Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་ཞལ་གདམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་ཞལ་གདམས།next

ཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་ཞལ་གདམས།


CMR007_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་ཞལ་གདམས་ཞེས་པ་ནི། དང་པོ་སྐྱབས་འགྲོ་དུས། ནམ་མཁར་ཚེ་དཔག་མེད་ཀྱི་ལྷ་ཚོགས་སྤྲིན་ཕུང་ལྟར་བཞུགས་པའི་མོས་པ་ཙམ་བྱ། དེ་ནས་བགེགས་གཏོར་དུས། རང་ཉིད་སྐད་ཅིག་ལ་རྟ་མགྲིན་དམར་པོ་གྲི་གུག་དང་ཐོད་ཁྲག་ཅན་ཡབ་རྐྱང་བསྒོམ། གཏོར་མ་བདུད་རྩིའི་རྒྱ་མཚོས་བགེགས་ཚིམས་ནས་རང་གནས་སུ་སོང་བར་བསམ༔ བཀའ་བསྒོ་བྱས་པས་ཐམས་ཅད་བྲོས་པར་བསྒོམ། མི་འགྲོ་བ་རྣམས་ལ། རང་ལས་ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་སྤྲིན་ནག་རླུང་གིས་གཏོར་བ་ལྟར་བསྐྲད་དེ་མེ་དཔུང་མཚོན་ཆ་སེར་སྐྱོགས་ལྟར་འཕྲོས་པས་དེད། ཚུར་འདུས་པས་མེ་རི་དང་། ཕུར་པའི་ར་བ་རལ་གྲི་སོ་འཐབ་ཀྱི་གུར། དེ་ནས་འཁོར་ལོའི་གུར་ཁང་། དེ་ནང་རྡོ་རྗེའི་གུར་སྲ་ཞིང་བརྟན་པར་བསྒོམ། བྱིན་འབེབས་དུས་བདེ་བ་ཅན་དང་རྔ་ཡབ་ནས་ལྷ་ཚོགས་ཁ་བ་བུ་ཡུག་ལྟར་བྱོན་ནས་རང་དང་དཀྱིལ་འཁོར་དང་སྒྲུབ་རྫས་ལ་ཐིམ་པར་བསྒོམ། །མཆོད་པ་བྱིན་རླབས་དུས་མཆོད་རྫས་ཕྱི་ནང་གསང་གསུམ་བསམ་གྱིས་མི་ཁྱབ་པར་བསྒོམ། དེ་ནས་ལྷ་བསྐྱེད་དུས་སུ་རང་དང་དཀྱིལ་འཁོར་ཚང་མ། མདུན་བསྐྱེད་ཚང་མ། བུམ་པ་


CMR007_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་དེ་ཡི་ནང་ན་ཚང་མ་གཅིག་དང་། གཏོར་མའི་རྩེ་ལ་ཚང་མ་གཅིག་སྟེ་བཞི། དུས་གཅིག་ལ་བསྐྱེད། སྤྱན་འདྲེན་དུས་བདེ་བ་ཅན་དང་རྔ་ཡབ་ནས་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས། བདག་མདུན་གཏོར་མའི་དཀྱིལ་འཁོར་བཞི་ལ་སོ་སོར་ཐིམ་པར་བསྒོམ། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་བྱེ་བ་དུང་ཕྱུར་འཕྲོས་ནས། བདག་མདུན་སོ་སོ་ལ་ཕྱག་འཚལ་བ་དང་མཆོད་པ་ཕུལ་བ་དང་བསྟོད་པའི་དབྱངས་ཀྱིས་བསྟོད་པར་བསྒོམ་ལ།་དེ་ནས་དམིགས་པ་གཞུང་ལྟར་ལ། ཨོཾ་གུ་རུ་ཨཱ་ཡུ་སིདྡྷི་ཧཱུཾ་ཧྲཱིཿ ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། །ཞེས་པ་སྒྲ་ཐད་སོར་བསྒྱུར་ལ་ཚིག་འགྱུར། ཨོཾ་ནི་དཔལ། འགུ་རུ་ཀླུ་རུ། གུ་རུ་དོན་གཅིག །བླ་མ། ཨཱ་ཡུ་ཚེ། སིདྡྷི་གྲུབ་པ། ཧཱུྃ་ནི་མཆོག ཧཱུྃཚེ་དཔག་མེད་ཀྱི་སྲོག ཨ་མཱ་ར་ཎི་འཆི་བ་མེད་པ། ཛཱི་ཝནྟི་དང་། ཛི་ཝན་དོན་གཅིག་སྟེ། གསར་རྙིང་གི་ཁྱད་དེ། སྲོག་ལ་ཕན་པ་སྭཱ་ཧཱ་གཞི་ཚུགས་ཟེར་བའོ། །འདི་དོན་འགྱུར་གཙོ་ཆེ་བས་ཡེ་ཤེས་ལྔའི་ཚེ་འགྲུབ་པའི་བླ་མའི་ཐུགས་མཆོག་གིས། འཆི་བ་མེད་པའི་སྲོག་ལ་ཕན་པའི་གཞི་ཚུགས་ཞེས་པ་ཞིག་འོང་ངོ་། སྔགས་འདི་སྙན་བརྒྱུད་རྩ་བ་ཡིན་ལ། ཐུན་རེ་ལ་སྟོང་བས་ཉུང་


