྱས་པ་རྣམས་ནས་འབྱུང་ལྟར་སོ་སོར་དམིགས༔ དེ་ནས་རྙིང་མའི་ཆོས་ཀྱི་


CMR005_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་ནི༔ ཏིང་འཛིན་རྣམ་གསུམ་ཚིག་འབྲུ་གསུམ་ལ་འདུས༔ ཡེ་ནས་འཁོར་འདས་ཆོས་ཀུན་སྟོང་པ་ཉིད༔ རྟོགས་དང་མ་རྟོགས་མེད་དེ་ཕྱག་རྒྱུ་ཚེ༔ དེ་ལ་དམིགས་གཏད་བསྒོམ་རྒྱུ་སྤུ་ཙམ་མེད༔ ཡིན་ལུགས་སྟེང་དུ་དེ་བཞིན་ཤེས་པར་བཞག༔ ཧཱུྃ༔ རྟོག་བྲལ་ལ་སོགས་ཚིག་གཅིག་ལྟ་བའི་དོན༔ དེ་ལྟར་མ་རྟོགས་འགྲོ་དྲུག་སེམས་ཅན་རྣམས༔ ཀུན་ལ་ཁྱབ་པའི་ཤུགས་འབྱུང་སྙིང་རྗེ་བསྒོམ༔ ཀུན་ཁྱབ་རང་གསལ་ཞེས་སོགས་སྙིང་རྗེའི་དོན༔ སྟོང་པའི་རྩལ་ལས་སྙིང་པོ་ཤར་བ་སྟེ༔ འགྲོ་དོན་མཛད་པ་གཟུགས་སྐུའི་རྒྱུ་ཡིན་པས༔ ནམ་མཁའ་སྟོང་པའི་ངང་ནས་སྤྲིན་བྱུང་ལྟར༔ རང་སེམས་ཨ་མཐིང་རྒྱུ་ཡི་ཏིང་ངེ་འཛིན༔ དེ་ནས་བདག་མདུན་ཐ་མི་དད་པར་བསྒོམ༔ འདི་ལ་བསྒོམ་ལུགས་རིགས་ནི་གསུམ་མཆིས་ཀྱང་༔ གཞན་ལུགས་ཡི་གེར་འཇིགས་པས་རང་ལུགས་བཤད༔ མངོན་རྟོགས་ཚར་གཅིག་འདི་ནི་དབྱངས་སུ་འདོན༔ དབྱངས་སུ་གྱེར་བ་བསྒོམ་ལོང་ཡོད་ཕྱིར་ཡིན༔ བདག་བསྐྱེད་དཀྱིལ་འཁོར་ཆ་ཚང་བསྒོམ་པ་དང་༔ མདུན་བསྐྱེད་རས་བྲིས་དཀྱིལ་འཁོར་ཆ་ཚང་གཅིག༔ དབང་གཏོར་དཀྱིལ་འཁོར་ཆ་ཚང་གཅིག་དང་ནི༔ བུམ་


CMR005_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་ཡིན་ཕྱི་ནི་བུམ་པ་ལ༔ ནང་དུ་དཀྱིལ་འཁོར་ཆ་ཚང་གཅིག་བསྒོམ་སྟེ༔ བུམ་པ་ལྔ་ཡོད་བུམ་ནང་དཀྱིལ་འཁོར་ལ༔ ཕྱོགས་བཞི་དབུས་ལྔའི་ལྷ་ནི་བགོ་ནས་བསྒོམ༔ དཀྱིལ་འཁོར་འབྱུང་བ་རིམ་བརྩེགས་གོ་སླ་སྟེ་ཞི་ཁྲོ་སྦྲག་མའི་དཀྱིལ་འཁོར་ཡིན་པའི་ཕྱིར༔ ཕྱི་ནི་ཞི་བ་རིན་ཆེན་གཞལ་ཡས་ཁང་༔ ནང་ནི་ཐོད་པ་སྐམ་རློན་བརྩེགས་པ་སྟེ༔ ཞིབ་པར་ལས་བྱང་རྒྱས་པའི་ནང་ན་གསལ༔ ལྷ་བརྒྱད་ཀ་བ་ལ་སོགས་ཁྲོ་བོ་ཡི༔ རྩིག་པ་ཕྱི་ནང་ཡིན་པ་མ་རྟོགས་པར༔ ཕྱི་ནང་དཀྱིལ་འཁོར་གཉིས་ནི་མ་ཡིན་ནོ༔ དེ་ནས་ཤིན་ཏུ་གནད་ཆེ་ལྷ་བསྒོམ་ཐབས༔ དང་པོ་རང་ཉིད་ཀུན་བཟང་ཡབ་ཡུམ་བསྒོམ༔ ཡབ་ཡུམ་སྦྱོར་མཚམས་བྱང་སེམས་ལས་གྲུབ་པའི༔ ས་བོན་སོ་སོར་སྤྲོས་ནས་གདན་ལ་བཞུགས༔ དེ་དོན་རྒྱས་པར་ལས་བྱང་རྒྱས་པར་ལྟོས༔ ལས་བྱང་བསྡུས་ཀྱང་བསྒོམ་ལུགས་དེ་དགོས་སོ༔ རྣམ་སྣང་དང་ནི་བུདྡྷ་ཧེ་རུ་ཀ༔ དབུས་སུ་བསྒོམ་པ་ཞི་ཁྲོའི་དཀྱིལ་འཁོར་ཡིན༔ རྣམ་སྣང་བུདྡྷ་ཧེ་རུ་ཤར་དུ་བུད༔ རྡོར་སེམས་བཛྲ་ཧེ་རུ་དབུས་བསྒོམ་པ༔ ན་རཀ་དོང་སྤྲུགས་ཆོ་གར་འགྱུར་བ་ཡིན༔ སྒྲིབ་སྦྱོང་གཙོ་བོ་ཡིན་ན་འདི་བྱ་དགོས༔ རྣམ་སྣང་རྡོར་སེམས་


CMR005_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་ཐུགས་ནས་སྤྲོས༔ དཀྱིལ་འཁོར་དབུས་བཞུགས་ཀུན་བཟང་ཡར་ལ་བཏེག༔ རིགས་བདག་ཚུལ་དུ་དབུ་ཡི་གཙུག་ཏུ་བཞུགས༔ འདི་ནི་ལས་བྱང་ཆེ་བའི་ཡིག་ཆུང་གསལ༔ དེ་ནས་ཞི་བའི་ལྷ་ཚོགས་ཀུན་བསྐྱེད་པ༔ དཀྱིལ་འཁོར་ནང་གི་ནམ་མཁར་ཡར་ལ་བཏེག༔ ཀུན་བཟང་ཐུགས་ལས་ས་བོན་མར་འཕྲོས་པས༔ ཁྲོ་བོའི་ལྷ་ཚོགས་འོག་ཏུ་བསྒོམ་པ་སྟེ༔ ཁྲག་འཐུང་རིགས་ལྔའི་སྟེང་གི་དབུ་གཙུག་ཐད༔ ཞི་བ་རིགས་ལྔ་རིགས་བདག་ཚུལ་ཡིན་ཏེ༔ འདི་དོན་བཀའ་བརྒྱད་གཞུང་ན་ཤིན་ཏུ་གསལ༔ འདི་མིན་གཞན་དུ་འདོད་ན་འཁྲུལ་ཚབས་ཆེ༔ དེ་བཞིན་ཞི་བ་ཁྲོ་བོའི་སྒོ་སྲུང་ཡང་༔ བྲི་དུས་གཡས་གཡོན་ཕྱོགས་སུ་བྲིས་ན་ཡང་༔ བསྒོམ་དུས་ཐོ་བརྩེགས་བསྒོམ་པ་ལེགས་པ་ཡིན༔་། སྟེང་གི་བརྒྱ་བྱིན་ཀུན་བཟང་དབུར་མི་བསྒོམ༔ མདུན་ཐད་བར་སྣང་ཙམ་དུ་བསྒོམ་པ་ཡིན༔ འོག་གི་ཆོས་རྒྱལ་དཀྱིལ་འཁོར་འོག་ན་མིན༔ ཞི་བའི་འོག་སྟེ་ཁྲག་འཐུང་གཙོ་བོའི་རྒྱབ༔ ལས་བྱང་བསྡུས་པ་ཕལ་ཆེར་ཡིག་ཆ་ལ༔ ཆེ་མཆོག་མེད་ཀྱང་བུདྡྷ་ཧེ་རུ་དང་༔ དོན་གཅིག་ཕྱིར་ན་མ་ཚང་སྐྱོན་མེད་དེ༔ སབ་པར་འདོད་ན་སབ་ཀྱང་འགལ་བ་མེད།


CMR005_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཕྱི་དང་རྡོ་ར་དུར་ཁྲོད་ནང་༔ བར་ཁྱམས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་བསྒོམ༔ སྒོ་མ་བཞི་ཡང་སྒོ་ཐད་ཕྱོགས་བཞིའོ༔ དེ་ཡན་བདག་མདུན་བུམ་པ་གཏོར་མ་འདྲ༔ ཁྱད་པར་མདུན་བསྐྱེད་དཀྱིལ་འཁོར་དེ་ཡི་ཕྱི༔ རྡོ་ར་དུར་ཁྲོད་ནང་དུ་དབང་ཕྱུག་མ༔ དབང་ཕྱུག་མ་ཡི་ནང་ལ་དཀྱིལ་འཁོར་ཕྱི༔ བར་ཁྱམས་ཤིན་ཏུ་རྒྱ་ཆེ་ཡངས་པའི་ནང་༔ རིག་འཛིན་ལྔ་དང་སྤོར་བྱེད་ཆེན་པོ་བརྒྱད༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཡི་ཚོགས༔ གཏོར་མགྲོན་ཆོས་སྐྱོང་ཐམས་ཅད་བསྒོམ་པ་སྟེ༔ འདི་དོན་ཐུགས་སྒྲུབ་ལ་སོགས་གཞུང་ཀུན་གསལ༔ དེ་བཞིན་བདག་བསྐྱེད་དཀྱིལ་འཁོར་བར་ཁྱམས་ལའང་༔ རང་གི་ཡི་དམ་བདག་བསྐྱེད་གང་དགོས་རྣམས༔ དཀྱིལ་འཁོར་སོ་སོར་མི་བསྡུ་བཞག་པ་སྟེ༔ དཔེར་ན་གུར་ལ་ཅོག་བུས་བསྐོར་བ་བཞིན༔ འདི་ལྟར་བྱས་པའི་དགོས་ཆེད་ཅི་ཞེ་ན༔ བསྐང་བ་ཚོགས་འཁོར་མཆོད་པ་གཏོར་འབུལ་སོགས༔ དེ་དག་ཀུན་ལ་བྱས་པར་འགྱུར་བ་སྟེ༔ ཞི་ཁྲོའི་ཆོ་ག་གཅིག་གི་ཁོག་དེ་ན༔ ཡི་དམ་ཆོས་སྐྱོང་ཀུན་གྱི་ཆོ་ག་རྫོགས༔ དེ་དག་ཆོག་པའི་ལུང་ཡང་གང་ཞེ་ན༔ བདེ་གཤེགས་གཅིག་གི་དཀྱིལ་འཁོར་དུ༔ བདེ་གཤེགས་ཀུན་གྱི་ལས་


CMR005_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་བསྲངས༔ རྒྱལ་བ་གཅིག་བསྒྲུབ་ཀུན་གྱི་ངང་༔ ཚིག་དེ་རྒྱུད་ཀྱི་ལུང་ཞིག་ཡིན་འདུག་པས༔ ཨོ་རྒྱན་ཆེན་པོས་ཡང་ཡང་ལུང་འདྲེན་མཛད༔ འདི་ནི་བསྐང་གསོ་མདོས་དང་རྒྱུན་ཁྱེར་སོགས༔ ཀུན་ལ་རྩ་བའི་ཡི་དམ་གཙོར་བཟུང་ནས༔ གཞན་རྣམས་སྔ་མ་བསྡུ་ཆོག་མི་དགོས་པར༔ ཡི་དམ་མང་པོའི་ལྷ་གཞུང་བསྲང་ཐབས་ཡིན༔ ༈ དེ་ནས་ཡེ་ཤེས་སྤྱན་འདྲེན་བྱ་བ་ཡང་༔ སྤྱན་འདྲེན་གྱུར་པས་འོག་མིན་གནས་སོགས་ནས༔ ཁ་བ་བབས་ལྟར་མང་པོ་སྤྱན་དྲངས་ཏེ༔ བདག་མདུན་བུམ་པར་སོ་སོར་ཐིམ་བསྒོམས་པས༔ སོ་སོར་སྤྱན་འདྲེན་མི་དགོས་གཅིག་གིས་འཐུས༔ རང་སེམས་ལས་སྤྲུལ་མཆོད་པའི་ལྷ་མོ་ནི༔ བྱེ་བ་དུང་ཕྱུར་གྲངས་མེད་སྤྲོས་བྱས་ཏེ༔ བདག་མདུན་བུམ་པ་གཏོར་བསྐྱེད་ལྷ་རྣམས་ལཿ་སོ་སོར་ཕྱག་འཚལ་མཆོད་པ་འབུལ་བ་དང་༔ བསྟོད་པ་བྱེད་དམིགས་ལས་བྱང་རྫོགས་པར་གྱེར༔ དེ་ནས་བོ་དྷི་ཙིཏྟ་ཕྲེང་སྐོར་ཙམ༔ ཁྱད་པར་ན་རཀ་དོང་སྤྲུགས་ཆོ་ག་ལ༔ བདག་མདུན་བུམ་ལྷའི་དཀྱིལ་འཁོར་གཙོ་བོ་ཡི༔ རྡོར་སེམས་ཡབ་ཡུམ་མཐིང་ཀའི་ཐུགས་ཀ་རུ༔ ཧཱུཾ་མཐར་ཡི་གེ་བརྒྱ་པ་གཡས་བསྐོར་དང་༔ དེ་


CMR005_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྣམ་སྣང་ལ་སོགས་རིགས་བཞི་ཡི༔ ཐུགས་ཀར་རིགས་ལྔ་སོ་སོའི་ཡིག་བརྒྱས་བསྐོར༔ དེ་ལས་རང་མདོག་འོད་ཟེར་འཕྲོས་པ་ཡི༔ ཚེ་འདས་གཙོར་བྱས་འགྲོ་བའི་སྡིག་སྒྲིབ་རྣམས༔ བ་མོ་ལ་ནི་ཉི་ཟེར་ཕོག་པ་ལྟར༔ དག་པར་བསྒོམ་ལ་རིགས་ལྔའི་ཡིག་བརྒྱ་ལྔ༔ རྒྱས་པར་ན་རཀ་དོང་སྤྲུགས་རྒྱུད་ལྟར་རམ༔ འབྲིང་པོ་ཨོཾ་ཨཱཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་སཏྭ་ཞེས་སོགས་རིགས་ལྔ་སྤྱི་དྲིལ་ཡིག་བརྒྱའམ༔ བསྡུས་པ་རྡོར་སེམས་ཡིག་བརྒྱ་ཅི་ནུས་འབད༔ སྔགས་དམིགས་འདི་ནི་ཤིན་ཏུ་གལ་ཆེའོ༔ མདོར་ན་ན་རཀ་དོང་སྤྲུགས་ཆོ་ག་ཡང་༔ རྡོར་སེམས་ཞི་ཁྲོའི་ཆོ་ག་རྒྱས་པ་སྟེ༔ བཛྲ་ཧེ་རུ་རྡོར་སེམས་ཁྲོས་པའོ༔ དེ་ནས་རང་གི་ཡི་དམ་ཆོས་སྐྱོང་སོགས༔ ཆག་མི་རུང་བ་གསར་རྙིང་ཁྱད་མེད་པ༔ སྐབས་འདིར་སྦྱར་ཞིང་གཏོར་བསྔོས་ལ་སོགས་བྱ༔ དམིགས་པ་བསྒོམ་ཚུལ་གོང་དུ་བཤད་ལྟར་རོ༔ དམ་ཅན་སྡེ་བདུན་སྦྱར་ན་བཀྲ་ཤིས་དགེ༔ ཅི་ཕྱིར་ཆོས་འདིའི་བདག་པོ་ཁོང་རྣམས་ཡིན༔ བརྒྱ་ཕྱག་དམིགས་པ་གོ་སླ་བྲི་མི་དགོས༔ འོན་ཀྱང་ད་ནངས་བསྒོམ་པའི་སྲུང་འཁོར་དང་༔ མདུན་བསྐྱེད་རྡོ་ར་མེ་རི་དོན་གཅིག་པར༔ གུར་ཆེན་ཕུབ་པ་ལྟ་བུར་གྱུར་པའི་ནང་༔ བདག་


