Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
ས་ཀྱི་ལྷན་ཐབས་ཨ་རཱ་གས་སོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousས་ཀྱི་ལྷན་ཐབས་ཨ་རཱ་གས་སོ།next

ས་ཀྱི་ལྷན་ཐབས་ཨ་རཱ་གས་སོ།


CMR007_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཀྱི་ལྷན་ཐབས་ཨ་རཱ་གས་སོ། །ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཡེ། ཉམས་ཆག་དྲི་མ་མ་ལུས་སྦྱང་འདོད་པ། །བར་ཆད་བསལ་ཞིང་ཚོགས་གཉིས་རྫོགས་པའི་ཕྱིར། །ཚོགས་འཁོར་བཤམས་ནས་བྱིན་རླབས་ལ་སོགས་གཞུང་། །ཞི་དྲག་ཁྲོ་འབར་ལ་སོགས་གང་མོས་བྱ། །ཚོགས་ཕུད་མ་ཕུལ་གོང་དུ་འདི་སྐད་ཅེས། །རོལ་མོ་དབྱངས་དང་བཅས་ཏེ་གྱེར་བར་བྱ། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དཔལ་ཀུན་བཟང་སྟོན་པ་བཅུ་གཉིས་སོགས། །འཁོར་སངས་རྒྱས་གང་གཱའི་བྱེ་སྙེད་བཅས། །སྐུ་མཚན་དཔེའི་གཟི་བརྗིད་འོད་དུ་འབར། །གསུང་ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོག ། ཐུགས་སྟོང་ཉིད་སྙིང་རྗེས་བརྩེར་དགོངས་ལ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །སེམས་རྫོགས་སངས་རྒྱས་པར་བྱིན་གྱིས་རློབས། །གནས་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ན། །དཔལ་སྣང་བ་མཐའ་ཡས་ཚེ་དཔག་མེད། །འཁོར་སེམས་དཔའ་ལྷ་མོ་མགྱོགས་མའི་ཚོགས། །སྐུ་མཚན་དཔེའི་གཟི་བརྗིད་འོད་དུ་འབར། །གསུང་ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོག །ཐུགས་སྟོང་ཉིད་སྙིང་རྗེས་བརྩེར་དགོངས་ལ། །ཁྱེད་


CMR007_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །ལུས་འཆི་མེད་ཐོབ་པར་བྱིན་གྱིས་རློབས་། གནས་པོ་ཊ་ལ་ཡི་རྩེ་མོ་ན། །དཔལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །འཁོར་བསྐལ་བཟང་སངས་རྒྱས་སྟོང་གིས་བསྐོར། །སྐུ་མཚན་དཔེའི་གཟི་བརྗིད་འོད་དུ་འབར། །གསུང་ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོག །ཐུགས་སྟོང་ཉིད་སྙིང་རྗེས་བརྩེར་དགོངས་ལ། །ཁྱེད་འདིར་གཤེགས་ཚེགས་ཀྱི་མཆོད་པ་བཞེས། །གནས་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །གནས་རིགས་དྲུག་སྐྱེ་སྒོ་བཅད་དུ་གསོལ། །གནས་ཟངས་མདོག་དཔལ་རིའི་རྩེ་མོ་ན། །དཔལ་པདྨ་འབྱུང་གནས་མཚན་བརྒྱད་རྣམས། །འཁོར་རྗེ་འབངས་ཉེར་ལྔ་རིག་འཛིན་ཚོགས། །སྐུ་མཚན་དཔེའི་གཟི་བརྗིད་འོད་དུ་འབར། །གསུང་ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོག །ཐུགས་སྟོང་ཉིད་སྙིང་རྗེས་བརྩེར་དགོངས་ལ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་


