Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་གསང་བ་འདུས་པ་ལས་སྟ་གོན་དམིགས་རིམ་གྱི་ཐོ་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་གསང་བ་འདུས་པ་ལས་སྟ་གོན་དམིགས་རིམ་གྱི་ཐོ་ཡིགnext

ཚེ་སྒྲུབ་གསང་བ་འདུས་པ་ལས་སྟ་གོན་དམིགས་རིམ་གྱི་ཐོ་ཡིག


CMR007_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་བ་འདུས་པ་ལས༔ སྟ་གོན་དམིགས་རིམ་གྱི་ཐོ་ཡིག་བཞུགས་ལགས༔


CMR007_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་བ་འདུས་པའི་སྟ་གོན་དམིགས་རིམ་གྱི་ཐོ་ཡིག་ལ༔ དང་པོ་སྟེགས་བུ་མདའ་གང་འདོམ་གང་ལ་སོགས་ལ་སྤོས་ཆུ་དང་༔ དྲི་བཟང་བྱུགས་ལ༔ རྡུལ་ཚོན་ནམ་རས་བྲིས་སམ༔ ཐ་ན་ཤོག་གུ་ལ་སོགས་ལ་དཀྱིལ་འཁོར་བཤམས་ལ༔ དེ་སྟེང་མཉྫིའམ་ཤིང་ཁྲིའུ་སྟེང་དུ་ཚེ་གཏོར་སྤྱི་འཚམས་བཞག སྟེང་དུ་ཙཀླི་བཙུགས༔ དེའི་འོག་ཏུ་དཀྱིལ་འཁོར་སྟེང་མཉྫིའི་ཁར༔ བུམ་པ་སུམ་གཉིས་ཆུས་གང་བ་བུམ་རྫས་བཏབ་ལ་བཞག༔ མགུལ་ཆིངས་དམར་པོ༔ ཁར་དུང་ཆོས་དང་གཟུངས་ཐག་རྡོ་རྗེ་དང་བཅས་པ་བཤམས་པའི་ཁར་ཙཀྐི་བཙུགས༔ དེའི་མདུན་གྱི་ཤར་དུ་ཚེ་གཏོར་གཡང་ཞགས་འཁྱིལ་བ་ཟླུམ་པོ་དྲུག་བརྩེགས་སྟེང་དུ་ཟླུམ་པོ་ནོར་བུ་ཏོག་ལྟ་བུ་བཞག་ལ་གཅིག་གི་རྩེ་ལ་པ་ཏྲ་ཉི་ཟླ་ཚེ་བུམ་སོགས་མེར་གྱིས་བརྒྱན༔


CMR007_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བང་རིམ་རྣམས་སུ་མར་གྱི་དུང་ཕྲེང་བྱ༔ དེའི་མཐར་ཟས་སྣ་རྙེད་ཚད་རྣམས་སྤུངས་ལ་བཞག༔ དེའི་གཡས་སུ་བྷནྡྷ་བདུད་རྩིས་གང་བ༔ གཡོན་དུ་བྷནྡྷ་རཀྟས་གང་བ་བར་མཚམས་སུ༔ ཚེ་ནས༔ ཚེ་ཆང་༔ ཚེ་རིལ་བཀོད༔ ཕྱོགས་བཞིར་ཕྲིན་ལས་བཞིའི་འབྲང་རྒྱས་ནི༔ ཟན་ལ་ཀོང་བུ་འདྲ་བ་བཞིའི་ཁར༔ རི་མོ་ཟླུམ་པོ་གྲུ་བཞི་ཟླ་གམ་ཟུར་གསུམ་རྣམས་བཀོད་པ་བཞག༔ ཕྱོགས་བཞིར་མདའ་དར་དཀར་སེར་དམར་ལྗང་བཞི་འཛུགས༔ མདའ་མགུལ་དུ་ཚེའི་རྟེན་རྣམས་འདོགས་མཐར་མཆོད་པ་རྣམས་བཤམས༔ བཀྲ་ཤིས་རྟགས་བརྒྱད་ཡོད་ན་བཤམས། དེའི་མཐར་ཚོགས་དང་ཐུན་གཏོར་དཀར་བགེགས་སོགས་ཡོ་བྱད་རྣམས་བཞག༔ རང་ཉིད་སྟན་བདེ་བར་ཞལ་ནུབ་ཏུ་རྒྱུ་ནས༔ མདུན་དུ་ཌཱ་དྲིལ་རྔ་ལ་སོགས་གང་


