Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་གསང་འདུས་ཀྱི་སྒྲུབ་ཐབས་ཟིན་བྲིས་བཞུགས་པའི་དབུ་ཕྱོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་གསང་འདུས་ཀྱི་སྒྲུབ་ཐབས་ཟིན་བྲིས་བཞུགས་པའི་དབུ་ཕྱོགས།next

ཚེ་སྒྲུབ་གསང་འདུས་ཀྱི་སྒྲུབ་ཐབས་ཟིན་བྲིས་བཞུགས་པའི་དབུ་ཕྱོགས།


CMR007_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་འདུས་ཀྱི་སྒྲུབ་ཐབས་ཟིན་བྲིས་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR007_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱ་ཡུཛྙཱ་ན་ཡེ༔ ཚེ་སྒྲུབ་གསང་བ་འདུས་པའི་ལག་ཁྲིད་ལ༔ གཞན་ལུགས་བརྗོད་པ་རང་ལུགས་བཞག་པ་གཉིས་ལས༔ དང་པོ་ནི་ཚེ་སྒྲུབ་གསང་བ་འདུས་པའི་རྒྱུད་ཏན་བཅོ་བརྒྱད་ཀྱི་ཡ་གྱལ་ཞིག་ཡོད་པ་ལ་བརྟེན་ནས་ཨོ་རྒྱན་རིན་པོ་ཆེས་མཛད་པར་འདོད་པ་དང་༔ ལས་བྱང་ལ་ཡང་མཆོད་པ་བྱིན་རླབས་དང་སྐྱབས་སེམས་སོགས་ཁ་སབ༔ དཀྱིལ་ཐང་ལ་ཡང་ནང་སྒྲུབ་ཀྱི་དཀྱིལ་འཁོར་བྲིས་ནས་ལས་བྱང་གི་ལྷ་བསྐྱེད་དེ་བདག་བསྐྱེད་བྱས་རྗེས༔ ནང་སྒྲུབ་ཀྱི་མདུན་བསྐྱེད་ཚིག་ལྷུག་ཁ་སབ་སྟེ་རྒྱུན་དུ་འདོན་པ་དང་དབང་ལ་ཁ་མང་དུ་སབ་སྟེ་སྐྱབས་སེམས་སོགས་གཞན་


CMR007_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསལ་ལ་ཁ་སབ་པར་བྱེད༔ མདོར་ན་ཨོ་རྒྱན་རིན་པོ་ཆེས་ང་ཡི་བཀའ་མ་བཅོས་གསུངས་པས་ཐམས་ཅད་བཅོས་དྲགས་ན་བྱིན་རླབས་ཆུང་བར་བདག་གིས་སེམས་སོ༔ དེ་དག་གིས་ཚེ་སྒྲུབ་གབ་མ་འཕྲོད་པར་ལས་བྱང་ཡོད་ཚུགས་བཏོན་ནས༔ སྒྲུབ་གཞུང་གི་མངོན་རྟོགས་རྗེས་ནས་བཏོན་ནས་སོ་སོའི་བསྙེན་པ་བྱེད་ཅིང་༔ འདི་གཏེར་གཞུང་ཡིན་བཅོས་མི་རུང་ཟེར་རོ༔ གབ་མ་འཕྲོད་ན་གཞུང་དེ་མ་བཅོས་པ་ཡིན་ལེགས་པར་བསམ་པར་བྱའོ༔ གསང་སྒྲུབ་དུས་ལས་བྱང་འདོན་པ་སོགས་སྤྲོས་མེད་ལ་སྤྲོས་བཅས་སྣ་ཚོགས་སོགས་མདོར་ན་སློབ་དཔོན་མེད་པ་ཅི་