CMR005_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་བུམ་བསྐྱེད་གཏོར་མ་ལྷར་བསྐྱེད་ཅིང་༔ དཀྱིལ་འཁོར་རྣམས་ཀྱི་རྡོ་ར་མེ་རི་ནི༔ དགོན་པ་རྣམས་ཀྱི་ལྕགས་རི་ལྟ་བུ་སྟེ༔ སྟེང་ནི་ཧད་པོར་ཡོད་པར་བསྒོམས་བྱས་ནས༔ དཀྱིལ་འཁོར་མུན་སྣམ་དྲྭ་བ་དྲྭ་ཕྱེད་བར༔ དེ་ནི་སྟོང་པ་ཧད་པོ་ཡིན་པ་ནི༔ བདག་མདུན་བུམ་པའི་གཙོ་བོ་ཕན་ཚུན་རྣམས༔ སྤྱན་གྱིས་གཟིགས་ཤིང་ཞལ་ནི་ཐད་ཐད་འོང་༔ འོད་ཟེར་སྤྲོ་བསྡུའི་ལམ་ཡང་གསེང་ངེ་ཡིན༔ རྙིང་ལུགས་བུམ་པ་དཀྱིལ་འཁོར་དབུས་བཞག་པ༔ འདི་ལ་བསྒོམ་ལུགས་རྣམ་པ་གཉིས་སུ་ཡོད༔ གཏོར་མ་ལྷར་བསྐྱེད་ཀྱང་ནི་དེ་དང་འདྲ༔ རྙིང་ལུགས་སྒྲུབ་པ་མདོར་བསྡུས་འགའ་ཞིག་ལ༔ བུམ་པ་དང་ནི་དཀྱིལ་འཁོར་དབྱེར་མེད་གཅིག༔ མདུན་བསྐྱེད་ལྷ་དང་བུམ་པ་དབྱེར་མེད་གཅིག་དེ་དག་རྣམས་དང་སྒྲུབ་གཏོར་དབྱེར་མེད་གཅིག༔ བདག་མདུན་དཀྱིལ་འཁོར་གཉིས་ལས་མི་བསྒོམ་པར༔ སྒྲུབ་པ་བསྡུས་པ་འགེའ་ལ་ཡོད་མོད་ཀྱི༔ དབང་བསྐུར་སོགས་ལ་དེ་ལྟར་མི་རུང་སྟེ༔ བུམ་པ་དང་ནི་གཏོར་མ་ལ་སོགས་པ༔ མདུན་བསྐྱེད་གཙོ་བོའི་མདུན་དང་འཁོར་བཞི་ཡི༔ མཚམས་བཞིར་བུམ་པ་དེ་ནང་ལྷ་བསྐྱེད་ཅིང་༔ གཏོར་མའང་གཙོ་བོའི་


CMR005_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་གཏོར་ལྷ་བསྐྱེད༔ བཤམས་དུས་དཀྱིལ་འཁོར་བུམ་པ་གཏོར་མ་རྣམས༔ བརྩེགས་མར་བཤམས་ཀྱང་བསྒོམ་དུས་བརྩེགས་མ་མིན༔ ཅི་ཕྱིར་ཞེ་ན་མདུན་བསྐྱེད་གཞལ་ཡས་སྟེང་༔ བུམ་པ་གསེར་འཕྲུ་བཙུགས་འདྲ་མི་རུང་སྟེ༔ ཕོ་བྲང་དབུས་ཀྱི་གདུགས་ཏོག་སོ་སོར་ཡོད༔ བར་སྣང་ཁམས་སུ་སུམ་བརྩེགས་རུང་བ་མེད༔ ཅི་ཕྱིར་བདག་བསྐྱེད་ལས་ནི་ཧ་ཅང་མཐོ༔་སྔགས་ཕྲེང་འཕྲོ་འདུ་ལ་སོགས་མི་བདེའོ༔ མདུན་བསྐྱེད་དཀྱིལ་འཁོར་ཕྱོགས་བཞིའི་མཚམས་རྣམས་སུ༔ བུམ་པ་ཐོད་པ་ཡོད་པ་ཀུན་ལ་གསལ༔་དེ་ཕྱིར་སྔ་མ་འཐད་པར་ངེས་པའོ༔ མདུན་གྱི་དཀྱིལ་འཁོར་རྡོ་ར་དུར་ཁྲོད་ནང་༔་གཞལ་ཡས་ཁང་གི་ཕྱི་ཡི་ཁྱམས་དེ་རུ༔ བདག་བསྐྱེད་དཀྱིལ་འཁོར་བསྒོམས་ནས་ཡོད་པའི་ཕྱིར༔ མདུན་བསྐྱེད་དཀྱིལ་འཁོར་ཁྱམས་དེར་ཡོན་བདག་དང་༔ ཁྲོམ་པ་ཀུན་བསྒོམ་མདུན་གྱི་དཀྱིལ་འཁོར་ལ༔ ཕྱག་འཚལ་དམིགས་ལ་བརྒྱ་ཕྱག་འཚལ་བའོ༔ དེ་ནས་ཞི་ཁྲོ་བླུགས་ཞེས་ཡོངས་གྲགས་པ༔ ན་རཀ་དོང་ནས་སྤྲུགས་པའི་ཆོ་ག་སྟེ༔ རྩ་བ་བསྐང་བཤགས་ཉམས་ཆག་རང་གྲོལ་ཡིན༔ རྒྱུད་ཚིག་ཁ་སྦྲམ་ཧ་ཅང་གོ་དཀའ་སྟེ༔ འདི་ཡི་བསྒོམ་བྱ་དམིགས་རིམ་ཤེས་པར་


CMR005_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དཀ༔ ཡོ་ག་གསུམ་གྱི་དགོངས་པ་བསྡུས་པ་ཡིན༔ དེ་ལ་ཕྱི་མཆོད་གོ་ནི་སླ་བ་སྟེ༔ ཆོས་སྐུའི་ཞིང་ཁམས་ཆོས་དབྱིངས་ཕོ་བྲང་སྟེ༔ ནམ་མཁས་གར་ཁྱབ་ཆོས་སྐུའི་ཞིང་ཁམས་ཡིན༔ དེ་དག་སངས་རྒྱས་ཀུན་གྱི་ཐུགས་ཀྱིས་ཁྱབ༔ སངས་རྒྱས་ཐམས་ཅད་ཆོས་སྐུ་གཅིག་ཡིན་པས༔ དེ་ནི་ཆོས་སྐུ་རབ་འབྱམས་ཞེས་བྱའོ༔ འཐུག་པོ་བཀོད་དང་རིགས་ལྔའི་ཞིང་ཁམས་ལྔ༔ ཆགས་པ་ཡོད་ལ་འཇིག་པ་མི་མངའ་བ༔ དེ་ནི་རིགས་ལྔ་ཡབ་ཡུམ་ལ་སོགས་པ༔ དེ་བཞིན་གཤེགས་པ་གཤེགས་མ་གང་བཞུགས་ཚད་ཐམས་ཅད་ཞི་བ་རབ་འབྱམས་ཁོངས་སུ་གཏོགས༔ འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་ན༔ བརྟན་གཡོ་སྲིད་པའི་དུར་ཁྲོད་ཆེན་པོ་ན༔ ཡེ་ཤེས་ཁྲོ་བོ་ཁྲོ་མོ་ཐམས་ཅད་བཞུགས༔ དེ་བཞིན་མཁའ་སྤྱོད་གནས་ནི་ཆེ་ཆུང་ན༔ གནས་སྐབས་གདུལ་བྱའི་དོན་དུ་ཁྲོ་བོ་དང་༔ ཁྲོ་མོ་དུ་མ་སྤྲུལ་ཞིང་དབྱིངས་སུ་ཐིམ༔ རི་རབ་བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས༔ ཨོ་རྒྱན་རང་བྱུང་དུར་ཁྲོད་མ་ལ་ཡ༔ རྒྱ་གར་རང་བྱུང་དུར་ཁྲོད་བརྒྱད་སོགས་སུ༔ ཡེ་ཤེས་ཆོས་སྐྱོང་ཁྲོ་བོ་ཐམས་ཅད་བཞུགས༔ དེ་ཀུན་ཁྲོ་བོ་རབ་འབྱམས་དཀྱིལ་འཁོར་


CMR005_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན༔ དེ་ནི་ཕྱི་ཡི་ཞི་ཁྲོའི་དཀྱིལ་འཁོར་ཏེ༔ གདོད་ནས་གྲུབ་པ་ལྷུན་གྲུབ་ཞི་ཁྲོའོ༔ རང་གི་རང་ལུས་རྩ་རླུང་ཐིག་ལེ་ལ༔ ཞི་ཁྲོ་བཞུགས་པ་ནང་གི་དཀྱིལ་འཁོར་ཡིན༔ གཞན་དུ་མདུན་དུ་རས་བྲིས་རྡུལ་ཚོན་སོགས༔ བཤམས་ཤིང་བསྒོམས་ནས་སྤྱན་འདྲེན་ཕྱག་མཆོད་ཚེ༔ གཤེགས་དང་བཞུགས་པའི་རྟོག་པ་མི་མངའ་ཡང་ཆུ་ཟླ་ལྟ་བུར་གར་དམིགས་དེར་སྣང་བ༔ དེ་ནི་གཞན་གྱི་དཀྱིལ་འཁོར་ཡིན་པ་སྟེ༔ དེ་དག་རྣམས་ལ་མ་འདུས་ལྷ་གཅིག་མེད༔ དེ་ལ་ཞི་ཁྲོ་རབ་འབྱམས་ཟེར་བ་ཡིན༔ སྟོང་གསུམ་རི་རབ་གླིང་བཞི་བྱེ་བ་བརྒྱ༔ དེ་ལས་གཞན་པའི་དག་དང་མ་དག་གིས༔ སངས་རྒྱས་ཞིང་ཁམས་འཇིག་རྟེན་ཐམས་ཅད་ན༔ ངོ་མཚར་ལྷ་རྫས་ལས་གྲུབ་མཆོད་ཡོན་དང་༔ མེ་ཏོག་ལ་སོགས་ཕྱི་མཆོད་རྣམ་པ་ལ༔ གདོད་ནས་གྲུབ་པ་ཐམས་ཅད་བློ་ཡིས་བླང་༔ ཡིད་ཀྱིས་ནམ་མཁའ་བར་སྣང་གང་བར་སྤྲུལ༔ དངོས་འབྱོར་ལག་ཏུ་མཆོད་པ་རྣམ་ལྔ་བཀྱག༔ ཐུགས་ལས་སྤྲུལ་པའི་ལྷ་མོ་གྲངས་མེད་ཀྱིས༔ མདུན་གྱི་དཀྱིལ་འཁོར་དེ་ཉིད་ཁོ་ནར་མིན༔ ནམ་མཁས་གར་ཁྱབ་སངས་རྒྱས་ཞིང་ཀུན་ཏུ་མཆོད་པའི་སྤྲིན་གྱིས་ཁྱབ་པར་རབ་ཏུ་སྤྲོས༔ ནམ་མཁས་གར་


CMR005_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་སངས་རྒྱས་ཞིང་ཀུན་གྱི༔ ཞི་བ་རབ་འབྱམས་ཁྲོ་བོ་རབ་འབྱམས་དང་༔ བཀའ་སྲུང་དམ་ཅན་རྒྱ་མཚོར་བཅས་པ་ལ༔ མཆོད་པའི་སྤྲིན་གྱིས་སོ་སོར་མཆོད་།དམིགས་ལ༔ ཧཱུྃ༔ སྟོང་གསུམ་འདིའམ་ཞེས་སོགས་བསྐང་བ་གྱེར༔ དེ་ལྟར་མཆོད་པས་འདོད་གསོལ་སྨོན་ལམ་ནི༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག་ཅེས་ནས་དབང་དང་དངོས་གྲུབ་སྩོལ་བར་བརྗོད་པའོ༔ དེ་ནི་བསྐྱེད་པ་མ་ཧཱ་ཡོ་གའི་ལུགས༔ སྣང་བ་ལྷ་དང་ལྷ་མོར་བཀོད་བྱས་ནས༔ བུམ་པའི་དབང་གིས་ཉམས་ཆག་བསྐང་བ་དང་༔ བསོད་ནམས་ཚོགས་བསགས་མདོ་ཡི་དགོངས་པ་འདུས༔ དེ་ནས་བདུད་རྩི་སྨན་གྱི་བསྐང་བ་ནི༔ རྫས་ནི་ཆང་ཕུད་གཙང་མ་མ་ཉམས་པར༔ རྩ་བརྒྱད་སྟོང་སྦྱར་རིལ་བུ་བདར་བ་ཡི༔ ཆང་མ་འཛོམས་ན་འོ་མས་ཆོག་པ་སྟེ༔ སྣོད་ནི་མཚན་བཟང་བྷནྡའི་ནང་དུ་བླུགས༔ འཛོམ་ན་རིགས་བཟང་བུ་མོས་བཀྱག་པ་སྟེ༔ མ་འཛོམ་མཆོད་གཡོག་པ་ཡིས་བཀྱག་པ་ཡང་ཌཀིའི་ཆ་ལུགས་གྱོན་སྐྱ་དབུ་རྒྱན་བཅས༔ འདི་དག་རྟེན་འབྲེལ་རྫ་ས་ཏེ་གལ་ཆེའོ༔ བདུད་ནི་མ་རིག་དུག་ལྔ་བདག་འཛིན་ཏེ༔ རྩི་ནི་རང་རིག་ཡེ་ཤེས་ལྔ་པོའོ༔ དེས་ནི་རིགས་


CMR005_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་སྡུག་བསྔལ་ཀུན་འཇོམས་པས༔ འཁོར་བའི་གཅོང་ནད་སེལ་ཕྱིར་སྨན་ཞེས་བྱ༔ བདུད་རྩི་གཏོར་ཞིང་མཆོད་པའི་ཡོན་ཏན་ཡང་༔ ལྷ་དང་སྲུང་མར་ཕོག་ན་ཐུགས་དམ་བསྐང་༔ མཆེད་ལྕམ་རྣམས་ལ་ཕོག་ན་ཉམས་ཆག་དག༔ དགྲ་བགེགས་རྣམས་ལ་ཕོག་ན་རྡུལ་དུ་བརླག༔ མཆོད་པའི་རྫས་ལ་ཕོག་ན་བདུད་རྩིར་གྱུར༔ གསེར་འགྱུར་རྩི་དང་དངུལ་ཆུས་ནུས་པ་ལྟར༔ ཀུན་རྫོབ་རྗེས་ཀྱི་ནུས་པ་བསམ་མི་ཁྱབ༔ དེ་དོན་བདུད་རྩི་སྨན་སྒྲུབ་གཞུང་རྣམས་གསལ༔ ཀུན་རྫོབ་རྫས་ཀྱི་བདུད་རྩི་ལ་བརྟེན་ནས༔ དོན་དམ་ཆོས་ཀྱི་བདུད་རྩི་རྟོགས་པར་འགྱུར༔ ཀུན་གཞིའི་རྣམ་ཤེས་བྷན་རང་བྱུང་སྣོད༔ བྱང་ཆུབ་སེམས་གཉིས་བདུད་རྩིས་རབ་ཏུ་བཀང་༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་བདུད་རྩི་དེས༔ ཆོས་སྐུའི་ཐུགས་དམ་བསྐངས་ནས་ཆོས་སྐུ་ཐོབ༔ རང་བློའི་མདངས་ནི་རང་གསལ་བྷན་དྷ་རུ༔ རྟོག་པ་གང་ཤར་རང་གྲོལ་ཡེ་ཤེས་ཀྱི༔ བདུད་རྩིས་བསྐངས་ནས་རང་གསལ་ལོངས་སྐུ་ཐོབ༔ མཆོག་གི་འོད་གསལ་ཐོད་རྒལ་བྷནྡྷ་རུ༔ ཐིག་ལེ་ཐིག་ཕྲན་འབར་བའི་བདུད་རྩིས་བསྐངས༔ སྤྲུལ་སྐུ་ཞི་ཁྲོའི་ལྷ་ཚོགས་དངོས་སུ་འཆར༔ ཡེ་ཤེས་རྩ་ནི་བྷ་སེན་བྷནྡྷ་རུ༔