CMR007_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་བཞག་ལ༔ ༈ ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་དང་༔ དཀར་བགེགས་ལ་སོགས་གཞན་ནས་སབ་ནས་འདོན༔ དེ་ནས་རང་ཉིད་དབང་ཆེན་རྟ་མགྲིན་བསྒོམས་ལ༔ ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ ནས་ཨུ་ཙ་ཏ་ཡ་ཕཊ༔ བར་འདོན། དཀྱིལ་འཁོར་དང་ཁྱིམ་དུ་ནས་ཀྱིས་བྲབ་སླར་ཡང་རྟ་མགྲིན་དུ་བསྒོམ་ལ༔ ཛྭ་ལ་རཾ་བར་འདོན་ལ་མཚམས་གཅོད༔ དེ་ནས་དབྱངས་སྙན་པོས་ཚེ་ཡི་ལྷ་ཚོགས་རྣམས་ཀྱི་ཕྱོགས་བཅུ་ནམ་མཁའ་དང་མཉམ་པ་འཁོར་བ་དང་མྱ་ངན་ལས་འདས་པ་རྣམས་ཀྱི་ཚེ་དཔལ་བཀྲག་མདངས་དབང་ཐང་ཐམས་ཅད་བསྡུས་པ་རང་གི་གནས་དང་དཀྱིལ་འཁོར་རྫས་དང་ཡོ་བྱད་བདག་ཅག་རྣམས་ལ་བྱིན་གྱིས་བརླབས་ནས་ཐིམ་པར་བསམ་མོ༔ དེ་ནས་མཆོད་པ་བྱིན་རླབས་འདོན༔ དེ་ནས་རང་ལ་སོགས་ཀྱི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་དང་ཉམས་ཆག་ཐམས་ཅད་བཤགས་པར་བསམས་ལ༔ ཤུདྡྷེ་ཨ་བར་འདོན༔ དེ་ནས་གཞལ་ཡས་ཁང་ཕྱི་ནང་མི་སྒྲིབ་པ༔ རྒྱན་དང་ལྡན་པར་བསམ་ལ་མཎྜ་ལ་ཧཱུྃ་བར་འདོན༔ དེ་ནས་དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེའི་ཁྲི་རྨ་བྱ་དང་། དེ་སྟེང་པདྨ། དེ་སྟེང་ཟླ་བ། དེ་སྟེང་ཉི་མ། དེ་སྟེང་ཚེ་དཔག་མེད་སྐུ་མདོག་དམར་པོ་མཉམ་གཞག་ཚེ་བུམ་འཛིན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ༔ ཡུམ་མཆོག་གོས་དཀར་མོ་སྐུ་མདོག་དམར་སེར་གཞོན་ཚུལ་ཅན་གཡས་ཚེ་མདའ་གཡོན་ཚེ་བུམ་ཅན་ཡབ་དང་སྦྱོར་བར་བསམས་ལ༔ ཚེ་དང་དཔལ་གྱི་འཕྲོ་འདུ་གསལ་


