Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་གསང་འདུས་ཀྱི་གཏོར་དབང་གི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་གསང་འདུས་ཀྱི་གཏོར་དབང་གི་འདོན་འགྲིགས།next

ཚེ་སྒྲུབ་གསང་འདུས་ཀྱི་གཏོར་དབང་གི་འདོན་འགྲིགས།


CMR007_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་འདུས་ཀྱི་གཏོར་དབང་གི་འདོན་འགྲིགས་ཡོད།


CMR007_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ། ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་ནི༔ དཀྱིལ་འཁོར་ཀུན་གྱི་མངའ་བདག་གཙོ༔ ཚེ་དཔག་མེད་པ་རྒྱལ་བའི་སྐུ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ གསང་བ་ཚེ་ཡི་དཀྱིལ་འཁོར་དུ༔ ཁྱེད་ཀྱིས་བདག་ཅག་གཞུག་ཏུ་གསོལ༔ འཆི་མེད་རྡོ་རྗེའི་དམ་ཚིག་མཆོག༔ མགོན་པོས་བདག་ལ་བསྩལ་དུ་གསོལ༔ ཅེས་ལན་གསུམ་ཞུ། བླ་མས། ཁྱེད་ཅག་སུ་ཡིན་འདོད་དོན་གང་༔ ཇི་ལྟར་སྣོད་དང་ལྡན་པ་ཡི༔ དམ་ཚིག་བཀའ་ལས་མི་འདའ་ཞིང་༔ ཚུལ་བཞིན་བསྒྲུབ་པར་སྤྲོ་ལགས་སམ༔ ཞེས་པའི་ལན་དུ། བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ ཁྱེད་ཀྱི་


CMR007_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ལས་མི་འདའ་ཞིང་༔ ཚུལ་བཞིན་བསྒྲུབ་པར་བདག་ཅག་སྤོ༔ རྡོ་རྗེའི་ཚེ་མཆོག་བསྩལ་དུ་གསོལ༔ ཅེས་ཞུས་ལ་མེ་ཏོག་འཐོར༔ འདི་ནི་བྱིན་རླབས་རྩ་བ་ཏིང་འཛིན་དམིགས་པའི་དབང་ཁོ་ན་ཡིན་པས༔ དམིགས་པ་ཁོ་ན་འདི་ཉིད་སྒོམས་ཤིག སློབ་མ་རང་རང་གིས་དམ་ཚིག་གི་ཚེ་དཔག་མེད་པར་གསལ་བའི་སྙིང་གར་གསེར་གྱི་རྡོ་རྗེ་རྒྱ་གྲམ་རེ་སྒོམས་ཤིག དེའི་ལྟེ་བའི་སྟེང་དུ༔ འོག་ཉི་མ་དང་སྟེང་ཟླ་བ༔ ཉི་ཟླའི་གའུ་ཁ་སྦྱོར་ཅིག་བསྒོམ༔ དེའི་ནང་དུ་སྲོག་མི་འགྱུར་བའི་ཡི་གེ་ནི་ལྗང་གུ་ཞིག་བསྒོམ༔ དེའང་འོད་ཟེར་ཁ་དོག་ལྔ་དང་ལྡན་པ༔


CMR007_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་ཀྱི་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་ཐམས་ཅད་བསྡུས་པའི་ནུས་པ་དང་ལྡན་པ༔ དེའི་གཡས་ཕྱོགས་སུ་སྲོག་མི་འགྱུར་བའི་རྟེན་ཡི་གེ་ཨཱདཀར་པོ༔ གཡོན་ཕྱོགས་ན་སྲོག་བརྟན་པར་བྱེད་པའི་ཡི་གེ་ཧཱུྃ་མཐིང་ག་གསུམ་གནས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་སྒོམས་ཤིག ཚེ་བུམ་ཚེ་དཔག་མེད་པའི་བུམ་པ་ནས༔ འཆི་མེད་ཀྱི་བདུད་རྩི་བབ་པ་དང་༔ ཡབ་ཡུམ་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བབ་པ་སྦྲག་སྟེ༔ སྤྱི་བོ་ཚངས་པའི་བུ་ག་ནས་ལུས་རིམ་པར་གང་སྟེ༔ དཔེར་ན་རྐྱལ་པ་ཞོས་གང་བ་ལྟར་གྱུར་པ་ལས༔ དེ་ནས་ཚེའི་ངོ་བོ༔ བཅུད་ཀྱི་བཅུད་དྭངས་མའི་དྭངས་མ་ཐམས་ཅད་ཆུ་ཧུབ་ཀྱིས་དྲངས་པའམ༔ རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པ་ལྟར༔ ཚེའི་བཅུད་དང་དྭངས་མ་ཐམས་ཅད་ནི་ཡིག་ལ་སིབ་སིབ་ཐིམ༔ དམིགས་པ་དེ་ལྟ་བུ་དང་ལྡན་པར་མཛོད༔ དེ་ནས་གཏོར་མ་བཟུང་ལ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ མཁའ་དང་མཉམ་པའི་སྐུ་མངའ་བའི༔ སྐུ་ནི་ནམ་མཁའ་རྡུལ་བག་མེད༔ སྐུ་མདོག་དམར་པོ་འོད་ཟེར་འཕྲོ༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པ་འཆི་མེད་བདུད་རྩིས་


