Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚོགས་ཁ་སྐོང་།
   
   
   


 
previousཚོགས་ཁ་སྐོང་།next

ཚོགས་ཁ་སྐོང་།


CMR005_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཀ་དག་ཆེན་པོའི་གཞལ་ཡས་ནས༔ ཀུན་བཟང་ཡབ་ཡུམ་སྐུ་བཞེངས་ཤིག༔ འཁོར་དུ་ཞི་ཁྲོའི་ཚོགས་དང་བཅས༔ དབུ་ལ་ཐོར་ཙུགས་རྒྱན་གྱིས་བརྒྱན༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ གསེར་གྱི་གདུ་བུ་སི་ལི་ལི༔ རྒྱན་ཆ་མང་པོ་པུ་རུ་རུ༔ སྒྲ་སྙན་མང་པོ་སྐྱུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ངོ་བོ་སྤྲོས་པ་མེད་མཛོད་ཀྱང་༔ གདུལ་བྱའི་སྣང་ངོར་ཅིར་ཡང་སྟོན༔ གྲག་སྟོང་འབྲུག་སྒྲ་འུ་རུ་རུ༔ མི་འགྱུར་གར་སྟབས་ལམས་སེ་ལམ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ མོས་གུས་གདུང་བའི་གཞལ་ཡས་ནས༔ རྩ་བརྒྱུད་བླ་མ་སྐུ་བཞེངས་ལ༔ འཁོར་དུ་རིག་འཛིན་ཚོགས་དང་བཅས༔ དབུ་ལ་ཐོར་ཙུགས་རྒྱན་གྱིས་བརྒྱན༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ གསེར་གྱི་གདུ་བུ་སི་ལི་ལི༔ རྒྱན་ཆ་མང་པོ་པུ་རུ་རུ༔ སྒྲ་སྙན་མང་པོ་སྐྱུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ངོ་བོ་སྤྲོས་པ་མེད་མཛོད་ཀྱང་༔ གདུལ་བྱའི་སྣང་ངོར་ཅིར་ཡང་སྟོན༔ གྲག་སྟོང་འབྲུག་སྒྲ་འུ་རུ་རུ༔ མི་འགྱུར་གར་སྟབས་ལམས་སེ་ལམ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔


CMR005_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ དུར་ཁྲོད་གནས་བརྒྱད་གཞལ་ཡས་ནས༔ དཔའ་བོ་རྟ་མཆོག་ཡབ་ཡུམ་ལ༔་འཁོར་དུ་ཌཱ་ཀིའི་ཚོགས་དང་བཅས༔ དབུ་ལ་ཐོར་ཙུགས་རྒྱན་གྱིས་བརྒྱན༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ གསེར་གྱི་གདུ་བུ་སི་ལི་ལི༔ རྒྱན་ཆ་མང་པོ་པུ་རུ་རུ༔ སྒྲ་སྙན་མང་པོ་སྐྱུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ངོ་བོ་སྤྲོས་པ་མེད་མཛོད་ཀྱང་༔ གདུལ་བྱའི་སྣང་ངོར་ཅིར་ཡང་སྟོན༔ གྲག་སྟོང་འབྲུག་སྒྲ་འུ་རུ་རུ༔ མི་འགྱུར་གར་སྟབས་ལམས་སེ་ལམ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ དགོངས་པ་མཁའ་ལྟར་ཡ་ལ་ལ༔ རྒྱན་ཆ་སྐར་ཚོགས་ཤིགས་སེ་ཤིག༔ བྱིན་རླབས་སྤྲིན་ཚོགས་ཐིབས་སེ་ཐིབ༔ ཐུགས་རྗེའི་ཉི་ཟེར་ཏ་ལ་ལ༔ ཐུགས་ཉིད་འཇའ་ཚོན་ཝ་ལ་ལ༔ བཀའ་བདེན་འབྲུག་སྒྲ་འུ་རུ་རུ༔ སྙིང་རྗེའི་གློག་དམར་ཁྱུགས་སེ་ཁྱུག༔ གཟི་བརྗིད་སེར་ཆེན་ཤ་ར་ར༔ སྡུག་བསྔལ་མེ་ཆེན་འབར་བ་ལ༔ ཡེ་ཤེས་ཆར་ཆེན་ཀྱི་ལི་ལི༔ ཀུན་གཞིའི་ཞིང་ས་གཤིན་པོ་ལ༔ རྫོགས་ཆེན་ས་བོན་ཤ་ར་ར༔ ཐོས་བསམ་རོལ་གར་ཕྲེངས་སེ་བྲེང་༔ བྱམས་པའི་ཆར་ཆེན་སི་ལི་ལི༔ ང་རྒྱལ་ཐ་