CMR007_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཁང་འདི་ཉིད་དུ། །སེམས་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །གནས་རྒྱ་བོད་སྒྲུབ་གནས་ཐམས་ཅད་ནས། །དཔལ་གྲུབ་ཆེན་བརྒྱད་ཅུ་རྩ་ལྔ་དང་། །བོད་གངས་ཅན་གྲུབ་ཐོབ་རྒྱ་མཚོའི་ཚོགས། །སྐུ་མཚན་དཔེའི་གཟི་བརྗིད་འོད་དུ་འབར། །གསུང་ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོག །ཐུགས་སྟོང་ཉིད་སྙིང་རྗེས་བརྩེར་དགོངས་ལ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །སེམས་ཕྱག་རྒྱ་རྟོགས་པར་བྱིན་གྱིས་རློབས། །གནས་རང་ལུས་རྒྱལ་བའི་དཀྱིལ་འཁོར་ནས། །དཔལ་རྡོ་རྗེ་སེམས་དཔའ་རིགས་བརྒྱའི་ཚོགས། །འཁོར་ཐེག་པ་དགུ་ཡི་ལྷ་ཚོགས་རྣམས། །སྐུ་མཚན་དཔེའི་གཟི་བརྗིད་འོད་དུ་འབར། །གསུང་ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོག །ཐུགས་སྟོང་ཉིད་སྙིང་རྗེས་བརྩེར་དགོངས་ལ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས་།གནས་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །ལུས་སྒྲིབ་གསུམ་དག་པར་བྱིན་གྱིས་རློབས། །གནས་ལྷོ་ཕྱོགས་ཨེ་ཡི་


CMR007_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ནས། །དཔལ་རྡོ་རྗེ་འཇིགས་བྱེད་བྷེ་ཏ་ལི། །འཁོར་ལས་གཤིན་བཞི་སོགས་སྤྲུལ་པའི་ཚོགས། །སྐུ་མཚན་དཔེའི་གཟི་བརྗིད་འོད་དུ་འབར། །གསུང་ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོག །ཐུགས་སྟོང་ཉིད་སྙིང་རྗེས་བརྩེར་དགོངས་ལ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །རྐྱེན་བར་ཆད་བཟློག་པའི་ཕྲིན་ལས་མཛོད། །གནས་དབང་དྲག་རོལ་པའི་དཀྱིལ་འཁོར་ན། །དཔལ་རྟ་ནག་ལྕགས་རལ་ལས་བཞིའི་ཚོགས། །འཁོར་དུར་ཁྲོད་བརྒྱད་ལ་གནས་པ་ཡི། །སྐུ་རབ་འཇིགས་གར་དགུའི་ཉམས་དང་ལྡན། །གསུང་ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོག །ཐུགས་སྟོང་ཉིད་སྙིང་རྗེས་བརྩེར་དགོངས་ལ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །ཀླུ་ས་བདག་གནོད་པ་བཟློག་པར་མཛོད། །གནས་པདྨ་འོད་ཀྱི་དཀྱིལ་འཁོར་ན། །དཔལ་དྲག་པོ་དམར་ནག་ཕྲེང་བ་ཅན། །འཁོར་རིགས་བཞི་ཌཱ་ཀི་ཁྲོ་བོ་བཅུ། །སྐུ་རབ་འཇིགས་གར་ད


