Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚོགས་ཀྱི་ཁ་སྐོང་།
   
   


 
previousཚོགས་ཀྱི་ཁ་སྐོང་།next

ཚོགས་ཀྱི་ཁ་སྐོང་།


CMR005_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ མ་བཅོས་ཆོས་དབྱིངས་ཞིང་ཁམས་ནས༔ བླ་མ་ཀུན་བཟང་ཡབ་ཡུམ་ལ༔ རྒྱལ་བ་ཞི་ཁྲོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ་དག་པ་དབྱིངས་ཀྱི་གཞལ་ཡས་ནས༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལ༔ རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ རིག་འཛིན་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོ་རྒྱན་རང་བྱུང་དུར་ཁྲོད་ནས༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ལ༔ མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔་དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ༔ སོ་སོའི་རིགས་ཀྱི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་བཀྱག་ལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ ཞོ་དང་འོ་མ་མར་ཐུད་ཕྲུམ་ལ་སོགས༔ དཀར་གསུམ་ཟླུམ་པོ་མཉེས་ཚོགས་མཆོད་པ་


CMR005_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ༔ འཇིགས་པ་བརྒྱད་སོགས་སྡིག་སྒྲིབ་ཞི་བར་མཛོད༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ འབྲས་ཆེན་འབྲུ་མཆོག་འབྲུ་རིགས་སྣ་ཚོགས་དང་༔ བྲ་ཁུར་གྲོ་ཁུར་ཟས་དང་བཤོས་སྣ་ཚོགས༔ བཟའ་བ་ཟས་ཀྱི་ཟླ་གམ་རོ་མཆོག་འབུལ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ འབྱོར་བ་དྲུག་ལྡན་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ འབྲུ་ཚང་འབྲས་ཆང་ནས་ཆང་རྒུན་ཆང་དང་༔་བུ་རམ་སྦྲང་རྩི་ཀ་ར་ཁུར་བ་སོགས༔ སྣ་ཚོགས་ཕུད་ཀྱིས་རྩ་གསུམ་ལྷ་ཚོགས་མཆོད༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ ཤ་ཁྲག་རློན་པ་བཙོས་པ་ཡིབ་པ་དང་༔ རི་སྒོག་ཀླུང་སྒོག་ཤ་མོང་སྣ་ཚོགས་དང་༔ ལྷ་དང་ལན་ཚྭ་གཙང་སྒོག་ལ་ཕུག་སོགས༔ ཁ་དང་མངར་བ་རྩུབ་མོ་སྐྱུར་བ་དང་༔ སྣ་ཚོགས་རོ་མཆོག་རྩ་གསུམ་


CMR005_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་མཆོད༔ གསུམ་ཞི་ཁྲོའི་ལས་བྱང་ནས་ཁོལ་དུ་ཕྱུངས་ཏེ། དྲག་པོའི་ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ཚར་གཅོད་དངོས་གྲུབ་བསྩལ་དུ་གསོལ༔ ལས་བྱང་ཆེ་བའི་ཚོགས་ཀྱི་ཁ་སྐོང་དུ། ༧ རཱ་ག་ཨ་སྱས་སྦྱར་བའོ།། །།


previousཚོགས་ཀྱི་ཁ་སྐོང་།next