CMR007_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ང་འདོན། དེ་བཞིན་དུ་ཤར་དུ་ལཱ་སྱ་དཀར་མོ། ལྷོར་མ་ལེ་སྔོན་མོ། ནུབ་ཏུ་གྷི་ཏི་དམར་མོ། བྱང་དུ་ནིརྟི་ལྗང་མོ། དེའི་ཕྱི་རིམ་པད་འདབ་བཞི་ལ༔ ཤར་དུ་དཀར་མོ་མགྱོགས་མ། ལྷོར་སེར་མོ། ནུབ་ཏུ་དམར་མོ། བྱང་དུ་ལྗང་མོ། དེའི་ཕྱི་རིམ་པད་འདབ་ལ། ཤར་དུ་ལྕགས་ཀྱུ་མ་དཀར་མོ། ལྷོར་ཞགས་པ་མ་སེར་མོ། ནུབ་ཏུ་ལྕགས་སྒྲོག་མ་དམར་མོ། བྱང་དུ་དྲིལ་བུ་མ་ལྗང་གུ། དེ་ཡི་ཕྱི་རིམ་པད་འདབ་ལྔར༔ ཤར་དུ་ཀུན་བཟང་། ཤར་སྨད་མཱ་ཀི་དཀར་མོ། ལྷོར་སངས་རྒྱས་སྤྱན་མ་སེར། ནུབ་ཏུ་ན་བཟའ་དཀར་མོ་དམར། བྱང་དུ་དམ་ཚིག་སྒྲོལ་མ་ལྗང་མོ། དེ་རྣམས་ཞལ་ཐམས་ཅད་ནང་དུ་རྒྱུ་ནས་བཞུགས་པར་བསྒོམ༔ མདུན་བསྐྱེད་དཀྱིལ་འཁོར་དང་བུམ་པ་གཏོར་མ་དང་བཅས་པ་ཐམས་ཅད་དབྱེར་མེད་པར་དཀྱིལ་འཁོར་གཅིག་ཏུ་བསྒྲུབ་པ་ཡིན༔ སྒྲུབ་པ་གྲོལ་ཁ་བར་བསྒོམ༔ གྲོལ་ཁ་བདག་མདུན་བུམ་གསུམ་སོ་སོར་བསྒོམ་ལ་བདག་འཇུག་བླང་དགོས་སོ༔ དེ་ལྟར་བདག་མདུན་དུས་གཅིག་ལ་ལས་བྱང་གཅིག་གིས་དམིགས་པས་ལྕོགས་པར་བྱ༔ ས་མ་ཡ་ཛབར་འདོན༔ དེ་ནས་སྤྱན་འདྲེན་ནི་ནུབ་ཕྱོགས་བདེ་བ་ཅན་ནས་ཚེ་ཡི་ལྷ་ཚོགས་ཐམས་ཅད་དང་གཞན་ཡང་སངས་རྒྱས་བྱང་སེམས་ཚེ་ཡི་ཚུལ་དུ་སེམས་ཅན་དོན་དུ་ཐུགས་བསྐྱེད་ནས་བྱོན་པར་དམིགས་ལ་ཕྱག་གིས་མདའ་དར་གཡབ༔ པདྨ་ཉི་ཟླའི་གདན་ལ་བཞུགས་པར་བསམ་ལ་བཞུགས་གསོལ་བྱ༔ རང་གི་ལུས་གཅིག་ལ་ལུས་གྲངས་མེད་པར་སྤྲུལ་པར་བསམ་ལ་ཕྱག་


CMR007_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་བར་དམིགས་ལ་ཕྱག་འཚལ་འདོན༔ དེ་ནས་བདག་མདུན་བུམ་གསུམ་དང་ལྷ་ཚོགས་ཐམས་ཅད་ཕྱོགས་གཅིག་ཏུ་མཆོད་པ་འབུལ་བ་ནི༔ རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་གྲངས་མེད་པ་སྤྲུལ་ནས༔ རང་རང་གི་མཚན་གྱིས་རང་རང་གི་མཆོད་རྫས་ཐོགས་ལ༔ ལྷ་ཚོགས་ཐམས་ཅད་ལ་ཕུལ་བར་བསམས་ལ༔ མེ་ཏོག་མ་ལ་སོགས་མེ་ཏོག་ཐོགས་ཕྱི་མཆོད་ཕུལ། གཟུགས་ཀྱི་ལྷ་མོའི་མེ་ལོང་ལ་སོགས་ནང་མཆོད་ཕུལ༔ སྦྱོར་སྒྲོལ་བྱང་སེམས་ལ་སོགས་གསང་མཆོད་ཕུལ༔ ཨ་མྲྀ་ཏ་བདུད་རྩི་སྨན་མཆོད༔ དམ་རྫས་གཏོར་མའི་མཆོད་པ༔ དུག་གསུམ་བསྒྲལ་བའི་རཀྟ་དང་༔ ཆང་མཆོད་ལ་སོགས་མཆོད་པའི་ལྷ་མོ་རང་རང་གིས་ཕུལ་བར་བསམ་ལ་ཕུལ་ནས་མཆོད་ཚིག་རྣམས་འདོན༔ དེ་ནས་བསྟོད་པ་ནི༔ ཚེའི་ལྷ་ཚོགས་ཐམས་ཅད་ཀྱིས་ཚེ་ཡི་བཅུད་རྣམས་བསྡུ་བའི་ཚུལ་དུ་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསམས་ལ༔ བསྟོད་པ་དང་ཕྱག་འཚལ་བར་དམིགས་ལ༔ ཕྱག་འཚལ་དམ་ཚིག་སྒྲོལ་མ་ལའོ༔ བར་འདོན༔ དེ་ལྟར་བྱས་པའི་ཞུ་དོན་ལྟར་དུ༔ ཚེ་ལྷ་དང་ཚེ་ཡི་རིག་འཛིན་ཐོབ་པ་ལྷ་དང་དྲང་སྲོང་རྣམས་ཐུགས་རྗེ་མངའ་བ་ཅན་གྱིས་བདག་ཅག་སྒྲུབ་པ་པོ་རྣམས་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང་བྱིན་རླབས་གནང་བ་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ༔ སྐྱེ་ཤི་མེད་པའི་དབང་བསྐུར༔ ལུས་ལ་གཟི་མདངས༔ ངག་ལ་ནུས་པ༔ སེམས་ལ་བདེ་བ་བསྐྱེད་པར་བསམས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་བར་འདོན༔ ༈ དེ་ནས་