CMR005_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མེད་ཨ་དཀར་ངོ་བོ་རྗེན་པས་བཀང་༔ རྫས་དེས་ཉོན་མོངས་ཀུན་ཞི་ཞི་བ་བསྐང་༔ དུག་ལྔ་མ་སྤང་ཡེ་ཤེས་བྷནྡྷ་རུ༔ ཤེས་རབ་རང་རིག་རང་གསལ་བདུད་རྩིས་བཀང་༔ རྫས་དེས་ཁྲོ་བོ་བསྐང་ཕྱིར་ཁྲག་འཐུང་འགྲུབ༔ སྟོང་གསུམ་འཇིག་རྟེན་སྣོད་ཀྱི་སྙན་རུ༔ རང་རྩལ་སྣང་སེམས་གཅིག་འདྲེས་བདུད་རྩིས་བཀང་༔ གོང་ལྟར་ཕྱི་དང་གཞན་བཀྲམ་ལྷ་ཚོགས་བསྐང་༔ དེ་དག་དོན་དེ་རྟོགས་པར་བྱས་ནས་ཀྱང་༔ ཉམས་ལེན་ལྟ་བའི་ངང་ནས་གྱེར་བྱ་ཡིན༔ བྷན་བདུད་རྩི་དམིགས་པ་བསྒོམ་རྒྱུ་མིན༔ དམིགས་མེད་ལྟ་བ་བསྒོམ་པ་བདུད་རྩི་ཡིན༔ ཨ་ཏི་ཡོ་གའི་ལུགས་ཀྱི་བསྐང་བ་དེ༔ དྲི་མེད་བཤགས་རྒྱུད་ལེའུ་དང་པོའི་དོན༔ དེ་ནས་གོང་ལྟར་བསྔོ་བྱང་སྨོན་ལམ་བྱ༔ སྐབས་འདིར་རྩ་བརྒྱུད་བླ་མའི་མཚན་ཞབས་སུ༔ མཆོད་བསྟོད་བརྗོད་ཅིང་བདུད་རྩི་གཏོར་ཚུལ་བྱ༔ དེ་ཚེ་མཆོད་པའི་ལྷ་མོ་དཔག་མེད་ཀྱིས༔ བྷནྡྷའི་སྣོད་དེ་བདུད་རྩི་རྒྱ་མཚོ་ནས༔ ཕྱག་ན་བྷནྡའི་སྐྱོགས་བསྣམས་བདུད་རྩི་བཅུས༔ རྩ་བརྒྱུད་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལ༔་སོ་སོར་བདུད་རྩི་ཞལ་དུ་དྲངས་བར་དམིགས༔ དེ་ཡི་ཐུགས་ཀྱི་དམ་ཚིག་བཞི་པའི་ཉམས་ཆག་


CMR005_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་༔ ༈ དེ་ནས་རཀྟའི་བསྐང་བ་བྱ་བ་ནི༔ འཛོམས་ན་བྷནྡར་སྐྲ་ཡི་ལེན་བུ་བཏགས༔ མེད་ན་བྷནྡྲར་རཀྟ་གཙང་མའི་ནང་༔ བསྒྲུབ་པའི་དམ་རྫས་རཀྟའི་རུ་རྩི་བཏབ༔ རཀྟ་མེད་ན་འབྲི་མོག་ཇ་རྒོད་སོགས༔ འབྱུང་བའི་ཁྲག་གིས་རཀྟའི་གོ་ཆོད་དོ༔ གཡོན་པས་རཀྟ་བཟུང་ཞིང་གཡས་པ་ཡིས༔ རྐང་གི་གཟར་བུའམ་མེད་ན་ཕུད་སྐྱོགས་ཀྱིས༔ ཕྱིར་ཞིང་དཀྱིལ་འཁོར་སྐོར་བ་བྱེད་པ་སྟེ༔ དེ་ནི་ཀུན་རྫོབ་རྫས་ཀྱི་རཀྟ་སྟེ༔ དོན་ལ་སྣོད་ཀྱི་འཇིག་རྟེན་བྷན་སྟེ༔ རིགས་དྲུག་འཁོར་བ་སྡུག་བསྔལ་ཁྲག་གི་མཚོན༔ ཁྲག་འཐུང་ཞལ་དུ་བསྟབས་པས་འཁོར་བ་སྟོང་༔ ཐམས་ཅད་དག་པ་རབ་འབྱམས་མངོན་སངས་རྒྱས༔ རཀྟ་མཆོད་དང་ཁྲག་འཐུང་ཟེར་བའི་དོན༔ སྤྱི་ཡི་དོན་ནི་དེ་ལྟར་ཤེས་བྱ་སྟེ༔ ཁྱད་པར་འདི་སྐབས་བསྒོམ་བྱའི་དམིགས་པ་ནི༔ རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས༔ ཐ་མལ་གདོས་བཅས་ལུས་གཅིག་ཕྱི་ལ་སྤོས༔ དེ་བཞིན་ཚེ་འདས་སམ་ནི་ཡོན་བདག་གི༔ གཅོད་ལྟར་རྣམ་ཤེས་སྤར་བའི་ཐིག་ལེ་དེ༔ ལྟ་བ་མཐོ་ན་རང་གི་ཐུགས་ཀར་བསྟིམ༔ དེ་ཙམ་མེད་ན་མདུན་བསྐྱེད་ཐུགས་ཀར་བསྟིམ༔ རང་དང་སྦྱིན་བདག་ཚེ་


CMR005_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཕུང་པོ་ཡི༔ སྤྱི་མགྲིན་སྙིང་ལྟེ་གསང་གནས་ལྔ་པོ་ཡི༔ རྩ་གནས་ལྔ་པོ་བྷནྡ་ལྔ་རུ་བསྒྱུར༔ གཞུང་ཚིག་ལྟར་དུ་རཀྟ་ལྔ་ཡིས་བཀང་༔ དེ་འདྲ་རེ་རེ་ལ་ཡང་གྲངས་མེད་སྤྲོས༔ ལྷ་མོ་དམར་མོ་དཔག་ཏུ་མེད་པ་ཡིས༔ རཀྟ་ཐོགས་ནས་ལྷ་ཚོགས་ཀུན་ལ་མཆོད༔ འདི་ནི་ཨ་ནུ་ཡོ་གའི་བསྐང་བའོ༔ གསུང་གི་དམ་ཚིག་གསང་དབང་ཉམས་ཆག་བསྐང་༔ འདི་འདྲ་ཐམས་ཅད་མི་འཐད་ཐེ་ཚོམ་ནི༔ སྒྲུབ་པ་བཀའ་བརྒྱད་བདེ་གཤེགས་མདོས་ཆེན་གྱི༔ ཁྲོ་བོ་རོལ་པའི་གཏོར་ཟློག་དམིགས་རིམ་ནི༔ མངའ་བདག་ཉང་གི་གཏེར་མ་བསླད་མེད་ལས༔ ནང་གི་གཏོར་ཟློག་དམིགས་རིམ་སྐབས་སུ་གསལ༔ ༈ དེ་ནས་གཏོར་མས་ཐུགས་དམ་བསྐང་བ་ནི༔ རྨད་བྱུང་གཏོར་མ་ཕྱོགས་བཞིར་བཀྱག་གསུངས་པ༔ ཀཿཐོག་ལུགས་ལ་རྨད་བྱུང་གཏོར་མ་བཞི༔ མཆོད་གཡོག་བཞི་ཡིས་ཕྱོགས་བཞི་ནས་བཀྱག་སྐད༔ བཀའ་བབས་ལུགས་འདིར་རྨད་བྱུང་གཏོར་མ་གཅིག༔ བཟུང་ནས་དཀྱིལ་འཁོར་བསྐོར་ཞིང་ཕྱོགས་བཞི་རུ༔ བཀྱགས་ནས་འཆམས་ཏེ་འདུག་ནས་གྱེར་བ་ཡིན༔ གང་ལྟར་རང་དང་ཡོན་བདག་ཚེ་འདས་སོགས༔ རྣམ་ཤེས་སྤར་བའི་ཐ་


CMR005_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

མལ་ལུས་དེ་ཡི༔ ཕུང་པོ་གཏོར་མར་དམིགས་ཏེ་ལྷ་ལ་མཆོད༔ ཐོད་པ་བྷན་ཤངས་ནི་གཏོར་མ་ལ༔ རྣ་བ་འཁོར་ལོ་འབར་བ་མཐེབ་སྐྱུ་དང་༔ མིག་ཚིལ་མིག་ཆུ་རང་བྱུང་ཛ་གད་དང་༔ ཛ་གད་ཅེས་པ་ཆུང་ལ་འཇུག་པ་དང་༔ རྒོག་པ་འུ་སུ་ཚྭ་དང་སྒ་སྐྱ་སོགས༔ དབུས་ལུགས་ཟན་དཔག་ལ་ཡང་འཇུག་པ་དང་༔ དེ་བཞིན་ཞིམ་མངར་རྫས་སྣ་དྲི་ཞིམ་པ༔ མང་པོ་བསྡུས་པ་ལ་ཡང་འཇུག་པ་ཡོད༔ འདིར་ནི་ཆང་དང་རྫ་ས་སྣ་ཀུན་ལ་འཇུག༔ དབང་པོ་ལྔ་ཡི་ཁྲག་ནི་རཀྟས་བྲན༔ ཞི་ཁྲོའི་ལྷ་ཚོགས་ལ་ཕུལ་ཐུགས་དམ་བསྐང་༔ སྙིང་ཚིལ་ཉི་ཟླ་གའུ་གཏོར་གཞོང་བསྒོམ༔ སྙིང་ནི་གཏོར་མ་སྙིང་གི་རྩ་འདབ་བརྒྱད༔ མཐེབ་སྐྱུ་རྣམ་ཤེས་ཚོགས་བརྒྱད་ཛ་གད་བསྒོམ༔ ལུས་ཀྱི་རྩ་ཆེན་བཞི་ཡི་རཀྟས་བྲན༔ འབུལ་ཞིང་བསྐང་བ་གཅོད་ཀྱི་ལུས་སྦྱིན་མཚུངས༔ ལྕོགས་པ་གཏོར་གཞོང་རུས་པ་གཏོར་མར་བསྒོམ༔ ཤ་ནི་མཐེབ་སྐྱུ་བཀྲག་མདངས་ཛ་གད་དེ༔ ཁྲག་དང་ཆུ་སེར་རཀྟས་བྲན་དམིགས་འབུལ༔ ཁོག་པ་གཏོར་གཞོང་མཆིན་པ་གཏོར་མ་དང་༔ གློ་མཆེར་མཁལ་མ་མཐེབ་སྐྱུས་བསྐོར་བར་བསྒོམ༔ གུ་ཧྱ་ཞེས་བྱ་གསང་བའི་མིང་ཡིན་ཏེ༔ གསང་གནས་དང་ནི་ནང་


CMR005_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ་ཛ་གད་དང་༔ མཁྲིས་པ་རཀྟས་བྲན་དམིགས་འབུལ་བའོ༔ དེ་ནས་བསྔོ་བྱང་གོང་ལྟར་བྱ་བའོ༔ ༈ དེ་ནས་མཆོད་གཡོག་པ་ཡིས་མར་མེ་བཀྱག༔ གོང་ལྟར་བདག་དང་ཡོན་བདག་ཚེ་འདས་རྣམས༔ བེམ་རིག་བྲལ་ནས་ཕུང་པོ་མར་མེར་དམིགས༔ ཚེ་འདས་ལུས་ནི་མེད་པས་ཅི་ཞེ་ན༔ ལུས་ངག་ཡིད་གསུམ་ནམ་ཡང་མི་འབྲལ་ཏེ༔ སངས་རྒྱས་ཐོབ་ཚེ་སྐུ་གསུང་ཐུགས་སུ་འགྱུར༔ མ་ཤི་ཉིན་པར་རྣམ་སྨིན་ཤ་ཁྲག་ལུས༔ རྨི་ལམ་སྐབས་སུ་བག་ཆགས་འཁྲུལ་བའི་ལུས༔ བར་དོའི་སེམས་ཅན་རྣམས་ལ་ཡིད་ཀྱི་ལུས༔ རིགས་དྲུག་སྐྱེས་ན་གར་སྐྱེས་དེ་ཡི་ལུས༔ བཀུག་གཞུག་མི་དགོས་གར་ཡོད་དེར་དམིགས་ཏེ༔ དམིགས་པ་དགོས་ཚད་རིགས་དྲུག་གར་ཡོད་ཀྱང་༔ དཀྱིལ་འཁོར་ཁྱམས་དེར་ཡོད་པར་དམིགས་པས་འཐུས༔ ལྤགས་པ་རང་བྱུང་ཀོང་བུ་རྒྱ་ཆེར་བསྒོམ༔ ཁྲག་དང་ཆུ་སེར་མར་ཁུའི་རྒྱ་མཚོ་ལ༔ ཤ་རུས་སྡོང་བུ་བཀྲག་མདངས་སྒྲོན་མེ་ཉིད༔ ཐོད་པ་རྐང་བུ་ཀླད་པ་མར་ཁུ་དང་༔ མིག་གིས་གསལ་བྱེད་རྩ་ཡི་སྡོང་བུ་ལ༔ དབང་པོ་ལྔ་ནི་གསལ་བའི་སྒྲོན་མེའོ༔ ཙིཏྟ་ཀོང་བུ་སྙིང་ཚིལ་མར་ཁུ་དང་༔ སྙིང་གི་རྩ་འདབ་བརྒྱད་ནི་


CMR005_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྡོང་བུ་ལ༔ རྣམ་ཤེས་ཚོགས་བརྒྱད་སྒྲོན་མེར་དམིགས་ནས་འབུལ༔ སྙིང་ནང་འབྱུང་ལྔའི་དྭངས་མ་ཀོང་བུ་དང་༔ དེ་རུ་འོད་ལྔ་ཡོད་པར་མར་ཁུ་དང་༔ དོན་སྙིང་ལྔ་ནི་སྡོང་བུར་དམིགས་བྱས་ལ༔ ཕྱི་ནང་འགྱུ་བའི་དབུགས་ནི་སྒྲོན་མེར་དམིགས༔ ལུས་དབུས་དབུ་མར་དྷུ་ཏིའི་ཀོང་བུ་ལ༔ རང་གསལ་སྲོག་གི་རླུང་ནི་མར་ཁུར་དམིགས༔ རྩ་འཁོར་ལྔ་དང་གསང་གནས་རྩེ་མོ་དང་༔ སྤྱི་བོའི་གཙུག་ཏོར་རྩ་འཁོར་དང་བཅས་བདུན༔ འཁོར་ལོ་བདུན་བརྩེགས་རྩ་འཁོར་སྡོང་བུར་བསམ༔ ཡར་མར་ཨ་ཧཾ་བྱང་སེམས་སྒྲོན་མེར་དམིགས་སྙིང་དབུས་མི་ཤིགས་ཐིག་ལེ་སྲོག་གི་རྟེན༔ དེ་ནི་ཀོང་བུ་རང་རིག་ཡེ་ཤེས་ནི༔ མར་ཁུ་སྙིང་གི་རྩ་བྲན་སྡོང་བུ་བཅུ༔ རང་སེམས་རིག་པ་རང་གསལ་སྒྲོན་མེར་དམིགས༔ རྗེས་མ་འདི་ནི་བེམ་རིག་མ་ཕྲལ་བའི༔ ལུས་སེམས་ཟུང་འཇུག་ཉིད་ལ་དམིགས་པ་སྟེ༔ ལྷ་མོས་མཆོད་སོགས་མི་དགོས་ཡིད་ཀྱིས་འབུལ༔ འདི་དོན་བཀའ་བརྒྱད་ཁྲོ་བོ་རོལ་པ་ཡི༔ གསང་བ་དུག་ལྔ་ཡེ་ཤེས་ལྔར་བཟློག་པའི་ཞི་བཟློག་དམིགས་རིམ་སྐབས་ནས་དོན་གྱིས་གསལ༔ དེ་རྣམས་རྫོགས་ཆེན་སྤྱི་ཏི་ཡང་ཏིའི་ལུགས༔ སྙིང་དབུས་ཡེ་ཤེས་རྩ་ནི་བྷ་