CMR007_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བྱ་བར་དོགས༔ འོ་ན་རང་ལུགས་ཀྱིས་ཇི་ལྟར་འདོད་ཞེ་ན༔ མདོར་ན་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་རྒྱུད༔ རྟ་མགྲིན་གསང་འདུས་ཀྱི་རྒྱུད༔ ཕུར་པ་ཡང་གསང་བླ་མེད་ཀྱི་རྒྱུད༔ ཀློང་གསལ་འབར་མའི་རྒྱུད༔ རྒྱུད་བཞི་པུ་ཏི་འདི་ལ་བརྟེན་ནས༔ རཏྣའི་ལུགས་ཀྱི་འདུས་པ་སྐོར་བཞི་མཛད་པར་གསལ་བས་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་རྒྱུད་ལས་ཚེ་སྒྲུབ་ལེའུ་དེ་ལ་བརྟེན་ནས་མཆོད་པའི་གཞུང་བསྲང་ལུགས་སོ༔ ཕྱི་སྒྲུབ་ནི་ལས་བྱང་འདི་ཉིད་ཡིན་པས༔ འདི་ལ་བརྟེན་ནས་སྒྲུབ་པ་བྱེད་པ་ན༔ དམིགས་པ་གབ་ཐིག་དང་སྤྱད༔ ལས་བྱང་གི་ལྷ་བསྐྱེད་སྐབས་སུ༔ རང་ཉིད་གཙོ་བོ་བསྐྱེད་ཚར་བའི་རྗེས་སུ་དེའི་སྤྱི་བོར་གབ་ཐིག་ནང་གི་ཨོ་རྒྱན་ཚེ་དཔག་མེད་བསྐྱེད་རྗེས་ཤར་དུ་ལ་སྱ་དཀར་མོ་ལ་སོགས་དཀྱིལ་འཁོར་ལྷ་བསྐྱེད་སྤྱན་འདྲེན་མཆོད་པའི་བར་གཞུང་ལས་བསྙེན་པའི་སྐབས་གབ་ཐིག་དམིགས་པ་རྣམས་བྱ་ཞིང་གབ་ཐིག་ལྟར་བསྙེན་པ་བྱའོ༔ གཞན་ཐམས་ཅད་ལས་གཞུང་ལྟར་རོ༔ ཡང་རྒྱུན་ཁྱེར་ལ་ལས་བྱང་མ་ལྕོགས་ན་གབ་ཐིག་གི་དམིགས་རིམ་སྐད་ཅིག་ལ་བསྒོམ་བསྙེན་པ་བརྒྱ་ཕྲག་ཙམ་མ་ཆག་པར་བྱའོ༔ ཡང་གསང་འདུས་སྒྲུབ་པའི་མཐར་ཐུག་ཅེས་པ་


CMR007_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱི་སྒྲུབ་ལ་མིང་བཏགས་ཀྱང་རུང་༔ འདི་དང་འདྲ་ལ་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ལས་ཚོགས་ལ་ཡང་ཡོད་ཅིང་༔ འདི་དང་གཉིས་རུང་རང་རང་གི་ཚེ་སྒྲུབ་ཡིན་ཀྱང་ཚེ་སྒྲུབ་ལེའུ་ཚེ་སྒྲུབ་གསང་འདུས་ཀྱིས་མཛད་པའི་ཕྱིར་རོ༔ ཐུགས་རྗེ་ཆེན་པོའི་ཐེམས་བྱང་ནང་དུ་ཚེ་སྒྲུབ་གསང་འདུས་ཡོངས་སུ་རྫོགས་པ་བྱུང་བ་ཡང་དེའི་ཕྱིར་རོ༔ དེ་ནས་ཚེ་སྒྲུབ་གསང་འདུས་ཀྱི་པོ་ཏི་ཁ་རྒྱས་འདོད་ན༔ ལང་གྲོས་ཞུས་ལན༔ ཞལ་གདམས་ལུང་གི་ཕྲེང་བ༔ གུ་རུའི་རྣམ་ཐར་ཐུགས་རྗེ་ཆེན་པོའི་ནང་གི་དེ༔ མགར་དམར༔ སྨྱོ་ཁ་ཨེ་ཀ་ཙ་ཊི༔ མཁའ་རི་སོགས་ཚེ་སྒྲུབ་གསང་འདུས་ཀྱི་དལ་བྲི་ཆོག་པའོ༔ ཐུགས་རྗེ་ཆེན་པོའི་རྒྱུད་ཀྱང་བཞེངས་ཆོག་གོ༔ ཚེ་སྒྲུབ་འདིའི་སྐྱབས་སེམས་ནི་ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་སྐྱབས་སེམས་ཡན་ལག་བདུན་པ་དེ་སྦྱར་རུང་བའོ༔ གཏེར་ཁ་ཡང་གཅིག་ཅིང་སྔར་ནས་སྲོལ་འདུག༔ བགེགས་གཏོར་སོགས་གང་འདོད་བྱ་རུང་༔ གེལ་དུ་བཅོལ་ལ་སྙིང་པོ་མེད་མཆོད་པ་བྱིན་རླབས་གོང་དུ་སོང་ན་གཞུང་དུ་སབ་མི་དགོས༔ གལ་ཏེ་སབ་ན་ཐུགས་རྗེ་ཆེན་པོ་སབ་འོས་ཡིན་ཐུགས་སྒྲུབ་ནས་ཀྱང་རུང་བ་ཙམ་ཡིན༔ ལས་བྱང་ཁ་རྐྱང་འདོན་པའི་དུས་


CMR007_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ན་མངོན་རྟོགས་གཞན་མི་སབ༔ བདག་མདུན་བུམ་གསུམ་དུས་གཅིག་བསྒོམ༔ བསྙེན་དུས་དམིགས་པ་ཚེ་སྒྲུབ་ཆེན་པོར་ཤེས་གསུངས་པ་ནི༔ ཀཿཐོག་བླ་མ་ཆོས་ཀྱི་འབྱུང་གནས་ཀྱི་ཟིན་བྲིས་ལྟར་བསྒོམ༔ བསྙེན་པ་ཚར་ནས་བསྟོད་པ་ཟུར་འགེབ་ལྟར་ཁ་སབ༔ དེ་ནས་ཚེ་འགུགས་ནས་བཟུང་སྟེ་ཚེའི་རིག་འཛིན་བསྐུལ་བའི་བར་གཞུང་འདོན༔ དེ་ནས་ཟུར་འགེབ་ནང་གི༔ ཧཱུྃ༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་འདིར༔ ཞེས་སོགས་རིག་འཛིན་གྱི་བསྐུལ་འདོན༔ དེ་ནས་ཚེ་འཛུགས་པ་མན་ཆད་གཞུང་ལྟར་ཚོགས་ཆད་མདོ་བཀྲ་ཤིས་སོགས་ཐུགས་རྗེ་ཆེན་པོ་ལྟར་བྱའོ་གསུངས། དེ་ནས་ཨོ་འགྲུབ་པར་གྱུར་ཅིག་སོགས་སྨོན་ལམ་ལན་གསུམ་བྱའོ༔ དེ་ནས་ལས་བྱུང་བར་མའམ༔ དུས་བཟང་དང་གསུམ་ཀ་སྔགས་དང་དམིགས་རིམ་གཅིག་པར་ཡོད་དེ་ཚེ་རིང་བ་དང་བདེ་བ་ཅན་དུ་སྐྱེ་བ་སོགས་ཕན་ཡོན་ཆེ་བ་དང་༔ སྔགས་ཐུང་བས་བཟླ་སླ་བ་དང་༔ སྒྲུབ་ཚད་ཐུང་བ་དང་༔ སྒྲུབ་པ་བྱ་སླ་བ་སོགས་ཐམས་ཅད་རྩ་བ་འདི་རང་ལ་བྱ་འོས་པ་ཡིན༔ འདི་སྤྲོས་བཅས་དང་སྤྲོས་མེད་གཉིས༔ སྤྲོས་བཅས་ལ་དཀྱིལ་འཁོར་ཚོམ་བུ་མཆོད་གཏོར་བུམ་པ་བཅས་ལ༔ ལས་བྱང་གཞུང་


CMR007_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བསྲང་བ་སྟེ༔ ལྷ་བསྐྱེད་སྐབས་སུ་རང་ཉིད་ལས་བྱང་བདག་བསྐྱེད་གསལ་བའི་སྤྱི་བོར་གསང་འདུས་སྒྲུབ་པའི་མཐར་ཐུག་ནས་གསུངས་པའི་ཨོ་རྒྱན་བསྐྱེད་པ་ནི༔ ཤར་དུ་ལཱ་སྱ་དཀར་མོ་ནི་སོགས་འཁོར་ལྷ་བསྐྱེད་དོ༔ སྤྱན་འདྲེན་མཆོད་བསྟོད་བྱས༔ སྔགས་བཟླ་སྐབས་ཟབ་པའི་མཐར་ཐུག་ནས་གསུངས་པ་ལྟར༔ དམིགས་པ་བྱ་ཞིང་སྔགས་སྟོང་ཙམ་བཟླས༔ དེ་ནས་སླར་ཡང་མཆོད་པ་གཅིག་ལ་བསྟོད་པ་ཟུར་འགེབ་ཚེ་འགུགས་སོགས་གཞུང་བྱ༔ དེ་ལྟར་དུས་གསུམ་ཐུན་དུ་བཅད་ལ་ཞག་གསུམ་མམ་ལྔ་བདུན་སོགས་རྟགས་མ་བྱུང་བར་བསྒྲུབས་ནས༔ རྗེས་སུ་བུམ་པ་གཏོར་མ་རང་གི་སྤྱི་བོར་བཞག་ལ་དབང་བསྐུར་རོ༔ གཞན་དོན་ཡིན་ན་བུམ་པ་དང་གཏོར་མས་དབང་བསྐུར་ཚུལ་གཏོར་དབང་བྱིན་རླབས་སྤྲིན་ཕུང་ལྟར་བྱ༔ མདའ་དང་ཤྭ་དང་གཡུ་སོགས་ཚིགས་བཅད་བཅས་སོ་སོར་གཏད༔ ཚེ་འགུགས་སྦ་བསྟིམ་བཀྲ་ཤིས་བྱའོ༔ རང་དོན་ལ་དངོས་གྲུབ་རྫས་གཞན་ལ་མི་སྦྱིན་ནོ༔ སྤྲོས་མེད་ལྟར་བསྒྲུབས་ན་མཆོད་གཏོར་མི་དགོས༔ ལས་བྱང་མི་འདོན་གཞུང་ལྟར་དམིགས་པ་གསལ་འདེབས་སྔགས་ཁོ་ན་བཟླས་པས་འཐུས་སོ༔ སྟབས་བདེའོ༔ འདི་ནི་