CMR007_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་༔ གསང་བའི་ཡུམ་མཆོག་གོས་དཀར་མོ༔ གཉིས་མེད་འཁྲིལ་སྦྱོར་བདེ་ཆེན་གྱི༔ གསང་བའི་ཐུགས་ཀྱི་གའུ་ནས༔ མི་འགྱུར་རྡོ་རྗེ་ཚེ་ཡི་དབང་༔ སྐལ་ལྡན་བུ་ལ་ཡོངས་རྫོགས་བསྐུར༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོ་གླུ་རུ་ཨཱ་ཡུཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཀྐ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་གནས་བཞིར་གཏུགས༔ སླར་ཡང་བཀྲག་མདངས་འོད་དུ་འབར་ཏེ༔ འོད་ཟེར་བ་སྤུའི་བུ་ག་ནས་སྟེང་འོག་ཕྱོགས་བཅུར་འཕྲོས་པ་ལས༔ འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་སླར་ཡང་ནི་ཡིག་འབྲུ་གསུམ་དང་བཅས་པ་ལ་སིབ་སིབ་ཐིམ༔ སླར་ཡང་སྤྱི་བོར་བཞག་སྟེ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཚེ་ཡི་དབང་མཆོག་དམ་པ་འདི་བསྐུར་བས༔ ཨོ་ཚེ་དབང་དུ་གྱུར་ཅིག༔ དབང་རྡོ་རྗེར་གྱུར་ཅིག༔ མི་ཤིགས་པ་རྡོ་རྗེར་གྱུར་ཅིག༔ མི་འགྱུར་བ་གཡུང་དྲུང་དུ་གྱུར་ཅིག༔ ཕྱིའི་འབྱུང་བ་ལྔའི་བཅུད་རྣལ་འབྱོར་ལུས་ལ་ཐིམ༔ ནང་འབྱུང་བ་མི་འགྱུར་རྡོ་རྗེའི་ཚེ་དབང་ཐོབ་སྟེ༔ སྐྱེ་ཤི་མེད་པའི་རྡོ་རྗེའི་ཚེ་དབང་ཐོབ་པར་གྱུར་ཅིག༔ དེ་ནས་ཉི་ཟླའི་གའུ་ཁ་བསྒྲིགས་ཏེ༔ འོག་གི་རྡོ་


CMR007_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྒྱ་གྲམ་གྱི་རྭ་བཞི་གྱེན་ལ་ལངས་བསྣོལ་མར་རྒྱས་གདབ༔ དེའི་སྟེང་དུ་ཚེ་དཔག་མེད་ཡེ་ཤེས་སེམས་དཔའ་ཚོན་གང་བ་གཅིག་འགྱུར་མེད་རྟག་ཏུ་བཞུགས་པར་གྱུར༔ དེ་ནས་བདག་ཉིད་བཀྲག་མདངས་འོད་དུ་འབར༔ བཅུ་དྲུག་ལོན་པའི་གཞོན་ཤ་དང་ལྡན་ཞིང་༔ ལོ་བརྒྱའི་བར་དུ་འཆི་མེད་ཚེའི་རིག་འཛིན་ཐོབ་པར་ངེས་ཤེས་བསྐྱེད་པར་མཛོད༔ ཅེས་བསྐུར་རོ༔ དེ་ལྟ་བུ་ལོ་བརྒྱ་རྩའི་ལོ་གྲངས་སོགས་བསྐུར་བ་ཡིན་ན༔ ཚེ་སྦ་བ༔ བསྟིམ་པ༔ རྒྱས་གདབ་པ་རྣམས་ལས་བྱང་ལྟར་ལན་གཅིག་བྱའོ༔ རིན་ཆེན་སྲོག་གི་མཐུད་མ་འདི་༔ སྙིང་གི་སློབ་བུ་རྣམས་ལ་ཕན་པའི་ཕྱིར༔ ༧ རཱ་ག་ཨ་སྱས་འཁྲུགས་པ་སྡེབ་པའོ༔ དབང་ཆོག་ནི་གོང་དུ་ལས་བྱང་བཏང་ནས་བསྙེན་པས་འཐུས༔ བུམ་པ་ཞེས་པ་ཟན་བུམ་ཁོ་ནས་ཆོག༔ མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚེ་སྒྲུབ་གསང་འདུས་ཀྱི་གཏོར་དབང་གི་འདོན་འགྲིགས།next