CMR005_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སནྟ༔ ཀོང་བུར་དམིགས་ཤིང་དེ་ནང་ཡེ་ཤེས་ནི༔ སྐྱེ་མེད་ཨ་དཀར་རྩ་གཅིག་མར་ཁུ་ལ༔ ཡེ་ཤེས་འོད་ཟེར་སྟེང་ཕྱོགས་བར་སྣང་ལ༔ གསལ་བར་འགྱུར་བ་དེ་ནི་སྡོང་བུར་བསམ༔ ཤེས་རབ་འབྲས་བུ་སྟོང་གསལ་མངོན་སུམ་དུ༔ རྟོགས་པར་འགྱུར་བ་སྒྲོན་མེར་དམིགས་ཏེ་འབུལ༔ མཆོག་གི་འོད་གསལ་ཐོད་རྒལ་ཀོང་བུ་ལ༔ མདངས་ནི་གསལ་བ་དེ་ནི་མར་ཁུར་བསམ༔ ཐིག་ལེ་ཐིག་ཕྲན་འོད་གསལ་སྡོང་བུ་ལ༔ ཡེ་ཤེས་ལྔ་ནི་དངོས་མཐོང་སྒྲོན་མེར་བསྒོམ༔ ཀུན་གཞི་འཁོར་འདས་སྤྱི་གཞི་ཀོང་བུར་དམིགས་ཆོས་དབྱིངས་ཀུན་ལ་ཁྱབ་པ་མར་ཁུ་སྟེ༔ སྨོན་འཇུག་བྱང་ཆུབ་སེམས་ཀྱི་སྡོང་བུ་ལ༔ སྐུ་ལྔ་ལྷུན་གྲུབ་སྒྲོན་མེ་སྦར་དམིགས་ཕུལ༔ འདི་ནི་སྣང་སྲིད་མར་མེ་སྦར་བ་ཡིན༔ གཏེར་གཞུང་ཚིག་ལ་དེ་བས་མ་མཆིས་ཀྱང་༔ བླ་མ་བརྒྱུད་པའི་ཕྱག་སྲོལ་འདི་སྦྱར་ཏེ༔ རིན་ཆེན་སྣ་ལྔའི་ཀོང་བུ་རུ༔ འབྲུ་མར་རྩི་མར་མར་ཁུས་གཏམས༔ རས་བལ་ཤིང་བལ་སྡོང་བུ་བཙུགས༔ སྣང་གསལ་མེ་ཡི་སྒྲོན་མེ་སྦར༔ འདི་ཡང་རང་བྱུང་ཞུན་མར་ཏེ༔ བསྐང་བའི་རྫས་མཆོག་བླ་ན་མེད༔ ཞེས་སོགས་སྦྱར་བ་འདི་ནི་ཕྱག་ལེན་ཡིན༔ དངོས་སུ་བཤམས་


CMR005_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པ་མར་མེ་བརྒྱ་རྩ་དེ༔ པད་ཟླའི་སྟེང་དུ་ཨ་འོ་དྷི་ཡིག་ལས༔ བྱུང་བའི་ལྷ་མོ་དམར་མོ་རབ་མཛེས་པ༔ དར་དང་རིན་ཆེན་རྒྱན་ལྡན་བརྒྱ་རྩ་བརྒྱད༔ ཀུན་གྱིས་ཕྱག་ན་མར་མེ་རེ་རེ་བསྣམས༔ དེ་ལས་རང་འདྲའི་ལྷ་མོ་མར་མེ་མ༔ བྱེ་བ་ཁྲག་ཁྲིག་དུང་ཕྱུར་གྲངས་མེད་འཕྲོས༔ ནམ་མཁའི་མཐར་ཐུག་སངས་རྒྱས་ཞིང་ཀུན་གྱི༔ ཞི་དང་ཁྲོ་བོའི་ལྷ་ཚོགས་རབ་འབྱམས་ལ༔ རྒྱུན་ཆད་མེད་པར་མར་མེ་འབུལ་བར་བསྒོམ༔ དེ་ནི་ཕྱི་ཡི་མར་མེ་ཡིན་པ་སྟེ༔ བསྐྱེད་པ་མ་ཧཱ་ཡོ་གའི་ལུགས་ཡིན་ལ༔ སྔོན་མ་རྣམས་ཀྱི་ནང་དང་གསང་བ་དང་༔ དེ་ཁོ་ན་ཉིད་མར་མེ་ཡིན་པ་སྟེ༔ ཨ་ནུ་ཨ་ཏི་སྤྱི་ཏི་ཡང་ཏིའི་ལུགས༔ དེ་ཡི་ཤེས་རབ་ཡེ་ཤེས་རྩལ་དབང་ཐོབ༔ རྩ་བ་ཡན་ལག་ཉམས་ཆག་ཐམས་ཅད་བསྐང་༔ དེ་ལྟར་མར་མེ་ཕུལ་བའི་བསོད་ནམས་ཀྱིས༔ སྦྱིན་བདག་ཚེ་འདས་ཐོག་དྲངས་འགྲོ་བ་ཀུན༔ ཉམས་ཆག་ཐམས་ཅད་ཅེས་སོགས་བསྔོ་བྱང་བྱ༔་༈ དེ་ལྟར་སྨན་རཀ་གཏོར་མ་མར་མེ་བཞི༔ ཡོ་ག་གསུམ་གྱི་དོན་འདུས་རྒྱུད་ཀྱི་ཚིག༔ གནད་ཆེ་གོ་དཀའ་རྡོ་རྗེའི་གསུངས་ཡིན་ཏེ༔ གསང་སྔགས་ཆོས་རྣམས་བརྡ་ཡི་ཚིག་གིས་སྟོན༔ དེ་ཕྱིར་འདི་ལ་འཇུག་པ་གཉིས་རེ་སྟེ༔


CMR005_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་གའི་དུས་སུ་དམིགས་པ་བསྒོམ་བྱ་ནི། གོང་དུ་བཤད་པ་དེ་ལྟར་ངེས་པའོ༔ མདུན་བསྐྱེད་ཐུགས་དང་སྦྱིན་བདག་རྣམ་ཤེས་སོགས༔ སོ་སོ་ལ་ནི་ཕྱིར་ལ་བསྟིམ་པར་བྱ༔ ཁྲིད་ཀྱི་དུས་སུ་གོ་བ་བླང་བྱ་ནི༔ དེ་ལྟར་དམིགས་པ་བསྒོམ་པ་མ་ཡིན་ཏེ༔ བསྒོམ་རིམ་ལྷན་སྐྱེས་བག་ཆགས་རང་གྲོལ་སོགས༔ ལུས་ལ་དཀྱིལ་འཁོར་བསྒོམ་པའི་དུས་དག་ཏུ༔ སྨན་རཀ་གཏོར་མ་མར་མེའི་མཆོད་པ་རྣམས༔ བཤམས་མི་དགོས་པར་ལུས་ལ་ཚང་འདུག་སྟེ༔ དེ་དག་རྒྱས་པར་བྲི་བར་མི་ལོང་ངོ་༔ བཀའ་དགོངས་ལ་སོགས་རྙིང་མའི་གཞུང་ཆེན་ལྟོས༔ མདོར་བསྡུས་དོན་གྱི་ཁོག་ཁྲོལ་བཤད་པ་ནི༔ ཕྱི་ཡི་མ་ཧཱ་ཡོ་གའི་ཆོ་ག་ནི༔ མཚམས་གཅོད་ནས་བཟུང་གཤེགས་བསྡུའི་བར་རྣམས་ནི༔ ལུས་དཀྱིལ་ཚར་གཅིག་བསྒོམ་ལ་ཚང་བ་དང་༔ དེ་བཞིན་རྩ་རླུང་གཏུམ་མོ་ཐུན་གཅིག་ལ༔ ཆོ་ག་དེ་དག་ཐམས་ཅད་ཚང་ཚུལ་དང་༔ རང་སེམས་ངོ་བོ་ཐུན་གཅིག་སྐྱོང་བ་ལ༔ ཆོ་ག་དེ་དག་དོན་ལ་ཚང་ཚུལ་ཏེ༔ ཕྱི་ཡི་དཀྱིལ་འཁོར་རྡུལ་ཚོན་རས་བྲིས་དང་༔ ནང་དུ་རྩ་རླུང་ལུས་ཀྱི་དཀྱིལ་འཁོར་དང་གསང་བ་ཏིང་འཛིན་སེམས་ཀྱི་དཀྱིལ་འཁོར་གསུམ༔ དོན་ལ་མཚུངས་པས་གོ་


CMR005_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལེན་པའོ༔ དེ་བཞིན་ཕྱི་ཡི་དཀྱིལ་འཁོར་རྡུལ་ཚོན་དང་༔ སྣོད་ཀྱི་འཇིག་རྟེན་ཆགས་འཇིག་སྟོང་གསུམ་མཚུངས༔ ནང་གི་དཀྱིལ་འཁོར་ལུས་དཀྱིལ་བསྒོམ་པ་ཡང་༔ སྐྱེ་དང་གནས་དང་འཆི་བ་དོན་མཚུངས་ཚུལ༔ གསང་བའི་དཀྱིལ་འཁོར་ཏིང་ངེ་འཛིན་ལ་བཞུགས༔ གནས་དང་རྗེས་ཐོབ་དོན་རྣམས་མཚུངས་ཚུལ་དང་༔ དེ་དག་གསུམ་ལ་འོག་མིན་བཞུགས་པ་ཡི༔ ཡེ་ཤེས་དཀྱིལ་འཁོར་དོན་ལའང་དབྱེར་མེད་པར༔ དྭངས་བའི་མཚོ་ལ་ཟླ་བའི་དཀྱིལ་འཁོར་བཞིན༔ བརྟེན་པ་ཀུན་རྫོབ་དཀྱིལ་འཁོར་དེ་རྣམས་ལ༔ རྟེན་གྱི་ཡེ་ཤེས་དཀྱིལ་འཁོར་བཞུགས་པ་སོགས༔ རྒྱས་པར་ནང་དོན་རྩ་འགྲེལ་ལ་སོགས་པ༔ གསར་རྙིང་སྔགས་གཞུང་ཆེན་པོ་རྣམས་སུ་ཤེས༔ དགོས་པ་དེ་ལྟར་ཆོ་ག་ཚར་རེ་ཡིས་བསྐལ་པ་ཆེན་པོ་རེ་རེར་ཚོགས་བསགས་དང་སྒྲིབ་སྦྱོང་བྱས་པའི་བསོད་ནམས་ཐོབ་པའི་ཕྱིར༔ མདོ་ལུགས་བསྐལ་པ་གྲངས་མེད་གསུམ་ལ་ནི༔ སངས་རྒྱས་ཐོབ་པ་གསང་སྔགས་བླ་མེད་ལ༔ ཚེ་གཅིག་ཉིད་ལ་ཐོབ་པའི་གནད་ཟབ་ལགས༔ དེ་ལྟར་ཁྲིད་དུས་གོ་བ་ཐེབ་པར་བྱ༔ དེ་ནས་མར་མེའི་སྨོན་ལམ་བྱ་བ་འདི༔ རྫོགས་ཆེན་ཆོས་ལ་ཐོས་བསམ་བྱས་ན་


CMR005_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས༔ གསར་མ་སོར་བཞག་མཁས་ཀྱང་གོ་བ་ཀུན༔ འདི་ལ་དམིགས་པ་བསྒོམ་རྒྱུ་གཞན་མེད་དེ༔ དཔོན་སློབ་རྣམས་དང་སྦྱིན་བདག་ཚེ་འདས་བཅས༔ ངན་སོང་རྣམས་སུ་ནམ་ཡང་མི་ལྟུང་བར༔ ཀུན་ཏུ་བཟང་པོའི་གོ་འཕང་མ་ཐོབ་བར༔ ནམ་ཡང་འབྲལ་མེད་འགྲོགས་པར་གྱུར་ཅིག་ཅེས༔ ཀུན་གྱིས་ཡིད་ལ་བསམ་ཞིང་གྱེར་བ་སྟེ༔ འཛོམས་ན་ཀུན་གྱི་ལག་ཏུ་མར་མེ་རེ༔ མ་འཛོམ་དཀྱིལ་འཁོར་མཐའ་ཡི་མར་མེ་དེ༔ ཐོག་མར་སྦྱིན་བདག་ཉིད་ལ་སྔར་བཅུག་ནས༔ དེ་ནས་སུ་བདེས་སྦར་ལ་འདོན་བྱའོ༔ དེ་ནས་ཚིག་རིས་གོ་དཀའ་ཅུང་ཟད་བཀྲོལ༔ དུར་ཁྲོད་གསང་བ་མཆོག་དེ་གང་ཞེ་ན༔ ཕྱི་ཡི་དུར་ཁྲོད་འོག་མིན་འཐུག་པོ་བཀོད༔ རྒྱབ་ཏུ་བརྟན་གཡོ་སྲིད་པའི་དུར་ཁྲོད་དེ༔ ཕྲིན་ལས་རྒྱ་མཚོའི་རྒྱུད་ལས་རྒྱ་ཆེར་གསུངས༔ དེ་དང་ཆ་མཐུན་བསིལ་བ་ཚལ་ལ་སོགས་རྒྱ་གར་རང་བྱུང་དུར་ཁྲོད་བརྒྱད་ལ་སོགས༔ ནང་གི་དུར་ཁྲོད་མིག་སོགས་དབང་པོ་ཡི་ཚོགས་བརྒྱད་རྣམ་ཤེས་འགྱུ་བའི་གནས་རྣམས་སོ༔ གསང་བའི་དུར་ཁྲོད་སེམས་ཉིད་ཡིན་པ་སྟེ༔ ཉོན་མོངས་རྣམ་རྟོག་ཤ་ཟ་རོ་ལངས་རྒྱུ༔ གཞན་དུ་མདུན་དུ་བཤམས་པའི་རྡུལ་ཚོན་