CMR005_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་རིང་བ་ལ༔ མཉམ་ཉིད་ཆུ་བོ་ཕྲེངས་སེ་བྲེང་༔ བྱང་ཆུབ་མྱུ་གུ་རངས་སེ་རང་༔ དབང་བཞིའི་ཆུ་རྒྱུན་ཉི་ལི་ལི༔ སྣང་བཞིའི་ཉམས་ལེན་གཞོ་ལོ་ལོ༔ གདིང་བཞིའི་མིག་འབྲས་ཁྲོ་ལོ་ལོ༔ སྐུ་གསུམ་འབྲས་བུ་ཤ་ར་ར༔ འདིར་བྱོན་འཁོར་བའི་གདོས་ཐག་ཆོད༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཚོགས་བཀྱག༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ ཞོ་དང་འོ་མ་མར་ཐུད་ཕྲུམ་ལ་སོགས༔ དཀར་གསུམ་ཟླུམ་པོ་མཉེས་པའི་ཚོགས་མཆོད་འབུལ༔ འཇིགས་པ་བརྒྱད་སོགས་སྡིག་སྒྲིབ་ཞི་བར་མཛོད༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ འབྲས་ཆེན་འབྲུ་མཆོག་འབྲུ་རིགས་སྣ་ཚོགས་དང་༔ བྲ་ཁུར་གྲོ་ཁུར་ཟས་དང་བཤོས་ལ་སོགས༔ བཟའ་བ་ཟས་ཀྱི་ཟླ་གམ་རོ་མཆོག་འབུལ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ འབྱོར་པ་དྲུག་ལྡན་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བླ་མ་


CMR005_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ འབྲུ་ཆང་འབྲས་ཆང་ནས་ཆང་རྒུན་ཆང་དང་༔ བུ་རམ་སྦྲང་རྩི་ཀ་ར་ཁུར་བ་སོགས༔ སྣ་ཚོགས་ཕུད་ཀྱིས་རྩ་གསུམ་ལྷ་ཚོགས་མཆོད༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ ཤ་ཁྲག་རློན་པ་བཙོས་པ་ཡིབ་པ་དང་༔ རི་སྒོག་ཀླུང་སྒོག་ཤ་མོང་སྣ་ཚོགས་དང་༔ ལྷ་དང་ལན་ཚྭ་ཙོང་སྒོག་ལ་ཕུག་སོགས༔ ཁ་དང་མངར་བ་རྩུབ་མོ་སྐྱུར་བ་དང་༔ སྣ་ཚོགས་རོ་མཆོག་རྩ་གསུམ་ལྷ་ཚོགས་མཆོད༔ དྲག་པོའི་ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ཚར་གཅོད་དངོས་གྲུབ་བསྩལ་དུ་གསོལ༔ ཨོ་གྷ་ན་ཙཀྲ་པཱུ་ཛ་ལ་ཁཱ་རཾ་ཁཱ་ཧི༔ ཞེས་པ་འདི་ནི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཞི་ཁྲོ་རྩ་བ་གསུམ་གྱི་ལས་བྱང་ལས་ཁོལ་དུ་ཕྱུངས་ཏེ༔ ཚིག་རིང་ཐུང་ཅུང་ཟད་ཙམ་བདེ་རུ་བཏང་ན་མ་གཏོགས་གཞུང་རང་ལས་བྱུང་བ་སྟེ༔ ལས་བྱང་ཆེ་བའི་ཚོགས་ཀྱི་ཁ་བསྐང་དུ༔ ཆོས་དབང་ཀུན་བཟང་གིས་བསྐུལ་ནས༔ ཨ་རཱ་གས་བྲིས་པ་མངྒ་ལཾ༔ བྷ་ཝནྟ༔


previousཚོགས་ཁ་སྐོང་།next