CMR007_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གུའི་ཉམས་དང་ལྡན། །གསུང་ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོག །ཐུགས་སྟོང་ཉིད་སྙིང་རྗེའི་བརྩེར་དགོངས་ལ། །ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དུས་སྐད་ཅིག་ཚོགས་ཁང་འདི་ཉིད་དུ། །གདོན་རྒྱལ་བསེན་ལྷ་འདྲེའི་གནོད་པ་ཟློག །གནས་ནུབ་ཕྱོགས་ཨོ་རྒྱན་གཞལ་ཡས་ནས། །དཔལ་ཡེ་ཤེས་ཌཱཀི་སེང་གདོང་མ། །འཁོར་གནས་གསུམ་མཁའ་འགྲོ་བྱེ་བ་འབུམ། །དབུ་སྐྲ་ཐོར་ཚུགས་ཅོད་པན་ལྡེམས་སེ་ལྡེམ། །སྐུ་རིན་ཆེན་རྒྱན་ཆ་ཁྲ་ལ་ལ། །ཕྱག་གྲི་ཐོད་སྟངས་སྟབས་ཁྱུགས་སེ་ཁྱུག །ཞབས་གར་ཐབས་བྲོ་རྡུང་ཁྲིགས་སེ་ཁྲིག །ཁྱེད་འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས། །བདག་སྐལ་ལྡན་རྣམས་ལ་ཡེ་ཤེས་སྤོར། །ཁོང་སྐལ་མེད་རྣམས་ལ་མོས་པ་སྐྱེད། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །གནས་གསང་ཆེན་རོལ་པའི་དུར་ཁྲོད་ནས། །དཔལ་ཨོ་རྒྱན་མ་ནིང་དཔལ་འབར་མ། །འཁོར་སྡེ་བརྒྱད་བསྟན་སྲུང་བྱེ་བ་འབུམ། །སྐུ་ཁྲོ་གཏུམ་སྲིན་པོ་ཁྲོས་པའི་གཟུགས། །གསུང་ང་རོས་སྲིད་པ་གསུམ་ཡང་འདར། །ཐུགས་མི་བཟད་ཁྲོ་


CMR007_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མེ་ལྟར་འབར། །ཁྱེད་འདིར་བྱོན་དགྲ་བགེགས་ཚོགས་སུ་རོལ། །རྗེ་པད་འབྱུང་བསྟན་པ་རྒྱས་པ་དང་། །བདག་གསང་སྔགས་བསམ་པ་འགྲུབ་པ་དང་། །ཁོང་ཡོན་བདག་རྐྱེན་ངན་བཟློག་པར་མཛོད། །གནས་མཁའ་སྤྱོད་དཔལ་གྱི་ཙཱ་རི་ན། །དཔལ་ཞིང་སྐྱོང་སེང་གདོང་ཡབ་ཡུམ་ལ། །འཁོར་ནག་པོ་སྟོང་དང་ཤ་ཟ་འབུམ། །གནས་ཞིང་སྐྱོང་མཁའ་འགྲོ་བྱེ་བ་འབུམ། །སྐུ་མ་ངེས་སྤྲུལ་བསྒྱུར་ཅིར་ཡང་སྟོན། །གསུང་དྲག་སྔགས་གླུ་དབྱངས་ཅེ་རེ་རེ། །ཐུགས་བདེ་སྟོང་ཏིང་འཛིན་ངང་ཉིད་ལས། །ཁྱེད་འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས། །བདག་གསང་སྔགས་བཅོལ་བའི་ཕྲིན་ལས་སྒྲུབས། །ཁོང་ཡོན་བདག་རྣམས་ཀྱི་ཆགས་རྐྱེན་ཟློག །རོལ་མོ་བྱ། དེ་ནས་ཚོགས་བཏེག་ལ། ཨོ་ཨཱཧཱུྃ། ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་ལ། །རླངས་པ་མཆོད་པའི་ལྷ་མོའི་ཚོགས། །དཔག་མེད་ནམ་མཁའ་གང་བར་འཕྲོས། །གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས། །བསྟབ་བོ་བསྟབ་བོ་དགྱེས་པར་རོལ། །ག་ཎ་ཞེས་པ་ཚོགས་ཡིན་ཏེ། །སྟེང་བཀའ་བརྒྱུད་བླ་མ་ཚོགས་ལ་རོལ། །བར་ཡི་དམ་ལྷ་ཚོགས་ཚོགས་ལ་རོལ། །འོག་ཆོས་སྤྱོང་སྲུང་