CMR007_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

སྙེན་སྒྲུབ་ལས་སྦྱོར་གསུམ་ལས་ཐོག་མར་བསྙེན་པ་བྱེད་པ་ལ༔ དང་པོ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཅེས་པ་ནས་བདག་ཅག་ཚེ་སྲོག་བརྟན་པར་མཛོད༔ བར་འདོན་ལ༔ བདག་མདུན་ལྷ་ཡི་སྐུར་གསལ་ལ༔ བདག་བསྐྱེད་ཀྱི་ཐུགས་ཀར་པདྨའི་གདན༔ དེ་སྟེང་ཉི་གདན་སེར་པོ༔ དེ་སྟེང་ཟླ་གདན་དཀར་པོ་བསམ་མོ༔ དེ་སྟེང་ཐུགས་སྲོག་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ༔ ནང་སྟོང་པ་ཕྱི་ནང་མི་སྒྲིབ་པ༔ སྤུ་གུ་ཡི་དབྱིབས་ཅན་ཡི་གེའི་སྔ་ཟུར་རང་གི་བྲང་ངོས་སུ་ཡོད་པ༔ ཕྱི་ཟུར་ཚེག་དྲག་སྒལ་ཚིགས་སུ་ཡོད་པ་གང་ལ་ཡང་མ་ཐུག་པ༔ རྣམ་པ་གསལ་བ་འཇའ་ཚོན་ལྟ་བུར་བསམ་མོ༔ དེ་ཡི་ཧ་ཁོག་གི་ནང་དབུས་སུ་རྨི་ལྗང་གུ་གཡས་སུ་ཨདཀར་པོ་བསྐྱེད༔ གཡོན་དུ་ཧཾམཐིང་ནག༔ དེ་གསུམ་ཡང་ཡི་གེའི་ཁ་གྲུ་ཕྱོགས་བྷུདང་མཚུངས་སོ༔ ཧྲི༔ ཡི་མཐའ་སྐོར་ཟླ་གདན་ཁར༔ ཨོཾ་གུ་རུ་ཨཱ་ཡུ་སིདྡྷི་ཧཱུྃ་ཧཱུྃ་ཨ་མཱ་ར་ཎི་ཛཱི་བྷན་དྷི་ཡེ་སྭཱ་ཧཱ༔ ཞེས་རང་གི་བྲང་ངོས་གཡོན་ཟུར་ཐད་དུ་ཨོཾ་གཡོན་ནས་རིམ་བཞིན་དུ་བཀོད་པའི་ཧཱ་དེ་བྲང་གི་གཡས་ཐད་དུ་སྣེ་ཐུག་པར་བསམ་མོ༔ འཁོར་དུས་གཡས་སུ་བཀོད་དུས་གཡོན་དུའོ༔ ཡིག་འབྲུ་རྣམས་ནི་དམར་པོ་ལྷ་ཡི་ཁ་དོག་གི་ཚུལ་དུ་བསམ་མོ༔ དེ་ནས་དང་པོ་བསྙེན་པ་དུས་དམིགས་པ་ནི༔ ཐུགས་སྲོག་གི་བྷིནི་ནམ་ཡང་འགུལ་མི་ཉན་ནོ༔ མཐའ་སྐོར་གྱི་ཡིག་འབྲུ་རྣམས་ཀློག་པའི་ཚུལ་དུ་ཡིད་ཡུལ་དུ་མ་གསལ་བར་དུ་ཡང་ཡང་གསལ་གདབ་