CMR007_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མེད། དེ་མིན་ཅི་ཐོན་འདོན་ནོ། །དམིགས་པ་གཞུང་ལྟར་རོ། །དེ་ནས་ཚེ་བདག་རིགས་ལྔ་རེ་རེ་ལ་བརྒྱ་རེ་འདོན་པ་སྟེ། ཨོཾ་ཤྲཱི་དུས་ནམ་མཁའི་བཅུད། །ཨཱབྷོ་དུས་མེ་ཡི་བཅུད། ཧཱུཾ་ཧཱུཾ་དུས་ཆུ། སྭ་ཧཱུཾ་དུས་ས། ཧཱཧཱུཾ་དུས་རླུང་གི་བཅུད་ཐམས་ཅད་དང་། བདག་དང་སྤྱི་བོའི་ཚེ་དཔག་མེད་ཀྱི་བུམ་པ་དང་། མདུན་བསྐྱེད་བུམ་པར་བསྡུས་པར་བསྒོམ་མོ། །དེ་ནས་ཚེ་འགུགས་དུས་མདའ་དར་གཡོབ་པ་སོགས་རྒྱུན་དུ་མི་དགོས་ཏེ། བདག་མདུན་གྱི་ལྷ་མོ་རྣམས་ལས། རང་འདྲ་བ་མང་པོ་སྤྲོས་ནས། ཚེ་ཡི་དངོས་གྲུབ་ཐམས་ཅད་མདའ་དར་གྱིས་གཡབ་ཅིང་བུམ་པར་བསྡུས་ནས་འོངས་ཏེ་བདག་སྤྱི་བོའི་ཚེ་དཔག་མེད་ཀྱི་བུམ་པ་དང་། མདུན་གྱི་བུམ་པར་བླུག་ཅིང་བསྟིམ་པར་བསྒོམ་པའོ། །དེ་ནས་ཚེ་ཡི་རིག་འཛིན་རྣམས་བསྐུལ་བ་ནི། དང་པོ་ནི་དཀྱིལ་འཁོར་གྱི་ཕྱི་མེ་རི་རྡོ་ར་པད་རའི་ནང་དེ་ན་ཚེ་ཡི་རིག་འཛིན་ཐམས་ཅད་ཁྲོམ་ལྟར་འཚོགས་པར་བསྒོམ་ལ་དེ་རྣམས་ལས་འོད་ཟེར་སྤྲོས་པས་ཚེ་ཡི་དངོས་གྲུབ་བྱིན་རླབས་ཐམས་ཅད་བདག་ལ་ཐིམ་པར་བསྒོམ་མོ། །དེ་ནས་གསོལ་འདེབས། ཀྱེེ༔ དུས་གསུམ་སོགས་ལན་གསུམ། དེ་ནས་གཞུང་ལྟར་དཀྱིལ་


CMR007_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལྷ་ཚོགས་ཀྱིས་རང་ལ་དབང་བསྐུར་བར་བསྒོམ་སྟེ་དམིགས་པས་ཆོག །རྒྱུན་དུ་སྤྱི་བོར་བཞག་མི་དགོས། དེ་མིན་སྦ་བསྟིམས་སོགས་དམིགས་པ་གཞུང་ལྟར་ཚང་བར་འདོན་ནོ། །ཉིན་རེ་ལན་རེ་ཙམ་བཀའ་སྲུང་གཏོར་འབུལ་དེ་འདོན། ཆོས་སྐྱོང་སྤྱི་གཏོར་གསོ་བའམ་གཏོར་མ་ཟུར་གསུམ་གཅིག་ཕུལ་ན་ཡང་རུང་། གྲོལ་ཁ་གཞུང་ལྟར་དབང་རང་གིས་རང་ལ་བསྐུར་བ་དང་། མདའ་དར་གཡབ་པ་སོགས་བྱ། མདུན་བསྐྱེད་ཐང་ཀ་སོགས་ལ་བསྟིམ། བདག་བསྐྱེད་ཡེ་ཤེས་པ་མི་གཤེགས་དཀྱིལ་འཁོར་རང་ལ་རང་ཐུགས་ཀའི་ཧྲིལ། སྟོང་པར་བསྒོམ་པ། སེམས་ངོ་སྐྱོང་། བསྔོ་བ་སྨོན་ལམ་བྱ། མཚམས་གྲོལ། ཞེས་གྲགས་ལུའི་ལས་བྱང་དང་གུད་སྦས་གཉིས་སྦྲག་གི་སྒྲུབ་པ་བྱས་དུས། རཱ་ག་ཨཱ་སྱས་གདམས་པའོ།། མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་ཞལ་གདམས།next