CMR005_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས༔ དཀྱིལ་འཁོར་མཐའ་ལ་བྲིས་པའི་དུར་ཁྲོད་བརྒྱད༔ ཕྱི་ནང་གཞན་གསུམ་ངོ་བོ་གཅིག་པས་ན༔ གསང་བ་ཡིན་ཏེ་ཕལ་གྱིས་མ་ཐོས་སོ༔ མཆོག་གི་དཀྱིལ་འཁོར་དེ་གསུམ་དབྱེར་མེད་དུ༔ རྟོགས་པའི་སློབ་དཔོན་ཉིད་ཀྱི་མདུན་བཤམས་པའི༔ དཀྱིལ་འཁོར་དམ་ཡེ་དབྱེར་མེད་དེ་ལགས་སོ༔ སློབ་དཔོན་དབུ་བྱས་མཆེད་ལྕམ་ཚེ་འདས་དང་༔ ཡོན་བདག་བཅས་པ་རྣམས་ནི་གོ་སླའོ༔ ནམ་ཞིག་བྱང་ཆུབ་ལྷུམས་སུ་ཞུགས་པ་ནི༔ འཆི་བ་རྫོགས་རིམ་ཆོས་སྐུར་དོན་གཅིག་པས༔ ནམ་ཞིག་འཆི་དུས་བྱང་ཆུབ་ལྷུམ་ཞུགས་ཡིན༔ འཁོར་བའི་གཡང་སར་མི་ལྟུང་སྨོན་ལམ་སྤྱི༔ བྱེ་བྲག་མ་རིག་གཏི་མུག་གཟུགས་མེད་ཁམས༔ གཅོང་རོང་ཟབ་མོ་ཡི་དྭགས་གནས་ཡིན་ཏེ༔ དམྱལ་ཟངས་ལ་སོགས་དམྱལ་ཁམས་བཅོ་བརྒྱད་དང་༔ གཅན་གཟན་སྒྲ་སྐད་ཐོས་པ་དུད་འགྲོ་སྟེ༔ ལས་ཀྱི་མཚོན་རྣོན་ལྷ་མ་ཡིན་གྱི་ལུས༔ དེ་དག་རྣམས་སུ་མི་འགྱུར་སྨོན་ལམ་དང་༔ བཤེས་གཉེན་བཀའ་དྲིན་ཆེ་བ་སློབ་དཔོན་ཏེ༔ དམ་ཚིག་གཅིག་པ་དབང་བསྐུར་མཉམ་དུ་ཞུས༔ ཆགས་ལམ་ཡིན་ན་རིགས་ལྡན་གཟུང་མ་སྟེ༔ དེ་བཞིན་ཚེ་འདས་རྒྱུ་སྦྱོར་ཡོན་བདག་བཅས༔ ཚེ་རབས་ཀུན་ཏུ་


CMR005_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་མི་འབྲལ་བར༔ ཚོགས་ལམ་ཆུང་ངུ་འབྲིང་དང་ཆེན་པོ་དང་༔ སྦྱོར་ལམ་དྲོད་དང་རྩེ་མོ་བཟོད་པ་དང་༔ ཆོས་མཆོག་བགྲོད་ནས་རབ་དགའི་ས་ཐོབ་སྟེ༔ དྲི་མ་མེད་དང་འོད་འཕྲོ་འོད་བྱེད་དང་༔ སྦྱང་དཀའ་མངོན་དུ་ཕྱོགས་དང་རིང་དུ་སོང་༔ དེ་དག་མ་དག་པ་ཡི་ས་བདུན་ཏེ༔ དག་ས་དང་པོ་ས་བརྒྱད་མི་གཡོ་བ༔ ལེགས་པའི་བློ་གྲོས་བཅུ་པ་ཆོས་ཀྱི་སྤྲིན༔ དེ་དག་རིམ་གྱིས་བགྲོད་པའི་སྨོན་ལམ་སྟེ༔ ཁྱད་པར་ཞེས་བྱ་མདོ་ལུགས་ས་ལམ་ལྟར༔ གྲངས་མེད་གསུམ་སོགས་ཡུན་ལ་མི་ལྟོས་ཤིང་༔ ལུས་སྲོག་སྦྱིན་སོགས་སྲོག་ལ་མི་ལྟོས་ཤིང་༔ ལུས་སྲོག་སྦྱིན་སོགས་དཀའ་སྤྱད་མི་དགོས་པར༔ བདེ་ཞིང་མྱུར་དུ་ཚེ་འདིར་ཐོབ་པའོ༔ གལ་ཏེ་ཚེ་འདིར་དང་པོའི་ས་མ་ནོན༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ནས༔ འཁོར་བའི་གཡང་ས་ཆེན་པོར་ལྷུང་སྲིད་ན༔ རྟེན་འབྲེལ་གསལ་བྱེད་མར་མེ་ཕུལ་བ་ཡི༔ རྒྱུ་དང་ཞི་ཁྲོའི་ལྷ་ཚོགས་ཐུགས་རྗེ་ཡིས༔ རྐྱེན་བྱས་རྒྱུ་རྐྱེན་རྟེན་འབྲེལ་འཛོམ་པ་ལ༔ སྨོན་ལམ་རྣམ་དག་འདི་ཡིས་མཚམས་སྦྱར་ཏེ༔ མར་མེ་ཕུལ་བའི་བསོད་ནམས་དཔག་མེད་པ༔ མར་མེའི་མདོ་ལས་ཐུབ་པས་གསུངས་པ་ལྟར༔


CMR005_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོ་དང་ཚེ་འདས་སྦྱིན་བདག་དེའི༔ ཤུལ་མཚོན་ཞེས་བྱ་རྗེས་སུ་འབྲང་པ་སྟེ༔ ངན་སོང་གསུམ་དང་ལྷ་མ་ཡིན་སོགས་ཀྱིས༔ སྐྱེ་སྒོ་མར་མེས་ཆོད་པའི་སྨོན་ལམ་མོ༔ དེ་ལྟར་ཚེ་འདིར་ས་བཅུ་མ་ནོན་ཡང་༔ འབྲིང་གིས་བར་དོ་ཐ་མ་སྐྱེ་བ་རྒྱབ༔ ཡང་མཐའ་སྐྱེ་བ་བདུན་ལས་མི་འགྱང་བར༔ ས་བཅུ་ཐོབ་ནས་ཉོན་མོངས་བག་ཆགས་བྱང་༔ སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་རེ་ལ༔ སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཆ་གཉིས་འགྱེད༔ དག་པའི་ཞིང་དུ་སངས་རྒྱས་ཆོས་ཉན་དང་༔ མ་དག་ཞིང་དུ་གང་ལ་གང་འདུལ་དུ༔ སྤྲུལ་ནས་འགྲོ་དོན་ཐོགས་པ་མེད་པའོ༔ འདི་མན་ས་ལམ་མིང་དང་དབྱེ་བ་སོགས༔ མདོ་དང་མཚུངས་ཕྱིར་བསྡུས་ཏེ་གསུངས་པའོ༔ ས་བཅུ་ཐོབ་ཚེ་སེམས་དཔའ་སེམས་མ་ཡིས༔ མདུན་བསུས་རྒྱབ་ནས་སྐྱེལ་ཞེས་བྱ་བའི་དོན༔ བྱང་ཆུབ་སེམས་དཔས་འགྲོ་དོན་བྱེད་པའི་དོན༔ བྱང་ཆུབ་སེམས་དཔའ་མང་པོས་སྤྲུལ་པ་དང་༔ ཡང་སྤྲུལ་ཉིས་སྤྲུལ་སུམ་སྤྲུལ་མང་པོ་དང་༔ སློབ་དཔོན་མཆེད་གྲོགས་སློབ་མ་ཡོན་བདག་སྤྲུལ༔ འགྲོ་དོན་བྱེད་པའི་གྲོགས་ནི་བྱེད་པའོ༔ དཔེར་ན་སྤྱན་རས་གཟིགས་སྤྲུལ་སྲོང་བཙན་དུས༔ འཇམ་དབྱངས་སྤྲུལ་པ་ཐོན་མི་སམ་བྷོ་ཊ༔


CMR005_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་སྤྲུལ་པ་མགར་བློན་ལ་སོགས་པ༔ སྲས་དང་བློན་པོ་ཕལ་ཆེར་སེམས་དཔའི་སྤྲུལ༔ དེ་བཞིན་དེང་སང་རྒྱལ་བའི་དབང་པོ་ལ༔ འོད་དཔག་འཇམ་དབྱངས་ཕྱག་རྡོར་བྱམས་པ་སོགས༔ སེམས་དཔའ་གཞན་གྱི་སྤྲུལ་པས་བསྟན་པ་འཛིན༔ བྱང་ཆུབ་སེམས་མས་མཐའ་བརྟེན་ཞེས་པ་ཡང་༔ རྒྱ་བཟའ་བལ་བཟའ་སྒྲོལ་མ་དཀར་སྔོན་དང་༔ ཡེ་ཤེས་མཚོ་རྒྱལ་དབྱངས་ཅན་ལྷ་མོ་སྟེ༔ སྲོང་བཙན་པད་འབྱུང་འགྲོ་དོན་གྲོགས་མཛད་ལྟར༔ དེ་དོན་འཇམ་དཔལ་རྩ་བའི་རྒྱུད་ཆེན་ལས༔ པོ་ཊ་ལ་ནས་རྗེ་བཙུན་སྒྲོལ་མ་ཡི༔ སྤྲུལ་པ་འཛམ་གླིང་ཆུ་བཞིའི་རྒྱུན་ཁྱབ་པར༔ བྱང་ཆུབ་སེམས་དཔའ་ཀུན་གྱི་རྗེས་སུ་འབྲང་༔ སྲུང་སྐྱོབ་སྦ་བ་བྱེད་ཅེས་གསུངས་པའོ༔ ཁྲོ་བོ་ཁྲོ་མོས་མཐའ་བརྟེན་ཞེས་པའི་དོན་གསང་བ་བསྟན་པའི་མདོ་ལས་གསུངས་པ་ལྟར༔ སངས་རྒྱས་བྱང་སེམས་ཀུན་གྱིས་སྤྲུལ་པ་ནི༔ ཅི་ཙམ་སྤྲུལ་པ་དེ་ཡི་གྲངས་མཉམ་པའི༔ ཕྱག་རྡོར་སྤྲུལ་པ་ཕྱི་བཞིན་འབྲངས་ནས་ཀྱང་༔ རྡོ་རྗེ་བསྣམས་ནས་བར་ཆད་བསྲུང་བར་འགྱུར༔ སུ་ཞིག་སྡེ་སྣོད་གསུམ་པོ་ཐོས་བསམ་བསྒོམ༔ དེ་ཚེ་དཔལ་ལྡན་ལྷ་མོས་དུས་རྟག་ཏུ༔ བུ་བཞིན་སྐྱོང་ཞེས་


CMR005_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་མ་བསྲུངས་ན༔ ལྷ་མོ་ཉིད་ཀྱང་ལུས་སྲོག་རབ་བསྲེགས་ནས༔ མནར་མེད་དམྱལ་བར་སྐྱེ་བའི་དམོད་བོར་བ༔ དཔལ་ལྡན་ལྷ་མོ་རྩ་བའི་རྒྱུད་ལས་གསལ༔ དེ་དག་རྣམས་དང་མཚུངས་པར་རང་ཅག་རྣམས༔ སེམས་དཔའ་སེམས་མས་གྲོགས་ནི་བྱེད་པ་དང་༔ ཁྲོ་བོ་ཁྲོ་མོས་བསྲུང་བའི་སྨོན་ལམ་ཡིན༔ དུར་འགྲོ་ཆེན་པོ་ནད་པ་ཟུངས་ཟད་ལྟར༔ འདེད་ཁྲིད་སྐྱོལ་ཞིང་འགྲོ་བ་མ་ཡིན་ནོ༔ དེ་དོན་འོག་མ་ཀུན་ལའང་འགྲེས་ཤེས་བྱ༔ མདོ་ཡི་ལུགས་ལ་བཅུ་གཅིག་སངས་རྒྱས་ས༔ གསར་མའི་ལུགས་ལ་བཅུ་གསུམ་སངས་རྒྱས་ས༔ དེ་བས་ཡན་ལ་བརྩི་བ་མ་མཆིས་ཀྱང་༔ དུས་འཁོར་ལུགས་ལ་དེ་བས་མང་གསུངས་ལྟར༔ རྫོགས་ཆེན་ལུགས་ལ་བཅུ་དྲུག་ཡེ་ཤེས་ས༔ ཡང་ན་ས་ནི་ཉི་ཤུ་གསུངས་པ་ལྟར༔ ཀུན་ཏུ་འོད་དང་རྡོ་རྗེ་འཛིན་པ་དང་༔ པདྨ་ཅན་དང་འཁོར་ལོ་ཚོགས་ཆེན་དང་༔ བཀོད་པ་རབ་རྫོགས་དེ་ཝ་ཀོ་ཤའི་ས༔ ཐར་པ་ཆེན་པོ་རྡོ་རྗེ་འཛིན་པའི་ས༔ ལྕང་ལོ་ཅན་དང་རྫོགས་པ་བླ་མེད་ས༔ སྲིད་གསུམ་ངང་རྫོགས་བྱ་རྩོལ་གཉིས་ཀྱི་ས༔ དེ་ལྟར་ཐུན་མོང་མིན་པའི་ས་བཅུ་གཉིས༔ ཐུན་མོང་དགུ་དང་ཉི་ཤུ་རྩ་གཅིག་སྟེ༔ ཕྱག་རྫོགས་ཟུང་འཇུག་གདམས་


CMR005_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་པ༔ གྲུབ་ཐོབ་ཆེན་པོ་ཀརྨ་པཀྴི་ཡི༔ གདམས་ངག་རྒྱ་མཚོ་མཐའ་ཡས་གཞུང་ཆེན་ལས༔ གནས་ལུགས་ཀུན་བཟང་ཆོས་ཀྱི་དབྱིངས༔ རྫོགས་ཆེན་ཨ་ཏི་ཡོ་ག་ནི༔ ཐེག་པ་དགུ་ལས་འདས་པ་སྟེ༔ ས་ལམ་རིམ་པ་བཅུ་དྲུག་སྟེ༔ ཡང་དག་དོན་གྱི་འོག་མིན་དུ༔ གདོད་ནས་ཐམས་ཅད་རང་བཞིན་རྫོགས༔ ཞེས་སོགས་རྒྱ་ཆེར་གསུངས་པ་དང་༔ ཐེག་དགུའི་སྒྲ་དོན་རྟོགས་པ་དང་༔ ནཱ་རོའི་བརྒྱུད་པའི་བྱིན་རླབས་ཤིང་༔ རྣལ་འབྱོར་རང་བྱུང་རྡོ་རྗེ་ཡང་༔ དག་སྣང་ས་ར་ཧ་དང་མཇལ༔ སངས་རྒྱས་རྣམས་ཀྱི་བསྟན་པ་ནི༔ རྒྱ་མཚོ་མཐའ་ཡས་གཏིང་དཔག་དཀའ༔ དབང་པོ་རབ་འབྲིང་ཐ་མ་རྣམས༔ འགའ་ཞིག་བགྲོད་ནས་མངོན་སངས་རྒྱས་གཅིག་ཆར་བ་ཡི་གང་ཟག་རྣམས༔ རྟོགས་ཐོབ་དུས་མཚུངས་ཀུན་ཏུ་བཟང་༔ ས་ལམ་བགྲོད་དང་མི་བགྲོད་པའི༔ འཁོར་འདས་ཀུན་ལ་ཁྱད་པར་ཡང་༔ ས་ལམ་རིམ་པ་ཉི་ཤུ་གཅིག༔ ཡང་དག་དོན་གྱི་འོག་མིན་དུ༔ ཐམས་ཅད་རྫོགས་པ་སྤྱི་ཡི་ས༔ ཞེས་སོགས་ཀརྨ་པཀཱིས་གསུངས༔ རང་བྱུང་རྡོ་རྗེས་གསུངས་པ་ནི༔ པཀྵི་ཉིད་ཀྱི་གསང་མཚན་དེ༔ ཕྱག་རྫོགས་དབྱེར་མེད་ལམ་