CMR007_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྙེན༔ དེ་གསལ་ཐེབ་ན་འོད་ཟེར་དམར་པོ་སྟོང་སྐུད་ལྟར་འཁོར་བར་བསམ་ལ་བསྙེན༔ དེ་གསལ་ཐེབ་ན་ཡིག་འབྲུ་ཕྱི་མ་རྣམས་སྒ་ར་ར་འཁོར་བར་བསམ་ལ་བསྙེན༔ དེ་གསལ་ཐེབ་ན་ཡིག་འབྲུ་རྣམས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་བྱང་སེམས་ཚེ་ཡི་རིག་འཛིན་ཐོབ་པ་རྣམས་མཆོད་པས་ལྷ་དང་དྲང་སྲོང་དང་འཁོར་ལོའི་སྒྱུར་རྒྱལ་ལ་སོགས་འཁོར་འདས་སྣོད་བཅུད་ཚེ་བསོད་ཐམས་ཅད་བསྡུས་ནས་བདག་དང་མདུན་བསྐྱེད་ལ་སིབ་སིབ་ཐིམ་པས་ཚེ་ཡི་རིག་འཛིན་ཐོབ་པར་བསྒོམ༔ ཁྱད་པར་དུ་འཇིག་རྟེན་ཁམས་ཀྱི་ལྷ་ཀླུ་གནོད་སྦྱིན་གཤིན་རྗེ་ལ་སོགས་སྡེ་བརྒྱད་གཞན་ཡང་འདྲེ་གདོན་དེ་རྣམས་ཀྱི་ལག་ཏུ་བདག་ཅག་གི་ཚེ་འཁྱམས་པ་བརྐུས་པ་ཐམས་ཅད་ཡི་གེ་ཨཱཿདང་ནི་དང་ཧཱུྃ༔ དང་དེ་རྣམས་ཀྱི་ཚུལ་དུ་འོད་ཟེར་ལྕགས་ཀྱུའི་དབྱིབས་ལྟར་བཀྲག་མེ་རེ་རེ་བསྡུས་ནས༔ རང་དང་མདུན་བསྐྱེད་ལ་ཐིམ་པར་དམིགས་ལ་བསྙེན་པ་ཐུན་རེར་མ་རྫོགས་བར་བྱ་དགོས༔ ༈ དེ་ནས་སྒྲུབ་པའི་དུས་ལ་ནི༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ལ་ཕོག༔ མདུན་བསྐྱེད་ཀྱི་སྔོན་གྱི་དམ་ཚིག་གི་ཚེ་བསྲིང་བའི་དམ་བཅའ་དྲན་ནས༔ ཐུགས་དམ་གྱི་རྒྱུད་བསྐུལ་བས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་རྣམས་ལ་མཆོད་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ དེ་ཡི་དྲིན་གྱིས་སངས་རྒྱས༔ སེམས་ཅན་དེ་རྣམས་ཀྱི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྙན་གྲགས་དང་དབང་ཐང་ལ་སོགས་པ་ཐམས་ཅད་ཨ་རྗེ་ཧཱུྃ་གསུམ་གྱི་རྣམ་པར་བཀྲག་མེ་རེ་རེ་བསྡུས་ནས་མདུན་བསྐྱེད་ལ་