CMR007_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ནང་སྒྲུབ་འདིའི་ལུགས་ཀྱི་སྒྲུབ་ཆེན་ཡིན་པས༔ སྤྲོས་པ་ཅི་རྒྱས་བྱ་སྟེ༔ ཐུགས་རྗེ་ཆེན་པོ་གསང་འདུས་སམ༔ ཐུགས་སྒྲུབ་སྒྲུབ་ཆེན་ལྟར་ས་ཆོག་རྒྱལ་ཐོ་སྒོ་བྱང་སོགས་འགྲུབ་ན་ལེགས༔ དེ་ཙམ་མི་འགྲུབ་ན༔ ནང་སྒྲུབ་རང་རྐང་ལྟར་སྟ་གོན་རྒྱས་པ་བྱ༔ ཁྱད་པར་ཚེ་གཏོར་ཚེ་མདའ་སོགས་ཡིག་ཆུང་སྤྲ་ཁྲིད་གུད་དུ་ཡོད་པ་ལྟར་བྱ༔ དེ་ནས་ལས་བྱང་དང་གབ་སྤྱད་ལུགས་འཁྲུགས་ཆེ་བ་སྟེ༔ བདག་ཉིད་དབང་ཆེན་ཧེ་རུ་ཀ༔ སོགས་ཚིག་གཉིས་དང་། ཧཱུྃ༔ ཉོན་ཅིག་ལོག་འདྲེན་སོགས་ནས་བཀའ་བསྒོས་ནས༔ ཨུ་ཙ་ཏ་ཡ་ཕཊ༔ བར་མཚམས་ཐམས་ཅད་ཁྲོ་ཆུང་སོགས་ནས་འབར་བར་གྱུར༔ ཧཱུྃ༔ ང་ནི་འབར་བ་དབང་གི་སྐུ་ནས་ཛྭ་ལ་རཾ་རཾ་ཧཱུཾ་ཕཊ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་རིན་ཆེན་སོགས་ནས༔ འུ་རུ་རུ་འབར་བར་གྱུར༔ ཧཱུྃ༔ བྱིན་ཆེན་སོགས་ནས་གཞལ་ཡས་ཁང་བསྐྱེད་སྐྱུར་ལ༔ ཧཱུཾ་བཛྲ་རཀྵ་རཀྵ་ཧཱུྃ༔ ཧཱུྃ་ལས་ཡེ་ཤེས་གཞལ་ཡས་ཁང་ནས་རྡོ་རྗེའི་གུར་དུ་གྱུར་དེ་ལྟ་བུ་གཞལ་ཡས་ཁང་གི་ནང་དུ་ནས་སོགས༔ འོད་དང་འོད་ཟེར་འཕྲོས་པར་གྱུར༔ ཞེས་པའི་བར་སྒྲུབ་གཞུང་ལྟར་ལསཾ༔ ཤར་དུ་ལཱ་སྱ་དཀར་མོ་ལ་སོགས་ཞེས་ལས་


CMR007_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ལྟར་འཁོར་ལྷ་བསྐྱེད༔ ལྷུན་གྲུབ་འགྱུར་བ་མེད་པར་བསྒོམ་ཞེས་པའི་བར་འདོན༔ དེ་ནས་སྭ་བྷཱ་ཝ་སོགས་ནས་སྒྲུབ་གཞུང་ལྟར་མདུན་བསྐྱེད་ཀྱི་ཚིག་ལྷུག༔ འོད་ཟེར་སྟོང་གསུམ་གང་བར་གྱུར་གྱི་བར༔ ལས་བྱང་ནས༔ ཨོ་ཨཱ་ཡུ་ནས་ཛའི་བར་དང་༔ སྤྱན་འདྲེན་མཆོད་པ་རྡོ་རྗེའི་ཚིག་བར་ལས་བྱང་ལྟར་རོ༔ ལས་བྱང་གི་སྔགས་དེ་རྣམས་སྐུ་ལ་བསྟོད་པ་ཟུར་འགེབ་ལྟར་བྱས༔ གཞུང་གི་འཛབ་དགོངས་དམིགས་པ་བྱ་ཞིང་བསྙེན་པ་སྔགས་སྟོང་ཡན་གང་འགྲུབ་བཟླས༔ དེ་ནས་ལས་བྱང་ལྟར་ཚེ་འགུག་སོགས་བྱ༔ ཐུན་མཚམས་གསོལ་འདེབས་གཞུང་ལྟར་གསུམ་མམ་བདུན་རེ་བྱ༔ ཐུན་བསྡུ་ཁ་ནི་ཚེ་སྦ་བསྟིམ་སྨོན་ལམ་གཞུང་ལྟར་བྱ༔ སླར་ཡང་ཐུན་གོང་ལྟར་མཚམས་གཅོད་ནས་བཟུང་སྟེ་བྱ༔ དེ་ལྟར་ཞག་རེ་ལ་ཐུན་བཞིའམ་གསུམ་རེ་བྱ་བ་ཞག་བདུན་བསྙེན༔ དེ་ནས་གཞན་གོང་ལྟར་ལས་སྒྲུབ་པའི་སྔགས་ལ་ཞག་བདུན་རེ༔ སྒྲུབ་པ་དང་ལས་སྦྱོར་དུས་དམིགས་པ་མི་འདྲ་བ་གཞུང་ཉིད་ནས་གསལ་བ་ལྟར་རོ༔ ཞག་ཉེར་གཅིག་བྱ་བ་ནི་ཐ་མ་སྟེ༔ རྒྱས་པ་ནི་གྲངས་བདུན་འབུམ་སོགས་གཞུང་ལྟར་བྱ༔ འདི་ཡང་སྒྲུབ་གྲོགས་མང་པོ་སྒྲུབ་ཆེན་ལྟར་བྱེད་ན༔


CMR007_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གསུམ་རེ་བྱས་ན་དགུ་ནས་ཀྱང་ཐོན་པར་ཡང་རུང་ངོ་༔ མཇུག་ཏུ་རང་དོན་ཡིན་ན་ཕྱི་སྒྲུབ་ལྟར་རང་གིས་དབང་དངོས་སུ་བླངས༔ གཞན་དོན་ཡིན་ན་དབང་རྒྱས་བསྡུས་གང་རུང་བསྐུར་བའམ༔ དེ་སྟབས་མ་བདེ་ན་ཚེ་འགུགས་རྒྱས་པ་བྱས་ལ༔ མདའ་དང་བླ་གཡུ་སོགས་བླ་རྟེན་སོ་སོར་འབུལ༔ བཀྲ་ཤིས་བརྗོད་ཅིང་ཚེ་ཆུ་ཚེ་རིལ་ཚེ་ཆང་འབུལ་ལོ༔ མཚམས་གྲོལ་ལུགས་སྤྱི་དང་མཐུན་ནོ༔ ཡང་རྣལ་འབྱོར་པ་ཏིང་ངེ་འཛིན་ལ་དབང་ཐོབ་ཅིང་སྤྲོས་པ་མི་དགའ་ན་བཅས་རྣམས་གཞུང་ཅི་ལྕོགས་བྱ༔ དང་པོ་ཐུན་ཐུགས་སྒྲུབ་ཚར་གཅིག་བཏང་ལ་གཞུང་འདིས་ཁོག་ཕུབ་ལ༔ རྒྱུན་དུ་སྒྲུབ་གཞུང་རང་གི་མངོན་རྟོགས་བསྡུས་པ་ཁོ་ན་བསྒོམ་ཞིང་སྔགས་དང་གསོལ་འདེབས་ཝིག་ཅིང་བསྒྲུབ་ལ༔ རྗེས་སུ་ཚོགས་དང་ཆད་མདོ་དཀྱིལ་འཁོར་བསྡུ་བ་བཀྲ་ཤིས་སོགས་ཐུགས་སྒྲུབ་ལྟར་བྱས་ཀྱང་རུང་བ་གཞུང་ཉིད་ནས་གསུངས་པ་ལྟར་རོ༔ ༈ འདི་ཡི་ནང་སྒྲུབ་ནི་ཤིན་ཏུ་སྤྲོས་མེད་དེ༔ ལས་བྱང་གབ་སྤྲོད་རྒྱུ་མ་ཡིན་པས༔ སྒྲུབ་གཞུང་ཉིད་ནས་ཇི་ལྟར་བྱུང་བཞིན་ཁོ་ནས་ཆོག༔ ཡེ་ཤེས་པ་སྤྱན་འདྲེན་མ་ཚང་བ་མ་ཡིན་ཏེ༔ ཨ་ནུ་དང་ཨ་ཏིའི་སྒྲུབ་པ་ཡིན་ཏེ༔ རང་སེམས་ཡེ་ཤེས་སེམས་