CMR005_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ༔ བརྟེན་ན་རྗེ་ཉིད་ཚེ་གཅིག་ལ༔ སངས་རྒྱས་གོ་འཕང་ཐོབ་པར་བཞེད༔ གྲུབ་ཐོབ་མང་ཡང་པཀི་འདྲ་བ་ཡི༔ གྲུབ་པ་ཐོབ་པ་རྒྱ་བོད་ཀུན་ལ་དཀོན༔ དེ་ཕྱིར་འདི་གསུངས་ཐེ་ཚོམ་སྤངས༔ ༈ དེ་ནས་ཧཱུྃ་རྣམ་ཤེས་ཕུང་པོ་ཞེས་སོགས་བསྐང་བའི་དོན༔ ཏིང་འཛིན་མཆོག་ཏུ་གྱུར་པའི་རྒྱུད་ཆེན་ལས༔ བསྐྱེད་རྫོགས་གོལ་ས་དཔག་ཏུ་མེད་པ་དང་༔ ཁྱད་པར་དམ་པ་རིགས་བརྒྱ་རེ་རེ་ཡི༔ བསྐྱེད་རིམ་གོལ་ས་རེ་རེ་ཡོད་པ་སྟེ༔ གོལ་ས་བརྒྱ་ནི་ཐམ་པ་ཡོད་པར་གསུངས༔ དེ་དོན་མདོར་བསྡུས་བསྐྱེད་རིམ་ཐམས་ཅད་ལ༔ ཨ་འཐས་ཐེར་ཟུག་ལྡེར་སོ་ལྟ་བུ་རུ༔ བསྒོམས་ན་གོལ་ས་ཆེན་པོ་ཡོད་པ་སྟེ༔ ཞི་བ་བསྒོམས་པས་འདོད་ཁམས་ལྷ་རུ་གོལ༔ ཁྲོ་བོ་བསྒོམས་པས་བདུད་དང་གཤིན་རྗེར་གོལ༔ མགོ་བརྙན་ཅན་བསྒོམ་ཤ་ཟ་ཕྲ་མེན་གོལ༔ གོལ་ས་གཅོད་པ་གསང་སྔགས་ལྷ་ཚོགས་ཀུན༔ ངོ་བོ་དོན་ལུ་ཆོས་སྐུ་རྗེན་པ་སྟེ༔ སྐུ་མདོག་ཕྱག་མཚན་ཞལ་ཕྱག་གྲུབ་པ་མེད༔ འོན་ཀྱང་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་སུ༔ ཞལ་ནས་འཁོར་ལ་ཆོས་གསུངས་མི་དགོས་པར༔ ཞལ་ཕྱག་སྐུ་མདོག་བཞུགས་ཚུལ་མཐོང་ཙམ་གྱི༔ འཁོར་རྣམས་ཀུན་


CMR005_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དེ་དོན་ཆོས་ཀུན་རྟོགས༔ དེ་བཞིན་ཞི་ཁྲོའི་ལྷ་ཚོགས་ཆ་ལུགས་ཀུན་དམ་ཆོས་བརྡ་ཡི་སྒོ་ནས་སྟོན་པ་ཡིན༔ ངེས་ཤེས་གཟུགས་སུ་གྲུབ་པ་མིན་ཤེས་བྱ༔ བཅོམ་ལྡན་ཆོས་སྐུ་ཀུན་ཏུ་བཟང་པོ་ཡི༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཉོན་མོངས་ཚོགས༔ མ་སྤང་ཡེ་ནས་རྣམ་པར་དག་པ་ལ༔ རང་གཟུགས་དམ་པ་རིགས་བརྒྱའི་ལྷ་ཚོགས་ཤར༔ དེ་ནི་འབྲས་བུ་དམ་པ་རིགས་བརྒྱ་ཡིན༔ བསྐྱེད་རྫོགས་ཟུང་འཇུག་རྟོགས་པའི་རྣལ་འབྱོར་གྱིས༔ ཕུང་ཁམས་སྐྱེ་མཆེད་དེ་བཞིན་རིགས་བརྒྱར་གསལ༔ དེ་ནི་ལམ་དུས་དམ་པ་རིགས་བརྒྱ་ཡིན༔ དལ་འབྱོར་ཆོས་ལྡན་མི་ལུས་ཐོབ་རྣམས་ཀྱིས༔ ལུས་ལྷའི་ཚུལ་དུ་དམ་པ་རིགས་བརྒྱར་གནས༔ དེ་ནི་གཞི་དུས་དམ་པ་རིགས་བརྒྱ་ཡིན༔ དེ་ལྟར་ཕུང་པོ་ལྔ་པོ་རིགས་ལྔ་དང་༔ ཁམས་ལྔ་ཡུམ་ལྔ་ཚོགས་བརྒྱད་སེམས་དཔའ་བརྒྱད༔ ཡུལ་བརྒྱད་སེམས་མ་ཉོན་དྲུག་ཐུབ་པ་དྲུག༔ ལུས་ཀྱི་རྣམ་ཤེས་ལ་སོགས་ཁྲོ་བོ་བཞི༔ རྟག་ཆད་བཞི་པོ་སྒོ་མ་ཡུམ་བཞི་དང་༔ ཉོན་མོངས་རྟོག་པ་ལ་སོགས་ཁྲག་འཐུང་ལྷ༔་བསྐང་བའི་གཞུང་ལྟར་ངོ་སྤྲོད་ངེས་ཤེས་ཐོབ༔ དེ་ཡི་བསྐང་བ་མཆོག་ཏུ་གྱུར་པ་དང་༔ མཆོག་ཆེན་མི་


CMR005_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆོག་ཕྲན་རྐང་དུང་དང་༔ མཚན་ལྡན་བུད་མེད་ཌ་ཀི་མཚན་རྟགས་ཅན༔ ཙ་ར་ར་སྐྱེས་མཁའ་ལྡིང་བྱ་མོ་ནག༔ དེ་སོགས་བསྐང་རྫས་དངོས་སོགས་ཡིད་སྤྲུལ་འབུལ༔ བསྐང་རྫས་འབུལ་བ་ཀུན་རྫོབ་རྫས་ཀྱིས་བསྐང་༔ བསྐྱེད་རྫོགས་གོལ་ས་གཅོད་པ་དོན་དམ་བསྐང་༔ འདི་རུ་ཕུར་པའི་བསྐང་བ་བྱུང་བའི་དོན༔ ཞི་ཁྲོ་འདི་ཡི་ཞི་བ་རྡོ་རྗེ་དབྱིངས༔ ཁྲོ་བོ་ཡང་དག་ཐུགས་ཀྱི་དཀྱིལ་འཁོར་ཏེ༔ དེ་གཉིས་སྦགས་པས་ཞི་ཁྲོ་ཞེས་བྱའོ༔ སྔོན་དུས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཡང་ལེ་ཤོད་དུ་ཡོང་དག་ཐུགས་ཀྱིས་ནི༔ དཀྱིལ་འཁོར་བཞེངས་ནས་མཆོག་གི་དངོས་གྲུབ་བསྒྲུབསཿ་དེ་ཚེ་ཀླུ་སྲིན་གྱོང་པོ་ཀློག་མ་སྤྲིན༔ གནོད་སྦྱིན་རྒོད་མ་ཁ་ཡིས་བར་ཆད་བརྩམས༔ ཐན་པས་རྩྭ་ཤིང་ཆུ་མིག་ཐམས་ཅད་སྐམ༔ མི་ཕྱུགས་ཐམས་ཅད་ནད་ཀྱིས་དམྱལ་ཐག་བཅད༔ དེ་ཚེ་བར་ཆད་སེལ་བའི་ཆོས་བསྐུར་ཞེས༔ རྒྱ་གར་ཡུལ་དུ་གསེར་ཕྱེ་མང་དུ་བསྐུར༔ པཎྜི་ཏ་པ་བདུན་བརྒྱས་བཀའ་བགྲོས་ནས༔ ཕུར་པའི་རྒྱུད་ནི་མི་ཁུར་གཉིས་བསྐུར་བ༔ སླེབས་པ་ཙམ་གྱིས་ཆར་བབས་ནད་ཡམས་ཆད༔ བསྒྲུབས་པས་གདུག་པ་ཅན་རྣམས་དམ་ལ་ཐོགས༔ ཡང་དག་དངོས་


CMR005_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེ་ཡང་བར་ཆད་རྒོད༔ ཕུར་པ་སྐྱེལ་མ་དང་ནི་འདྲ་བར་དགོངས༔ དེ་ཕྱིར་ཡང་ཕུར་སྦྲག་མའི་སྒྲུབ་པ་མཛད༔ ཞི་ཁྲོ་འདི་དང་ཡང་དག་དོན་གཅིག་པས༔ བར་ཆད་སེལ་ཕྱིར་ཕུར་པའི་བསྐང་བ་སྦྱར༔ འདི་ནི་གེགས་སེལ་ཡིན་པ་ཤེས་པར་བྱ༔ བསྒོམ་བྱ་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ བཀའ་སྲུང་ཚུལ་དུ་ཞི་ཁྲོའི་དཀྱིལ་འཁོར་གྱི༔ ཕྱི་ཡི་ཁྱམས་ལ་དྲན་རྫོགས་གསལ་བཏབ་ཆོག༔ འདི་སྐབས་ཆོ་ག་དང་པོ་བསྐྱེད་མི་དགོས༔ དྲན་རྫོགས་དམ་ཡེ་དབྱེར་མེད་བསྒོམ་པ་ལ༔ སྤྱན་འདྲེན་ལ་སོགས་དགོས་པ་མ་ཡིན་ཏེ༔ ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་ངོ་༔ གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་བསྐང་བོ་མང་དུ་བྱ་གསུངས་པ༔ དེ་ཡིས་འགྲེ་ཞིང་ཁྱད་པར་ཆོས་སྐྱོང་བ་དམ་ཅན་སྡེ་བདུན་བསྐང་བ་སྦྱར་ན་ལེགས༔ དེ་ནས་དེ་ཁོ་ན་ཉིད་ཀྱི་བསྐང་བ་ནི༔ རུས་རྒྱན་ལ་སོགས་སྔགས་ཆས་བྱ་གསུངས་པ༔ གོང་དུ་བྱས་པ་དེ་ཡིས་འཐུས་པ་སྟེ༔ ཕྱག་རྒྱ་གར་སྟབས་གསུངས་པ་གོང་གིས་འཐུས༔ དངོས་པོ་ཆོས་ཉིད་ཡངས་པ་ཞེས་སོགས་དོན༔ དྲི་མེད་བཤགས་རྒྱུད་དབུ་ནས་འབྱུང་བ་ལྟར༔ བཤགས་བྱ་བཤགས་བྱེད་བསྐང་བྱ་སྐོང་


CMR005_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བྲལ༔ ལྟ་བ་འཁོར་འདས་གཉིས་མེད་ཉམས་ལེན་སྐྱོངས༔ དེ་ཉིད་གསལ་འདེབས་གཞུང་གི་ཚིག་རྣམས་བརྗོད༔ དེ་ནས་ཨ་ལ་ལ་སོགས་བསྔོ་སྨོན་བརྗོད༔ བརྒྱ་ཕྱག་ཀློང་བཤགས་ཚོགས་དང་ཆད་མདོ་དང་༔་བསྡུ་ཆོག་ལ་སོགས་གོ་སླ་བཀྲོལ་མི་དགོས༔ ༈་དེ་ནས་རྣལ་འབྱོར་རང་གི་ཉམས་ལེན་ཚུལ༔ ཐོ་ཙམ་འདི་རུ་བརྗོད་པར་བྱ་བ་ནི༔ འབྱོར་པ་འཛོམ་ཞིང་སྤྲོས་པ་ལ་དགའ་ན༔ མ་ཧཱ་ཡོ་ག་ལྟར་དུ་ཉམས་ལེན་བྱ༔ དེ་ལ་རྒྱས་བསྡུས་རིགས་གསུམ་ཡིན་པ་སྟེ༔ ས་སློང་ཐིག་ཆོག་དཀྱིལ་འཁོར་ལས་རིམ་སོགས་དབང་གི་སྟ་གོན་རྒྱ་སྐད་ཅན་དེ་ལ། རྙིང་མ་གཞན་ནས་ཁ་སབ་རྒྱས་པར་བྱས༔ དམ་ལྡན་རྣལ་འབྱོར་ཉེར་བརྒྱད་ཡན་ཆད་ནས་བརྒྱ་སྟོང་གང་འཛོམས་འཚོགས་ནས་སྒྲུབ་ཆེན་བྱ༔ ལས་བྱང་དུས་བཞིར་བོ་དྷི་ཙིཏྟ་དང་༔ འཛབ་དབྱངས་སྔགས་རྒྱུན་ཉིན་མཚན་མ་ཆད་པར༔ ཞག་བདུན་ཡན་ཆད་བྱ་ཞིང་དབང་བསྐུར་རམ༔ རང་དོན་ཡིན་ན་དངོས་གྲུབ་བླང་ཆོག་བྱ༔ དེ་ནི་ཚོམ་བུ་འབུམ་བསྒྲུབ་ཅེས་བྱའོ༔ དེར་འཚོགས་ཀུན་གྱི་ཞི་ཁྲོའི་བསྙེན་པ་ཐེམ༔ གཞན་དུ་གཅིག་པུར་ལོ་གཅིག་བསྒྲུབ་པ་དང་༔ དེ་རུ་ཞག་བདུན་སྒྲུབ་པའི་ཕན་ཡོན་


CMR005_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ༔ རྟགས་དང་མཚན་མ་དེ་བཞིན་མཉམ་པའོ༔ ༈ རྣལ་འབྱོར་གཅིག་གིས་སྒྲུབ་ཆེན་ཅི་བཞིན་བྱ༔ སྔགས་རྒྱུན་མ་གཏོགས་ཐམས་ཅད་བྱ་བ་ནི༔ ཡུན་ནི་ཟླ་གཅིག་ཡན་ཆོད་གང་ཐོན་བྱ༔ དེ་ནི་དཔའ་བོ་གཅིག་བསྒྲུབ་བྱ་བ་སྟེ༔ འདི་ནི་གཉིས་ཀ་སྒྲུབ་ཆེན་ཡིན་པ་སྟེ༔ རྒྱལ་ཐོ་བསྡུ་བཀྲམ་ལ་སོགས་གཞུང་ལྟར་རོ༔ ༈ ཡང་ན་རས་བྲིས་ཚོམ་བུ་ལ་སོགས་པ༔ སྨན་རཀ་གཏོར་གསུམ་མཆོད་གཏོར་མདོར་བསྡུས་བཤམས༔ དེ་ལ་བརྟེན་ནས་བདུན་གསུམ་ཡན་ཆོད་དུ༔ བསྙེན་པ་བྱེད་པ་སྒྲུབ་ཕྲན་ལུགས་ཡིན་ཏེ༔ དེ་དག་ཀུན་ལ་ལས་བྱང་རྒྱས་བསྡུས་གཅིག༔ གང་འདོད་དུས་བཞིར་བཏང་བར་བྱ་བ་སྟེ༔ བསྙེན་པ་བོ་དྷི་ཙིཏྟ་ཐུན་བཟུང་སྟེ༔ གལ་ཏེ་ན་རཀ་དོང་སྤྲུགས་བསྒྲུབ་པ་ན༔ བསྙེན་པ་ཡིག་བརྒྱ་ཉིད་ལ་བྱ་བའོ༔ བདག་མདུན་ལྷ་ཚོགས་ཐམས་ཅད་སོ་སོ་ཡི༔ ཐུགས་ཀར་ཞི་བ་ཟླ་བ་ཁྲོ་བོ་ལ༔ ཉི་སྟེང་རང་རང་ས་བོན་ཐ་མ་ལ༔ རང་སྔགས་ལས་བྱང་རྒྱས་པའམ་བཏགས་གྲོལ་ལྟར༔ ཕོ་རྣམས་གཡས་དང་མོ་རྣམས་གཡོན་འཁོར་དམིགས༔ བོ་དྷི་བཟླས་པ་སྤྱི་བསྡུས་སྔགས་ཡིན་པ༔ དེ་ནི་ཞི་ཁྲོ་བསྙེན་པའི་དམིགས་པའོ༔ དེ་