CMR007_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ༔ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རང་ལ་ཐིམ་པས༔ རང་ཚེ་བསོད་དཔལ་འབྱོར་རྒྱས་པར་བསམས་ལ་བསྙེན་པ་བྱའོ༔ སྒྲུབ་པ་ཆེན་པོ་ནི་རང་གི་ཐུགས་ཀའི་སྔགས་ཕྲེང་དྲག་ཏུ་འཁོར་བས་འོད་ཟེར་རང་གི་ཞལ་ནས་ཐོན༔ མདུན་བསྐྱེད་ཀྱི་ཞལ་དུ་ཞུགས་ཐུགས་ཀར་ཐིམ༔ ཐུགས་ཀ་ནས་འོད་ཟེར་ཚུར་བྱུང་རང་གི་ཐུགས་ཀར་ཐིམ༔ ཡང་རང་གི་ཞལ་ནས་ཐོན་སྔར་ལྟར་འཁོར་བས་ཕར་ལ་མཆོད་པའི་ཚུལ་ཚུར་ལ་དངོས་གྲུབ་ཚུལ་དུ་འཁོར་བས་འོད་ཟེར་དེ་རྣམས་ལས་འོད་ཟེར་ཕྱོགས་བཞི་མཚམས་བཞི་སྟེང་འོག་གཉིས་དང་བཅུར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་མཆོད༔ སེམས་ཅན་གྱི་སྡིག་སྒྲིབ་སྦྱང་༔ དེ་རྣམས་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་ཚེ་ཡི་བཅུད་ཐམས་ཅད་ཨ་རྫི་ཧཱུྃ་གསུམ་གྱི་རྣམ་པར་མདུན་བསྐྱེད་ལ་ཐིམ་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རང་ལ་ཐིམ་པས་དཔལ་འབྱོར་ཚེ་བསོད་རྒྱས་པར་བསྒོམ་ལ་དམིགས་པ་ཡང་ཡང་དུ་ཞིབ་ཅིང་བསྙེན་པ་ནི་སྒྲུབ་པའོ༔ དེ་ཡང་ཐུན་རེར་རྫོགས་དགོས་སོ༔ ༈ དེ་ནས་ལས་སྦྱོར་དམིགས་པ་ནི༔ རང་གི་ཐུགས་ཀ་ནས་འོད་ཟེར་ཤར་དུ་བཞུགས་པའི་ལྷ་མོ་རྣམས་ཀྱི་ཐུགས་ཀར་འཕྲོས༔ ལཱ་སྱ་དཀར་མོ་སོགས་ཤར་ཕྱོགས་ཀྱི་ལྷ་མོ་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་ཤར་ཕྱོགས་སུ་འཕྲོས་པས༔ ཤར་ཕྱོགས་དྲི་ཟའི་ལག་ཏུ་ཚེ་འཁྱམ་པ་རྣམས་བཀུག་རང་ལ་ཐིམ༔ སེམས་ཀྱི་ཚེ་ཉམས་པ་སོས༔ རྡོ་རྗེ་རིགས་ཀྱི་ཚེ་མཆོག་ཐོབ་པར་བསམ་ལ་རང་ཁ་ཤར་དུ་


CMR007_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གྱུ་ལ་དམིགས་པ་གཏད་ཅིང་༔ ཧཱུཾ་བྷྲཱུཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཞེས་བསྙེན་པ་བྱ༔ དེ་བཞིན་ལྷོར་འོད་ཟེར་སེར་པོ་ཞགས་པའི་དབྱིབས་ཅན་དུ་འཕྲོས་པས་གཤིན་རྗེའི་ལག་ནས་བཀུག་པ་སོགས་དང་༔ རིན་ཆེན་ཚེ་མཆོག་ཐོབ་ཤ་ཡི་ཁམས་ཀྱི་ཚེ་ཉམས་པ་སོས༔ སྭ་བྷཾ་གྱི་བསྙེན་པ་བྱ༔ དམིགས་པ་ལྷོར་གཏད༔ སྔར་ལྟར་འོད་ཟེར་ལྕགས་སྒྲོག་ལྟ་བུར་འཕྲོས་པས་ནུབ་ཕྱོགས་ཀླུ་དབང་ལ་སོགས་ཀྱི་ལག་ནས་ཚེ་བཀུག དྲོད་ཀྱི་ཚེ་ཉམས་པ་སོས༔ པདྨའི་ཚེ་མཆོག་ཐོབ༔ དམིགས་པ་ནུབ་ཏུ་གཏད༔ ཨཱ་བྷཾ་གྱི་བསྙེན་པ་བྱའོ༔ ཡང་འོད་ཟེར་བྱང་ཕྱོགས་སུ་དྲིལ་བུའི་དབྱིབས་ཅན་འཕྲོས་པས༔ བྱང་ཕྱོགས་གནོད་སྦྱིན་ལ་སོགས་ཀྱི་ལག་ཏུ་ཚེ་འཁྱམས་པ་ཐམས་ཅད་ཚུར་བསྡུས་ནས་རང་ལ་ཐིམ༔ དབུགས་ཀྱི་ཚེ་ཉམས་པ་སོས། ལས་རབ་ཀྱི་ཚེ་མཆོག་ཐོབ་པར་བསམ༔ ཧཱ་ཧཱུཾ་ཅན་བསྙེན་པ་བྱའོ༔ ཡང་འོད་ཟེར་དབུས་སུ་འཕྲོས་པས༔ དེ་བཞིན་རིགས་ཀྱི་ཆེ་ཉམས་པ་བཀུག༔ ནམ་མཁའི་ཁམས་ཀྱི་ཚེ་ཉམས་པ་སོས༔ དེ་བཞིན་རིགས་ཀྱི་ཚེ་མཆོག་ཐོབ་པར་བསམ༔ དམིགས་པ་དབུས་སུ་བྱའོ༔ དབུས་ཀྱི་དམིགས་པ་དང་སྔགས་ལས་བཞིའི་གོང་དུ་བྱས་ན་འཐད་དོ༔ དེ་ནས་མདའ་དར་བཟུང་ལ༔ ༈ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ སོགས༔ ཏིཥྛ་ལྷན་བར་འདོན༔ དམིགས་པ་ལས་བཞི་ལྟར་ཡིན་པས་འགྲེའོ༔ ཡང་། སྙིང་པོ་བསྟན་པ་ཞེས་པ་ནས༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བར་ཐུགས་དམ་བསྐུལ་ལོ༔ སྐབས་


