Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དམིགས་རིམ་དང་ཕྱག་ལེན་གསལ་བ་མུ་ཏིག་རྩ་ཕྲེང་མཐོང་བ་རབ་གསལ།
   
   
   
   
   
   


 
previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དམིགས་རིམ་དང་ཕྱག་ལེན་གསལ་བ་མུ་ཏིག་རྩ་ཕྲེང་མཐོང་བ་རབ་གསལ།next

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དམིགས་རིམ་དང་ཕྱག་ལེན་གསལ་བ་མུ་ཏིག་རྩ་ཕྲེང་མཐོང་བ་རབ་གསལ།


CMR005_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དམིགས་རིམ་དང་ཕྱག་ལེན་གསལ་བ་མུ་ཏིག་རྩ་ཕྲེང་མཐོང་བ་རབ་གསལ་བཞུགས་སོ།།


CMR005_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤནྟི་ཀྲོ་ཏ་ཡེ། ཞི་ཁྲོ་དགོངས་པ་རང་གྲོལ་འདི་གཏེར་སྟོན་ནས་བརྒྱུད་པ་གསུམ་དུ་གཅིག་བརྒྱུད་དེ་ནས་བཀའ་བབས་ཆོས་ཀྱི་རྒྱལ་མཚན་པས་ལོ་དྲུག་སུ་ལའང་མ་སྤེལ་ཉམས་སུ་བླངས། དེ་ནས་སྐུ་ཚེའི་སྟོད་ལ་ཕྱག་ལེན་བསྡུས་པ་ཙམ་དང་ཅུང་ཟད་སྤེལ་བའི་རྒྱུན་ཟུར་མང་ལུགས་། སྐུ་ཚེའི་སྐེད་ལ་ཕལ་ཆེར་སྤེལ་ཞིང་ཕྱག་ལེན་འབྲིང་པོ་མཛད་པ་ཀཿཐོག་ལུགས། ཕྱིས་སྐུ་ཚེའི་སྨད་ལ་བཀའ་རྒྱ་ཐམས་ཅད་གྲོལ་བས། འོག་སྒོ་མན་ཆད་གསང་དབང་ཡན་ཆད་སྤེལ། གཏེར་གཞུང་ལ་མི་གསལ་བ་རྣམས་ཐུགས་རྩོམ་པོ་ཏི་ལོང་བ་མཛད། ཕྱག་ལེན་རྒྱས་པར་གཏན་ལ་


CMR005_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཕབ་པ་བཀའ་བབས་ལུགས་སོ། །ངེད་ཀྱི་ལུགས་འདི་ནི་བཀའ་བབས་ཆོས་ཀྱི་རྒྱལ་མཚན་པའི་ཕྱག་ལེན་རྒྱས་པ་གུ་རུ་ཀུན་དགའ་བསྟན་འཛིན་གྱི་ཕྱག་བཞེས་མ་འཆུགས་པ་ལགས་སོ། །བཅའ་ལུགས་མཐོང་བ་བརྒྱུད་པར་གཟིགས་ལྟར་རོ། །འདོན་ལུགས་སྐྱབས་སེམས་དཀར་བགེགས་མཆོད་པ་བྱིན་རླབས་རྒྱས་བསྡུས་སྐབས་དང་བསྟུན་ཏེ་སྤྱི་ལྟར་རོ། །དེ་ནས་ལོང་སྐབས་ཡོད་ན་ཐུགས་སྒྲུབ་བམ་པད་མ་འོད་འབར་སོགས་བླ་མའི་ལས་བྱང་བཏང་། དེ་ནས་ཡི་དམ་ཞི་ཁྲོའི་ལས་བྱང་རྒྱས་བསྡུས་གཉིས་གང་རུང་དེལ་ཁོམ་བསྟུན་ཏེ། མངོན་རྟོགས་ཚར་གཅིག་དེས་བདག་


CMR005_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆ་ཚང་གཅིག །མདུན་དཀྱིལ་འཁོར་ཆ་ཚང་གཅིག་དང་བུམ་པ་ལྔའམ་གཅིག་གི་ནང་དུ་ལྷ་ཚང་མ། གཏོར་མ་དབང་གཏོར་དེ་དཀྱིལ་འཁོར་ཚང་མ་གཅིག་རྣམས་དུས་གཅིག་ལ་བསྒོམ། སྤྱན་འདྲེན་དུས་ཡེ་ཤེས་པ་དཔག་མེད་དུས་གཅིག་སྤྱན་དྲངས་པ་དཀྱིལ་འཁོར་བཞི་པོ་སོ་སོར་བསྟིམ། དེ་ཡང་གཞལ་ཡས་ཁང་གི་ནང་དུ་ཞི་བ་བསྐྱེད་ནས་ཡར་བཏེག༔ ཁྲོ་བོའི་དཀྱིལ་འཁོར་འོག་ཏུ་ཡོད་པ། ཞི་བ་རྣམས་ཁྲོ་བོའི་དབུ་རྒྱན་གྱི་ཚུལ་དུ། བར་སྣང་ལ་བཞུགས་པ་ཡིན་གྱིས། དཀྱིལ་འཁོར་ཁང་པ་ལྟར་རྩག་གཉིས་ཡོད་པ་ནི༔ ཁོ་བོས་མི་འདོད་དེ་ཚད་ལྡན་རྒྱུད་གཞུང་གང་ལ་ཡང་མ་མཐོང་ངོ་། །ལུས་དཀྱིལ་དང་མི་གཅིག་པའི་ཕྱིར་རོ། །མཆོད་པ་དུས་སྤྲུལ་པའི་ལྷ་མོ་མང་པོས་བདག་མདུན་སོ་སོར་མཆོད་བསྟོད་བྱེད་པར་བསམ་མོ། །ལས་བྱང་བསྟོད་པའི་རྗེས་དེར་བསྙེན་པ་བྱ། དེ་ནས་ལོང་སྐབས་ཡོད་ན། དྲག་པོ་རྟ་མགྲིན། མ་ནིང་ངམ་སྡེ་བདུན་སོགས་གཏོར་མགྲོན་བསྔོས་འདོན། ལོང་མེད་ན་མི་དགོས། དེ་ནས་བརྒྱ་ཕྱག་ཀློང་བཤགས། བསྐང་བའི་ཕྱི་མཆོད་སྨན་རཀ །མར་མེའི་བསྐང་བ་དེ་རྣམས་གོ་རིམ་མ་ངེས་ཁྲོམ་སོགས་སྟབས་དང་