CMR007_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཚོགས་ལ་རོལ། །གྲོགས་རྡོ་རྗེའི་སྤུན་གྲོགས་ཚོགས་ལ་རོལ། །ཙཀྲ་ཞེས་བྱ་འཁོར་ལོ་སྟེ། །སྒྲིབ་གཉིས་གཅོད་པའི་འཁོར་ལོ་ཡིན། །དུག་ལྔ་གཅོད་པའི་འཁོར་ལོ་ཡིན། །བདུད་བཞི་གཅོད་པའི་འཁོར་ལོ་ཡིན། །སྐྱེ་སྒོ་གཅོད་པའི་འཁོར་ལོ་ཡིན། །ཨ་ལ་ལ་ངོ་མཚར་རྨད་དུ་བྱུང་། །འདི་ནི་ཆོས་ཀྱི་འབྱེད་པའི་སྒོ། །འདི་ནི་བྱིན་རླབས་འཇུག་པའི་ལམ། །འདི་ནི་དངོས་གྲུབ་འབྱུང་བའི་གཞི། །འདི་ནི་དཔའ་བོ་དགྱེས་པའི་ཐབས། །འདི་ནི་མཁའ་འགྲོ་འདུ་བའི་གཞི། །འདི་ནི་ཆོས་སྐྱོང་བསྟེན་པའི་ཐབས། །འདི་ནི་ཆག་ཉམས་བསྐང་བའི་མཆོག །འདི་ནི་སྒྲིབ་གཉིས་བཀྲུ་བའི་ཆུ། །འདི་ནི་བག་ཆགས་གཏོར་བའི་རླུང་། །འདི་ནི་འཁོར་བ་སྒྲོལ་བའི་གྲུ། །ཨེ་མ་ཧོ༔ འདི་ལ་ཐེ་ཚོམ་བྱ་མི་རུང་། །གང་གིས་ཚོགས་ལ་ཐེ་ཚོམ་ན། །ཆུ་བུར་ཅན་གྱི་དམྱལ་བར་ལྟུང་། །ཚེ་འདིར་ཌཱ་ཀིའི་ཆད་པ་འབྱུང་། །དེ་ཕྱིར་ཐེ་ཚོམ་མེད་པར་རོལ། །ཕྱི་མཆོད་ཡུལ་གྱི་ལྷ་རྣམས་ཐུགས་དམ་བསྐང་། །ནང་ལུས་ཀྱི་ལྷ་རྣམས་ཚིམས་པར་རོལ། །ཁ་ཡ་རྐན་རྒྱལ་བ་འོད་དཔག་མེད། །ལྕེ་ཡུམ་མཆོག་ལྷ་མོ་གོས་དཀར་མོ། །དེ་


CMR007_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་བདེ་སྟོང་སྦྱོར་བ་ལ། །རོ་མྱོང་སྟོང་ཟག་མེད་བདུད་རྩིར་བསྒྱུར། །དེ་མྱོང་བ་མཆོག་གི་དངོས་གྲུབ་ཐོབ། །གནས་རང་ལུས་རྩ་འཁོར་ལྔ་པོ་རུ། །ལྷ་རིགས་ལྔ་ཡབ་ཡུམ་འཁོར་བཅས་མཉེས། །གནས་ཉི་ཤུ་རྩ་བཞིའི་རྩ་གནས་སུ། །ལྷ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཚིམས། །དེ་ཚིམས་པས་དངོས་གྲུབ་རྣམ་གཉིས་སྩོལ། །ཉམས་རྟོགས་པ་ཡར་ངོའི་ཟླ་བ་བཞིན། །བདག་དོན་གཉིས་འགྲུབ་པར་མཛད་དུ་གསོལ། །ཅེས་པ་གུ་རུ་དོན་གྲུབ་ཀྱིས་བསྐུལ་ནས་ཨ་རཱ་གས་བྲིས་པའོ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousས་ཀྱི་ལྷན་ཐབས་ཨ་རཱ་གས་སོ།next