CMR007_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་འམ༔ རང་ལུས་དམ་ཚིག་སེམས་དཔའ་ཡེ་ནས་ཡིན་པ་ལ༔ ཡིན་པར་གསལ་འདེབས༔ འདིའི་གནད་ལ་རླུང་རོ་ལེགས་པར་བུས་ནས་རླུང་བཟུང་ནས་ཡིད་ཀྱི་བཟླས་པ་དང་༔ དམིགས་པ་ཁོ་ན་བྱ་བ་གནད་ཡིན་ནོ༔ སྤྱིར་ཚེ་སྒྲུབ་ཐམས་ཅད་འདྲ་ཡང་ཁྱད་པར་གསང་སྒྲུབ་ཐུགས་དམ་བྱེད་ནས་ཐིག་ལེ་མ་ཉམས་པར་བསྲུང་བ་གནད་ཆེའོ༔ འདིའི་ཚེ་རིལ་འདྲ་མིན་གསུམ་བྱུང་སྟེ༔ གཅིག་ནི་ཐུགས་རྗེ་ཆེན་པོའི་གསང་འདུས་ཀྱི་ལས་ཚོགས་ཡིན༔ རྫས་ཡང་དཀའ༔ གཅིག་ཚེ་སྒྲུབ་རྡོ་རྗེའི་ཕྲེང་བ་ཡིན་ཏེ༔ དེ་ཡང་དཀའ༔ ཚེ་ཁྲིད་རྡོ་རྗེའི་ཕྲེང་བ་ལས་བདུད་རྩི་རིལ་བུ་སྒྲུབ་པ་ཞེས་པ་འདི་ཚེ་སྒྲུབ་གསང་འདུས་ལ་སྦྱར་རྒྱུ་ཡིན༔ སྟབས་བདེ་རྫས་ཡང་སླ་རང་གཞན་ཀུན་ལ་ཕན་པར་སྣང་སྟེ༔ བྱ་ལུགས་ཐམས་ཅད་གཞུང་བལྟས་ཆོག་ཏུ་གསུང་ཡོད་པར་འདུག་ཀྱང་༔ གསང་འདུས་ལས་བྱང་ཚར་རེས་གཞུང་བསྲང་ལ་སྔགས་ཚེ་རིལ་གྱི་སྔགས་ལ་འབད༔ རིལ་བུ་བདག་གཞན་ཀུན་གྱིས་ལོངས་སྤྱོད་པར་བྱའོ༔ རིལ་བུ་ཡི་ཕབ་རྒྱུན་རཏྣ་གླིང་པ་སོགས་གཏེར་ཁ་རྩོད་མེད་ཀྱི་དམ་རྫས་ཚེ་རིལ་ལ་སོགས་འདྲེས་ངེས་ཀྱི་དམ་རྫས་ལ་བྱའོ༔ ཚེ་དབང་རྒྱས་པ་ནི་གུ་རུ་ཀུན་


CMR007_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བསྟན་འཛིན་སོགས་ཀྱི་གཏེར་གཞུང་ཉིད་ལ་གདའ་ཚུགས་ལས༔ ཁ་སབ་མི་མཛད་པས་དེ་ལྟར་ཡང་ལགས་ཏེ༔ ཀཿཐོག་ནས་མང་དུ་སབ་ནས་དབང་སྤྱི་ལྟར་ཆ་ཚང་ངེས་མཛད་འདུག་པ་དེ་ལྟར་འདོད་ན་ཀཿཐོག་ལྷམ་པ་བླ་མའི་ཟིན་བྲིས་བལྟ་བར་བྱོས་ཤིག༔ གཏོར་དབང་ལ་འཁྲུགས་ཅུང་ཟད་ཡོད་པ་ལེགས་པར་དཔྱད་ན་ཤེས་པར་ཡོད་ཅིང་༔ གཞན་དབང་ལ་སོགས་ལ་འཁྲུགས་མེད་གཞུང་ལྟར་ལས༔ རྒྱས་པར་དབང་བཤད་སྤྲོ་ན་རིག་ཐོག་ནས་བཤད་པར་བྱའོ༔ དོན་གྱི་གནད་འགག་ཚང་བར་ཡོད་པས༔ ཁམས་ཤིན་ཏུ་ཆེ་སྟེ༔ གསང་སྔགས་ཆོས་ཀྱི་སྡོམ་པ་ཆེན་པོ་ཡིན་པས་ལེགས་པར་ལྟ་ཞིང་གོ་བདེ་བར་ཡོད་དོ༔ འདི་ཡི་བཀའ་སྲུང་ནི་དགེ་བསྙེན་མཁའ་རི་དང་༔ སྨྱོ་ཁ་དང་༔ ་སྤུ་གྲི་མཆེད་གསུམ་རྣམས་ཡིན་པས་སྒྲུབ་པ་དང་༔ གཞན་ལ་སྤེལ་དུས་གཏོར་མ་རེ་འབུལ་བ་དང་༔ རྒྱུན་དུ་སྔགས་བསྔོས་ཙམ་བྱས་ན་བར་ཆད་སེལ་ཅིང་བཀྲ་ཤིས་ལ༔ དེ་ལྟར་མ་བྱས་ན༔ གཉེར་པ་ལ་མ་དྲིས་པར་ཆས་ཀ་ལ་ལོངས་སྤྱོད་པ་ལྟར་འཁུ་ལྡོག་འབྱུང་བས་དེ་དོན་ཤེས་པ་གནད་དམ་པའོ༔ ལར་ཚེ་སྒྲུབ་འདི་ཤིན་ཏུ་ཟབ་ཅིང་ཆ་ལག་ཚང་བས་ཀཐོག་ཟུར་མང་སོགས་དགོན་སྡེ་རྣམས་དང་༔


CMR007_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་འཕགས་སྐྱེས་སྐྱེས་ཆེན་དུ་མས་ཐུགས་དམ་དུ་མཛད་པ་ཡིན་ལ༔ སྔགས་ཨཱ་ཡུ་ཥེ་ཞེས་དང་ཨཱ་ཡུ་ཤྲཱི་ཞེས་ཡིག་ཆ་ཁུངས་མཉམ་དུ་བྱུང་ལ༔ གཏེར་ཁ་བརྡའ་སྔ་འགྱུར་དང་མཐུན་པ་ལས་ཕྱིས་དཔེ་ལ་ལར་ཨཱ་ཡུ་ཥེ་ཞེས་བརྡའ་གསར་མ་འདྲ་པར་ཡང་བྲིས་འདུག༔ ཨཱ་ཡུ་ཥེ་བཟླ་མཁན་འགའ་རེ་ཚེ་རིང་པོར་མ་བྱུང་༔ དེས་ན་གཏེར་མ་རང་རྐང་ལྟར་ཨཱ་ཡུ་ཤེ་ཞེས་སོགས་བཟླས་པ་ལེགས༔ ཨཱ་ཡུ་ཥེ་དང་ཛི་ཁཱིནྡྲི་སོགས་ཟབ་པ་ལེགས༔ ཨཱ་ཡུ་ཥ་དང་ཛི་ཁཱིན་སོགས་ལེགས་སྦྱར་དང་བསྟུན་པ་ལེགས་ཏེ༔ རྙིང་མ་སྔགས་ཕལ་ཆེར་སཾ་སྐྲྀ་ཏའི་སྐད་ཡིན་པས་ངེས་པ་མེད་པའི་ཕྱིར་རོ༔ ཆུའི་སྙིང་པོ་ཚྭ་ཡིན་པས༔ ཞེས་པ་ཚེ་ཡིན་པ་དང་༔ ས་ཡི་སྙིང་པོ་གསེར་ཡིན་པས༔ ཞེས་པ་ཤ་ཡིན་པ་ཟེར་བ་ཡིག་རྙིང་ལ་ལར་སྣང་བས་བསྒྱུར་བ་ཡང་མི་འགལ་བར་སེམས་སོ༔ ཞེས་པ་རྡོ་རྗེ་འཛིན་པ་པྲ་ཝའི་མཚན་ཅན་གྱིས་བསྐུལ་ཕྱིར༔ རཱ་ག་ཨ་སྱས་འཕྲལ་དུ་བྲིས་པ་མངྒ་ལཾ། །དེ་ནས་ཕན་ཐོགས་འབྱུང་བའི་རྒྱུར་གྱུར་ཅིག༔


previousཚེ་སྒྲུབ་གསང་འདུས་ཀྱི་སྒྲུབ་ཐབས་ཟིན་བྲིས་བཞུགས་པའི་དབུ་ཕྱོགས།next