CMR007_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ར་དབང་རྒྱས་པ་རང་གིས་རང་ལ་བསྐུར་རོ༔ ཡང་ན་མདུན་བསྐྱེད་དཔྲལ་བ་མགྲིན་པ་ཐུགས་ཀ་ལྟེ་བ་ནས༔ འོད་ཟེར་དཀར་དམར་མཐིང་སེར་བཞི༔ རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ༔ སྐུ་གསུང་ཐུགས་ཡོན་ཏན་གྱི་དངོས་གྲུབ་ཐོབ་པར་བསམ་མོ་ཚོགས་བསྐང་གཏོར་འབུལ་བྱ༔ ༈ དེ་ནས་ཚེ་འཛུགས༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབས༔ སོགས་ནས། སྐྱེ་ཤི་མེད་པའི་དོན་རྟོགས་ཤོག༔ བར་འདོན༔ དེ་ནས་མཐར་སྒྲུབ་པ་གྲོལ་ཁ༔ མདུན་བསྐྱེད་རང་ལ་ཐིམ་པར་དམིགས་ལ། ༈ སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ སོགས་འདོན་དགོས་བཀྲ་ཤིས་སྨོན་ལམ་བྱའོ༔ དབང་གི་འོག་ཏུ་ཚོགས་དང་བསྐང་བ་གཏོར་འབུལ་ཡོད་ན་སབ་བོ༔ ༈ སྒྲུབ་པ་ཞག་བདུན་བྱེད་ན་ཞག་གསུམ་བསྙེན་པའི་དམིགས་པ་ཞག་གསུམ་སྒྲུབ་པའི་བསྙེན་པ་ཞག་གཅིག་ལས་སྦྱོར་དམིགས་པ་བྱ༔ ཉིན་ཕྱེད་ཡན་ཐུན་གཉིས་མན་ལ་ཐུན་གཉིས་ལ་སྔ་དྲོ་ཞི་བ་དེ་བཞིན་འགྲེས་སོ༔ ཐུན་ནི༔ སྔ་དྲོ་གཅིག ཕྱེད་ཚུན་གཅིག དགོང་མོ་གཅིག དགོང་ཀའི་བར་གཅིག མུན་རུབ་བར་གཅིག མུན་རུབ་ནས་སྲོད་དེ་དག་གཞན་རང་རང་གི་འདོན་པ་བྱ་དགོས༔ བདུན་གཅིག་གཉིས་གསུམ་ཟླ་གཅིག་སོགས་སྒྲུབ་པ་དང་མཚམས་ཅི་ཙམ་ཐོན་པའི་ཆ་བདུན་དུ་བྱས་པའི་གསུམ་རེ་བསྙེན་པ༔ གསུམ་རེ་སྒྲུབ་པ༔ ཆ་གཅིག་ལས་སྦྱོར་བྱ༔ མཐར་སྦྱིན་སྲེག་གྲུབ་ན་རབ་མ་འགྲུབ་ཀྱང་ཆོག༔ སྒྲུབ་པའི་བསྙེན་པ་ཅི་


CMR007_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན༔ བཅུ་ཆ་གཅིག་ལས་སྦྱོར་སྔགས་སོ༔ རཱ་ག་ཨ་སྱས་སྦྱར་བའོ༔ མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚེ་སྒྲུབ་གསང་བ་འདུས་པ་ལས་སྟ་གོན་དམིགས་རིམ་གྱི་ཐོ་ཡིགnext