CMR005_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་ཆོག །མར་མེ་ཡང་འདིར་བལྟམས་ནས་མར་མེ་སྨོན་ལམ་བྱ་བའམ། རྗེས་ནམ་གང་རུང་སྐབས་དང་བསྟུན་རུང་། ཉིན་ཆོག་ལ། ཟད་མི་ཐུབ་ན། སྤྱན་འདྲེན་གཅིག་མཆོད་པའི་སྐབས་སུ་བལྟམས་ལ། སྨོན་ལམ་རྗེས་སུ་རུང་། དེ་ནས་ཚོགས་བྱ། ཚོགས་ཕུད་ཕུལ་ལ་གཏོར་བསྔོས་བྱ་རྒྱུ་ཡིན་རུང་། ཡི་དམ་ཆོས་སྐྱོང་གི་ལས་བྱང་མཚམས་སུ་རུང་། བར་པ་བཤགས་པས་གཏོར་མ་གསོས་ལ། ཧཱུྃ། དངོས་པོ་ཆོས་ཉིད་སོགས། བསྐང་བ་འདོན་རྒྱུ་ཡིན། བསྐང་བ་གཞན་སྦྱར་རུང་། ཚོགས་གོང་དུ་བཏོན་ཡང་མི་འགལ། གཏོར་འབུལ་སྤྱི་བསྐུལ་དང་། ཆད་མདོའི་བར་དུ་སྡེ་བདུན་གྱི་བསྐུལ་པ་སྦྱར་རྒྱུ་ཡིན་ཏེ། ཆོས་སྐྱོང་དུ་ཡོད་བསྐུལ་པ་སྦྱར་རུང་། མ་བྱས་ཀྱང་གཞུང་གིས་འཐུས། རྟ་བྲོ་མན་གཞུང་ལྟར་རོ། །རྩ་བའི་ལས་བྱང་དང་གཅིག །བརྒྱ་ཕྱག་དང་གཉིས། བསྐང་བཤགས་དང་གསུམ། ཀློང་བཤགས་དང་བཞི་ཚང་བ་གལ་ཆེ། ཞི་ཁྲོ་དང་ན་རཀ་དོང་སྤྲུགས་ཆོ་ག་གཉིས་བཅའ་ལུགས་སོགས་ཐམས་ཅད་འདྲ་སྟེ། རྣམ་སྣང་དང་བུ་ཧེ་རུ་ཀ་དབུས་ན་ཡོད་པ་དེ་ཞི་ཁྲོ་ཡིན། རྣམ་སྣང་བུདྡྷ་ཧེ་རུ་ཀ་ཤར་དུ་བསྒོམས་ནས། རྡོར་


CMR005_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བཛྲ་ཧེ་རུ་ཀ་གཉིས་དབུས་སུ་བསྒོམ། སྔགས་ཀྱང་ཡིག་བརྒྱ་ལ་བསྙེན་པ་གཙོ་བོ་དང་། བུདྡྷ་སཏཱ་སོགས། རིགས་བཞིའི་ཡིག་བརྒྱ་ཅི་ནུས་བཟླས་བ་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་སྟེ། ཚེ་འདས་གནས་འདྲེན་དང་། རིགས་དྲུག་གནས་སྤར་ལ་འདི་གལ་ཆེ། བག་ཆགས་རང་གྲོལ་རྩ་ཚིག་བཏོན་ཀྱང་ལེགས། མ་ཐོན་ཡང་ཆད་པའི་སྐྱོན་མི་འགྱུར་རོ། །དེ་རང་ལུགས་ཡིན། གཞན་གྱི་ལུགས་མང་པོ་སྣང་སྟེ་བྲི་མ་ཐུབ། ཅེས་གོ་འཇོ་བླ་མས་བསྐུལ་ནས་རཱ་ག་ཨ་སྱས་བསམ་འགྲུབ་གཞུང་དུ་མར་མེའི་ངོས་ལ་བྲིས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དམིགས་རིམ་དང་ཕྱག་ལེན་གསལ་བ་མུ་ཏིག་རྩ་ཕྲེང་མཐོང་བ་རབ་གསལ།next