CMR005_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས༔ སངས་རྒྱས་ཀུན་མཆོད་བྱིན་རླབས་རང་ལ་བསྡུ༔ འགྲོ་དྲུག་ལ་ཕོག་སྒྲིབ་སྦྱངས་གྱུར་དམིགས་ལ༔ དེ་ནི་ཉེ་བར་བསྙེན་པ་ཞེས་བྱའོ༔ བདག་བསྐྱེད་ཐུགས་ལས་དང་པོ་འོད་ཟེར་དང་ཕྱིས་ནས་སྔགས་ཕྲེང་འཕྲོས་ནས་ཞལ་ནས་ཐོན༔ མདུན་བསྐྱེད་གཙོ་བོ་ཀུན་བཟང་ཞལ་དུ་ཞུགས༔ སྐུ་ལས་འོད་འཕྲོས་འཁོར་ཚོགས་ཐམས་ཅད་ཁྱབ༔ རང་རང་ཐུགས་ཀའི་སྔགས་ཕྲེང་དྲག་ཏུ་འཁོར༔ ཐུགས་རྒྱུད་བསྐུལ་ནས་བྱིན་རླབས་འོད་ཟེར་ཚུལ༔ གཙོ་བོར་བསྡུས་ནས་གཙོ་བོའི་ཐུགས་ཀ་ནས༔ བྱིན་རླབས་སྔགས་ཕྲེང་ཐུགས་ཀ་ནས་འཕྲོས་པས༔ སྦྱོར་མཚམས་ནས་ཐོན་རང་གི་སྦྱོར་མཚམས་ནས༔ རྡོ་རྗེའི་སྦུ་གུ་ནས་བརྒྱུད་ཐུགས་ཀར་ཐིམ༔ དེ་ལྟར་རྒྱུན་དུ་འཁོར་དམིགས་སྔགས་བཟླས་པ༔ འདི་ནི་སྒྲུབ་པའི་དམིགས་རིམ་ཡིན་པ་སྟེ༔ དེ་ལྟར་བར་དུ་འཁོར་ཚེ་སྔགས་ཕྲེང་ལས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་པ་ཡིས༔ རྒྱལ་བ་ཀུན་མཆོད་སྐུ་གསུང་ཐུགས་བྱིན་རླབས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་སྣ་ཚོགས་པ༔ ཆར་ལྟར་བབས་ནས་རང་དང་མདུན་བསྐྱེད་ཐིམ༔ འོད་ཟེར་འགྲོ་བ་སྣོད་བཅུད་ཀུན་ལ་ཕོག༔ སྣོད་ཀྱི་


CMR005_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཞི་ཁྲོའི་གཞལ་ཡས་ཁང་༔ བཅུད་ཀྱི་སེམས་ཅན་དམ་པ་རིགས་བརྒྱའི་ལྷ༔ ཀུན་གྱིས་འཛབ་དབྱངས་སྒྲོགས་པས་འཇིག་རྟེན་གཡོ༔ དེ་ནི་སྒྲུབ་པ་ཆེན་པོའི་དམིགས་པའོ༔ དེ་ནས་སྔགས་ཕྲེང་འོད་ཟེར་དཀར་པོ་ཡིས༔ རང་དང་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཞི༔ སེར་པོས་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ དམར་པོས་སྣང་སྲིད་རླུང་སེམས་དབང་དུ་བྱས༔ མཐིང་ནག་དགྲ་བགེགས་བདུད་བཞི་ཚར་གཅོད་བསྒོམ༔ དེ་ནི་ལས་བཞིའི་ཕྲིན་ལས་དམིགས་པའོ༔ དེ་དག་བསྒྲུབ་པའམ་རྒྱུན་ཁྱེར་དུས་སུ་རུང་༔ སྒྲུབ་པ་གྲོལ་ཁ་རྒྱུན་དུ་ཐུན་མཚམས་སུ༔ མདུན་བསྐྱེད་གནས་ལྔ་ནས་འཕྲོས་ཐིག་ལེ་ནི༔ དཀར་དམར་མཐིང་སེར་ལྗང་གུ་བཀྲག་མདངས་ཅན༔ ཨོཾ་ཨཱཧཱུྃ་སྭཱ་ཧཱ་ཡི་གེས་མཚན་པའོ༔ རང་གི་གནས་ལྔར་ཐིམས་པས་དངོས་གྲུབ་བླངས༔ བདག་འཇུག་གོ་ཡང་དེ་ཡིས་ཆོག་པ་སྟེ༔ སྔགས་མཇུག་ཀཱ་ཡ་སིདྡྷི་ཨོ་སོགས་སྦྱར༔ གལ་ཏེ་བསྒྲུབ་ཐོན་རབ་ཡིན་མ་ཐོན་ཡང་༔ ལས་བྱང་ཆུང་བ་ཆག་མེད་རྒྱུན་ཁྱེར་དང་༔ དམིགས་པ་དང་བཅས་བོ་དྷི་ཡིག་བརྒྱ་བསྙེན༔ ཡང་ན་རང་གི་དགོངས་ཞག་ལ་དམིགས་ནས༔ ཞེ་དགུའི་བར་གྱི་ལས་


CMR005_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཐུན་གསུམ་དང་༔ ཡིག་བརྒྱ་བོ་དྷི་བསྙེན་ན་ཕན་ཡོན་ཆེ༔ དེ་དག་བསྐྱེད་པ་མ་ཧཱ་ཡོ་གའི་ལུགས༔ ཐུན་མཚམས་བརྒྱ་ཕྱག་འཚལ་ན་ཤིན་ཏུ་ལེགས༔ དམ་ཚིག་ཉམས་ཆག་བསྐང་བའི་མཆོག་ཏུ་འགྱུར༔ ༈ དེ་ནས་ཨ་ནུ་ཡོ་གའི་ཉམས་ལེན་ནི༔ སྤྲོས་བཅས་ཆོས་སྤྱོད་བག་ཆགས་རང་གྲོལ་འདོན༔ དང་པོ་ཡན་ལག་བདུན་པ་འདོན་ལྟར་བསྒོམ༔ དེ་ནས་རྡོར་སེམས་བདག་བསྐྱེད་ཡིག་བརྒྱ་བསྙེན༔ དེ་ནས་ལུས་ལྷ་གཞུང་ལྟར་གསལ་བཏབ་སྟེ༔ རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོའམ༔ ཐ་མལ་རང་ལུས་བྱེ་བ་དུང་ཕྱུར་སྤྲུལ༔ བདག་བསྐྱེད་དཀྱིལ་འཁོར་ལྷ་ལ་ཕྱག་མཆོད་འབུལ༔ སྤྲོས་མེད་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ལྟར༔ ངག་ཏུ་གསལ་བཏབ་བྱས་རུང་བསྒོམ་ཡང་ཆོག༔ མཆོད་པ་བཟའ་བཏུང་ཐམས་ཅད་བདུད་རྩིར་དམིགས༔ སྤྱན་འདྲེན་མི་དགོས་དམ་ཡེ་དབྱེར་མེད་ཡིན༔ བསྙེན་པ་ཡིག་བརྒྱའམ་བོ་དྷི་ཙིཏྟ་བགྲང་༔ ཡང་ན་འབྲུ་གསུམ་རྡོ་རྗེའི་བཟླས་པ་བྱ༔ ཕྱི་ཡི་རྟེན་གསུམ་རྡུལ་ཚོན་རས་བྲིས་ལགས༔ མིན་ལ་ཡིན་པར་རྟོག་པས་བཏགས་པ་ཙམ༔ ཀུན་བརྟག་དཀྱིལ་འཁོར་ཞེས་བྱ་ངོ་མཚར་ཆུང་༔ ལུས་དཀྱིལ་གདོད་ནས་ཡི་དམ་དཀྱིལ་


CMR005_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཉིད༔ ཡིན་ལ་ཡིན་བཞིན་གསལ་བཏབ་བྱིན་རླབས་ཆེ༔ དེ་ཕྱིར་ཡོངས་གྲུབ་བསྐྱེད་རིམ་ཞེས་བྱའོ༔ དེ་ལ་བརྟན་པ་ཐོབ་པའི་གང་ཟག་གི༔ རྟེན་གསུམ་དཀྱིལ་འཁོར་གཞན་ལ་ཕྱག་མི་བྱ༔ བྱས་ན་མཆོག་དམན་ཐེ་ཚོམ་དམ་ཚིག་ཉམས༔ བི་མ་མི་ཏྲས་བསམ་ཡས་ལྷ་ཆེན་ལ༔ ཕྱག་མ་མཛད་ཅིང་ཕྱག་ཡ་གདེངས་ཙམ་གྱིས༔ བྱང་ཆུབ་ཆེན་པོ་གས་པ་དེ་ལྟར་རོ༔ ཉམས་ལེན་རྩ་བ་རླུང་བཟུང་འཁྲུལ་འཁོར་ཡིན༔ ཉོན་མོངས་མི་སྤངས་ལམ་དུ་ཁྱེར་བ་སྟེ༔ འོག་སྒོ་བདེ་ཆེན་ཁྲིད་ལས་གསུངས་པ་ལྟར༔ རབ་བྱུང་ཡིན་ན་རང་ལུས་ཐབས་ལྡན་དང་༔ བསྒོམ་པའི་རིག་མ་ཡེ་ཤེས་ཕྱག་རྒྱ་བརྟེན༔ ཁྱིམ་པ་ཡིན་ན་རིགས་ལྡན་ལས་རྒྱ་བརྟེན༔ དགའ་བཞི་ངོས་བཟུང་བདེ་སྟོང་ཏིང་འཛིན་བསྲེ༔ བསྟན་པའི་བརྒྱུད་འཛིན་སྐྱེས་ཆེན་སྲས་འཁྲུངས་པ༔ ཀློང་ཆེན་སྲས་པོ་ཟླ་བ་གྲགས་པ་བཞིན༔ རང་ལས་ལྷག་པའི་བསྟན་འཛིན་བཞག་པར་གསུངས༔ གཞན་གྱི་རིག་མར་སྦྱོར་ན་ངན་བརྒྱུད་འཕེལ༔ དེ་ཕྱིར་སྲིད་གཅོད་གདམས་པ་གསུངས་པ་ལགས༔ དེ་དག་ཨ་ནུ་ཡོ་གའི་ཉམས་ལེན་ཡིན༔ ཨ་ཏི་ཡོ་ག་སེམས་ཀྱི་དཀྱིལ་འཁོར་ཏེ༔ བློས་བྱས་བསྐྱེད་རིམ་ལྷ་


CMR005_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བསྒོམ་པ་མིན༔ ལྷ་ཡི་ངོ་བོ་ཆོས་སྐུ་ཉིད་ཡིན་ཏེ༔ རང་སེམས་ངོ་བོ་རྗེན་པར་སྐྱོང་བ་དང་༔ བོགས་འདོན་ཐོད་རྒལ་འཇའ་འོད་ཐིག་ལེར་བལྟ༔ དབྱིངས་རིག་ཡེ་ཤེས་མངོན་སུམ་མིག་གིས་མཐོང༔ ངོ་བོ་དང་བསྲེས་གསལ་སྟོང་ཟུང་འཇུག་འཆར་ཉམས་ལེན་གོང་འཕེལ་ཐོག་ལེ་དབྱིངས་རིག་འཕེལ༔ རིག་པ་ཚད་ཕེབ་ལྷ་ཚོགས་དཔག་མེད་མཇལ༔ དེ་ཙམ་དེང་སང་མང་དུ་འོང་བར་སྣང་༔ ཆོས་ཉིད་ཟད་སར་འཁྱོལ་ན་འཇའ་ལུས་འགྲུབ༔ པད་འབྱུང་བི་མ་ལྟ་བུར་སྐྱེ་འཆི་བྲལ༔ འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་ཐོབ་ནས༔ གཞོན་ནུ་བུམ་སྐུའི་ཀློང་དུ་འཚང་རྒྱ་གསུངས༔ དེ་ཡིས་རང་གི་ཉམས་ལེན་གནད་འགགས་ཚང་༔ ཚོགས་རྒྱུད་ཆེན་པོ་ཞེས་བྱའི་རྒྱུད་སྡེ་ནས༔ ཚོགས་ཀྱི་དཀྱིལ་འཁོར་གསུངས་པའི་དཀྱིལ་འཁོར་ནི༔ ཞི་ཁྲོའི་དཀྱིལ་འཁོར་འདི་ཉིད་ཡིན་པར་གསལ༔ དཔེར་ན་སངས་རྒྱས་རྣམས་ཀྱིས་ཡོངས་གང་བའི་སོ་སོ་སྐྱེ་བོ་ཉན་རང་བྱང་སེམས་ལ༔ བཀུར་སྟི་ཕུན་སུམ་ཚོགས་པ་བྱས་པ་བས༔ དཀྱིལ་འཁོར་འདི་ཉིད་ཞི་ཁྲོའི་ཆོ་ག་འདི༔ ལན་གཅིག་བྱས་པ་བསོད་ནམས་ཆེ་བའི་ཚུལ༔ རྒྱ་ཆེར་རྒྱུད་སྡེ་དེ་ལས་གསལ་མོད་ཀྱིས་འདི་ལ་མཆོད་པ་སྣ་ཁ་སྟོང་


CMR005_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་གཅིག༔ ཚོགས་ཆུང་བརྒྱ་རྩ་མར་མེ་རྩ་བརྒྱ་སོགས༔ ཚང་བར་ཡོད་ཀྱང་ཀུན་རིག་སྟོང་ཆོག་དང་༔ ཕག་ཁྲོས་ལ་སོགས་ཚོགས་བརྒྱ་བྱེད་པ་ཡི༔ གོ་ཆོད་ཟེར་བ་དཔེ་རྒྱུད་གང་ལའང་མེད༔ དེ་ཕྱིར་དེ་འདྲ་བཤད་པའང་ག་ལ་རུང་༔ སྦྱོང་རྒྱུད་ཕག་ཁྲོས་ནུབ་རྐྱེན་བསྟན་ལ་གནོད༔ ཚེ་འདས་དོན་དུ་ཞི་ཁྲོ་བླུགས་པ་ཡང་༔ ཞི་ཁྲོ་ལ་དམིགས་བཤས་བྱེད་མི་རུང་སྟེ༔ བྱས་ན་ཞི་ཁྲོའི་ཕན་ཡོན་དུད་འགྲོས་ཐོབ༔ བསད་པའི་སྡིག་པ་ཚེ་འདས་དེ་ཡིས་ཐོབ༔ དེ་དོན་སྲོང་བཙན་སྒམ་པོའི་གསུངས་དང་ནི༔ འཇའ་ཚོན་པ་ཡི་རྣམ་ཐར་ནང་ན་གསལ༔ གནད་འདི་སྦྱིན་བདག་རྣམས་ཀྱི་ཐོས་གལ་ཆེ༔ འཛོམས་ན་གཏོར་རྒྱན་ཚོགས་ཤ་དགོས་མོད་ཀྱིས༔ མེད་ན་ཁྲག་གཏོར་ཁྲག་ཤ་ལ་སོགས་རུང་མཆོད་པ་ཤ་བས་ཁྲག་ནི་གལ་ཆེ་སྟེ༔ སྨན་རཀ་གཏོར་གསུམ་རྙིང་མའི་མཆོད་རྫས་གཙོ༔ གལ་ཏེ་ཤ་ནི་དངོས་སུ་མ་འབྱོར་ན༔ ཡིད་ཀྱིས་བསྒོམས་པས་འཐུས་པ་རྒྱུད་ནས་གསུངས༔ ཤ་བས་ཆང་ནི་གལ་ཆེ་ཡིན་ནོ་གསུངས༔ འོ་མས་ཆིང་གོ་ཆོད་པའི་བཤད་པ་མང་༔ དེ་ལྟར་ཀུན་རིག་སྟོང་ཆོག་ཁ་མི་འགགས༔ བསྔོས་ཤ་མ་སོང་ཞི་ཁྲོ་བླུགས་པ་ན།


CMR005_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་ཀུན་ཕན་འགྲོ་དོན་ལམ་དུ་འགྲོ༔ དེ་ཡང་ཞི་ཁྲོ་བླུགས་མཁན་སློབ་དཔོན་དེ༔ བསྐྱེད་རྫོགས་ལྟ་བ་རྣམ་དག་ལྡན་པ་ནི༔ ཕན་ཡོན་བསམ་འདས་མཆོག་གི་དངོས་གྲུབ་ཐོབ༔་ལྟ་བ་ཇི་བཞིན་རྟོགས་པ་མེད་ན་ཡང་༔ དབང་ལུང་ཐོབ་ཅིང་ཕྱག་ལེན་ཤེས་པ་ན༔ བསོད་ནམས་ཚོགས་ཙམ་རྫོགས་པར་འགྱུར་བ་དང་༔ བར་ཆད་སེལ་ཞིང་ཐུན་མོང་དངོས་གྲུབ་ཐོབ༔ དབང་ལུང་མ་ཐོབ་ཕྱག་ལེན་ཇི་བཞིན་མེད༔ ཟང་ཟིང་སྡུད་པའི་ཕྱིར་དུ་བྱེད་པ་ནི༔ ཡོན་བདག་ཚེ་འདས་རྣམས་ལ་ཕན་ཡོན་ཆུང་༔ རང་ཉིད་དམྱལ་བ་རིན་གྱིས་ཉོས་པ་ཡིན༔ དེ་དག་ཞི་ཁྲོ་བླུགས་པའི་གེགས་སེལ་ཡིན༔ ༈ ཚེ་འདས་ཕུང་པོ་སྦྱངས་ཚུལ་ཞི་བ་ཡི༔ སྦྱིན་སྲེགས་སྤྱོད་གཞུང་གསལ་བར་ཡོད་མོད་ཀྱི༔ ཁྱད་པར་སྔགས་འབྲུ་སྤྱི་ལྟར་སབ་དགོས་སོ༔ མེ་ལྷའི་ཐུགས་ཀར་ཞི་ཁྲོའི་དཀྱིལ་འཁོར་བསྐྱེད༔ གནས་ཡིག་བཏགས་གྲོལ་རྒྱས་བསྡུས་གང་རུང་ངམ༔ མ་འཛོམ་ཡིག་བརྒྱ་བོ་དྷི་ཙིཏྟ་གཉིས༔ ཚར་གསུམ་མགོ་དང་དཔུང་པ་གཉིས་ལ་བཏག༔ ལས་བྱང་རྒྱས་པར་བྱེད་ན་ལྷ་སོ་སོའི༔ སྔགས་ཀྱིས་འབུལ་དང་མཆོད་བསྟོད་ཚན་པ་ནི༔ ཀུན་རིག་བཞིན་དུ་བགོ་བ་ཤེས་པར་བྱ༔


CMR005_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་ཆུང་བ་བྱེད་ན་བོ་དྷི་ཙིཏྟའི༔ སྔགས་ཀྱིས་སྤྱིར་འབུལ་མཆོད་བསྟོད་སྤྱི་ལ་བྱ༔ རྙིང་ལུགས་སྦྱིན་སྲེག་ལ་ཡང་ཚོགས་མཆོད་འབུལ༔ དེ་ཚེ་ཚོགས་ཕུད་སོགས་ཀྱང་ཐབ་ཏུ་འབུལ༔ ཚོགས་མ་འཛོམ་ཡང་འགལ་བ་མེད་པ་ཡིན༔ ཚེ་འདས་དེ་ཉིད་བླ་མ་སོགས་ཡིན་ན༔ ཞི་ཁྲོའི་ལྷ་དང་བླ་མའི་ཕུང་ཁམས་ཀྱི་ལྷ་ཚོགས་དབྱེར་མེད་དེ་ལ་བསྲེག་རྫས་འབུལ༔ བླ་མ་དེ་ལ་འབྲེལ་ཐོགས་སེམས་ཅན་གྱིས༔ གཙོར་བྱས་སེམས་ཅན་ཀུན་གྱི་སྒྲིབ་སྦྱོངས་དམིགས༔ ཐ་མལ་ཚེ་འདས་ཡིན་ན་སྦྱིན་སྲེག་ནི༔ དཀྱིལ་འཁོར་ཁྱམས་སུ་ཐལ་སྦྱར་གུས་འདུད་དམིགས༔ དེ་ཡི་ཤ་ཁྲག་མཆོད་རྫས་དབྱེར་མེད་པར༔ ལྷ་ལ་ཕུལ་བས་ཚོགས་རྫོགས་ལྷ་ཚོགས་ཀྱི༔ འོད་ཟེར་དཀར་པོས་དེ་ཡི་སྒྲིབ་པ་སྦྱོངས༔ འཛོམ་ན་སྐབས་དེར་ཁྲུས་དང་ཕྱིར་ལྡོག་བྱ༔ མ་ལྕོགས་ཟས་བསྔོ་ཏིང་འཛིན་དབང་བསྐུར་ནས༔ ལམ་བསྟན་ཚེ་འདས་རྣམ་པར་ཤེས་པ་ནི༔ དཀྱིལ་འཁོར་ནུབ་ཀྱི་སྣང་མཐའི་ཐུགས་ཀར་བསྟིམ༔ གཤེགས་སུ་གསོལ་དུས་བདེ་ཆེན་ཞིང་གཤེགས་བསྒོམ༔ རུས་པ་སཱཙྪ་ལ་སོགས་སྤྱི་དང་མཚུངས༔ རྒྱུན་དུ་འམ་ནི་ཁྲོམ་སོགས་ཚོགས་འཁོར་དུས༔ ལྷག་མ་ཁྲོམ་ལ་


CMR005_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་སོགས་མི་བྱ་བར༔ ལྷ་ལ་ཕུལ་ཚར་ཁྲོམ་ལ་མ་བཀྱེས་སྐབས༔ ཁྲོམ་གྱིས་ཕུད་ལ་ལྷ་ཡི་ལྷག་མ་དེ༔ རང་ཉིད་ངེས་པར་དམ་ཚིག་གཙང་ན་ནི༔ ཁ་ཆུས་བྲན་རུང་དེ་མིན་བདུད་རྩིས་བྲན༔ ལྷག་མའི་བདག་པོ་དབང་ཕྱུག་ཉེར་བརྒྱད་དེ༔ ངོ་བོ་དཔལ་ལྡན་ལྷ་མོའི་སྤྲུལ་པ་ཉིད༔ དེ་ལ་མི་གཙང་བསྔོས་ན་རིམས་ནད་འབྱུང་༔ དེ་ཕྱིར་ལྷག་མ་གཙང་བ་གལ་ཆེའོ༔ འདི་ལྟར་ཞི་ཁྲོའི་གཞུང་པོད་ཡོངས་རྫོགས་ཀྱི༔ ཟིན་བྲིས་ཞིབ་ཆ་བྲི་བར་མི་ལོང་ཡང་༔ ཕལ་ཆེར་གཞུང་དུ་གསལ་ཕྱིར་བྲི་མི་དགོས༔ གཞུང་དུ་མི་གསལ་གོ་བར་དཀའ་བ་རྣམས༔ འདིར་ནི་ཤིན་ཏུ་གསལ་བར་བཀོད་པ་སྟེ༔ དཔེ་མང་མ་བལྟས་འཕྲལ་དུ་གང་དྲན་རྣམས༔ བྲིས་པས་གོང་འོག་འཆོལ་དང་མ་འབྲེལ་སོགས༔ བརྩམས་ཉེས་འགལ་འཁྲུལ་ནོངས་པ་གང་མཆིས་དང་༔་སྦ་འོས་གསལ་བར་བཀོད་པའི་ཉེས་མཆིས་ན༔ དམ་ཅན་སྡེ་བདུན་དབང་ཕྱུག་ཉེར་བརྒྱད་དང་༔ མཁྱེན་པའི་སྤྱན་ལྡན་རྣམས་ལ་ནོངས་པས་བཤགས༔ འདི་བྲིས་དགེ་བས་དགོངས་པ་རང་གྲོལ་གྱི༔ ཆོས་འདི་དར་རྒྱས་འགྲོ་བ་འདྲེན་པར་ཤོག༔ ཅེས་པ་འདི་ནི་མཁས་གྲུབ་ལུགས་གཉིས་ཀྱི༔ ཡོན་ཏན་རྒྱ་མཚོ་ལྟ་བུས་


CMR005_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་པ་དང་༔ རིགས་རུས་རྣམ་དཔྱོད་ཕུན་སུམ་ཚོགས་པ་ཡི༔ འབའ་རོམ་བཀའ་བརྒྱུད་བསྟན་པའི་བདག་པོ་མཆོག༔ ཤོར་ཕུ་བླ་མས་ཡང་ཡང་བསྐུལ་བ་ཡིས༔ ཤིང་སྦྲུལ་ཁྲུམས་ཟླའི་ཉེར་གཅིག་ནས་བརྩམས་ཏེ༔ ཉེར་ལྔ་ཚེས་བཅུའི་ཉི་ཤར་དུས་ཆེན་ལ༔ རྫོགས་པར་སྔགས་འཆང་རཱ་ག་ཨ་སྱས་བྲིས༔ ཕྱི་རབས་ཞི་ཁྲོ་ཉམས་ལེན་ཐམས་ཅད་ལ༔ ཕན་ཐོགས་རྒྱ་མཚོ་ལྟ་བུར་འབྱུང་བར་ཤོག༔ འདི་ནི་གསང་སྔགས་ཡིན་ཀྱང་སྦ་མི་བྱ༔ ཞི་ཁྲོ་བླུགས་པའི་བླ་མ་ཐམས་ཅད་དང་༔ ཞི་ཁྲོའི་རམ་བུ་བཀྱག་པའི་གྲྭ་པ་དང་༔ ཞི་ཁྲོ་ཐུགས་དམ་འདོད་པའི་སྔགས་པ་སོགས༔ ཕྱོགས་རིས་མེད་པར་ཀུན་ལ་སྤེལ་བ་དང་༔ བཤད་དང་སྟོན་སོགས་ཁྱབ་ནི་གང་ཆེ་མཛོད༔ འདི་མཐོང་ཞི་ཁྲོར་ཐོས་བསམ་མ་བྱས་ཀྱང་༔ ཞི་ཁྲོར་མཁས་པའི་ཡོན་ཏན་ལྡན་པར་འགྱུར༔ བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱུན་དུ་ཤོག༔ ༈ ཁྱད་པར་ཞི་ཁྲོའི་བསྐང་ཆོག་དུས༔ སྟོང་གསུམ་འདི་འམ་ཞེས་སོགས་དང་༔ རབ་འབྱམས་རྒྱ་མཚོ་དང༔ ཇི་སྙེད་སུ་དག་མ་རྣམས་དོན་གཅིག་པས་གོ་བར་སླ༔ ཀུན་གཞི་ཀློང་ཡང་སོགས་བདུད་རྩིའི་དུས༔ ཉམས་ལེན་སྐྱོང་ཞིང་


CMR005_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་པས་འཐུས་པ་སྟེ༔ བདུད་ཅེས་པ་ནི་རང་ངོ་རང་གིས་མ་རིག་པ༔ བདུད་དེ་འདུལ་བའི་རྩི་ནི་རང་རིག་པའི་ཡེ་ཤེས༔ ཉམས་ལེན་སྐྱོང་བ་དོན་དམ་པའི་བདུད་རྩི་ཡིན་ཚུལ༔ རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་དགོངས་པ་ཡིན༔ རཀྟ་དང་གཏོར་མ་མར་མེ་གསུམ་གྱི་ཚེ༔ རང་ངམ་ཚེ་འདས་ཡོན་བདག་གང་ཡིན་གྱི༔ རྣམ་སྨིན་གདོས་བཅས་ཀྱི་ལུས་ཀྱི་རྣམ་ཤེས་སྤར་ཏེ༔ རྣམ་ཤེས་དེ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་སྤྲུལ་ནས༔ ཕུང་པོ་དེ་རཀྟ་དང་གཏོར་མ་མར་མེ་དཔག་ཏུ་མེད་པར་སྤྲུལ་ནས་འབུལ་བ་ཡིན་ཏེ༔ གཅོད་ཀྱི་དམིགས་པ་དང་འདྲ༔ དེ་ཡི་དོན་བཀའ་བརྒྱད་བདེར་གཤེགས་འདུས་ཆེན་གྱི་ནང་དང་༔ གསང་བའི་གཏོར་བཟློག་སྐབས་སུ་གསལ༔ མར་མེ་སྨོན་ལམ་ནི༔ དཀྱིལ་འཁོར་གཅིག་གི་དྲུང་དུ་མར་མེ་གཅིག་ལ་ལྟ་ཞིང་སྨོན་ལམ་བཏབ་པས༔ འཁོར་བ་རིགས་དྲུག་གི་སྐྱེ་སྒོ་ཆོད་ཅིང་༔ མདོ་ལུགས་གི་ས་བཅུ་གཅིག་ཅིག་ཆར་དུ་བསྒྲོད་ནས༔ སླར་རྫོགས་ཆེན་ལུགས་ཀྱི་ས་བཅུ་དང་བསྒྲོད་དེ༔ དེའི་རིང་ལ་མཆེད་ལྕམ་དང་སྦྱིན་བདག་ཚེ་འདས་སོགས་མི་འབྲལ་བ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་སྟེ་གཞོན་ནུ་བུམ་སྐུའི་ཀློང་དུ་སངས་རྒྱས་པའི་སྨོན་ལམ་ཡིན་ནོ།


CMR005_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡང་ཞི་ཁྲོ་ལྷ་བསྐྱེད་ཀྱི་སྐབས་སུ་གལ་ཆེ་བ་ནི༔ ཞི་ཁྲོ་བཀའ་མ་དང་གྲུབ་ཆེན་མེ་ལོང་རྡོ་རྗེས་མཛད་པ་དང་༔ ཀཿཐོག་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པ་རྣམས་ལ༔ ཕོ་བྲང་གཉིས་བརྩེགས་སྟེང་ཁྲོ་བོའི་དཀྱིལ་འཁོར་འོག་ཞི་བའི་དཀྱིལ་འཁོར་བསྐྱེད་པ་ནི༔ ཞི་ཁྲོ་བཀའ་མའི་ལུགས་ཡིན་འདིར་མི་འཐད༔ ཀརྨ་གླིང་པའི་ལུགས་འདི་ནི་དཀྱིལ་འཁོར་གཅིག་ཡིན༔ ཕྱི་རིན་པོ་ཆེ་ལ་ནང་ཐོད་པའི་མཁར་ཡིན༔ དེའི་ནང་དུ་དང་པོ་ཞི་བའི་ལྷ་བསྐྱེད་ནས༔ དེ་ཡར་བར་སྣང་ལ་བཏེགས་ནས་དེའི་འོག་ཏུ་ཁྲོ་བོའི་ལྷ་བསྐྱེད་པ་ཡིན༔ ཁྲོ་བོའི་དབུ་རྒྱན་གྱི་ཚུལ་དུ་ཞི་བ་བསྒོམ་པ་ཡིན༔ དེ་གང་ལས་གསལ་ན་བཀའ་བརྒྱད་ཀྱི་གཞུང་ཐམས་ཅད་ནས་གསལ༔ དེ་ཡང་གཙོ་བོ་རྣམ་སྣང་བསྒོམས་པས་ཞི་ཁྲོའི་དཀྱིལ་འཁོར༔ གཙོ་བོ་རྡོར་སེམས་བསྒོམས་པས་ན་རཀ་དོང་སྤྲུགས་ཟེར་བ་ཡང་ཤེས་པར་བྱ༔ ཞི་ཁྲོ་དམ་པ་རིགས་བརྒྱ་ཟེར་ན་བོ་དྷི་ཙིཏྟ་དང་༔ ན་རཀ་དོང་སྤྲུགས་ཟེར་ན་ཡིག་བརྒྱ་བསྙེན་རྒྱུ་ཡིན་ནོ༔ ཞེས་པ་འདི་ཡང་རཱ་ག་ཨ་སྱས་སྦྱར་བའོ༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ངག་ཁྲིད་ཟིན་བྲིས་རྩ་ཐོ་རྣམས་ཚིག་ཉུང་བ་དོན་གསལ་བ།next