Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་གསང་བ་འདུས་པའི་སྒྲུབ་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་གསང་བ་འདུས་པའི་སྒྲུབ་པའི་ཟིན་བྲིས།next

ཚེ་སྒྲུབ་གསང་བ་འདུས་པའི་སྒྲུབ་པའི་ཟིན་བྲིས།


CMR007_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་བ་འདུས་པའི་སྒྲུབ་པའི་ཟིན་བྲིས་བཞུགས།།


CMR007_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ། །རཏྣ་གླིང་པའི་ཚེ་ཆོག་གསང་བ་འདུས་པའི་ལས་བྱང་འདི་ཉིད་འདོན་པར་བྱེད་པ་ལ་སྒྲུབ་པ་དང་རྒྱུན་ཁྱེར་གཉིས་སོ། །སྒྲུབ་པ་ལ་སྤྲོས་བཅས་དང་སྤྲོས་མེད་གཉིས་སོ། །དེ་ཡང་སྒྲུབ་པ་སྤྲོས་བཅས་ནི། ས་ཐིག་ཆོག་སྒྲུབ་ཆེན་གཞུང་གིས་ཁ་སབ་ནས། སྒྲུབ་ཁོག་དཀྱུས་ནས་འབྱུང་བ་ལྟར་བྱའོ། །སྒྲུབ་པ་སྤྲོས་མེད་ནི། རབ་རྡུལ་ཚོན་ནམ་འདིང་དཀྱིལ་ལམ། ཡང་ན་འབྲུ་ཚོན་དམར་པོས་ཁ་དོག་བསྒྱུར་ལ། དབུས་སུ་ཚོམ་བུ་མུ་ཁྱུད་སུམ་རིམ། དེའི་ཕྱིར་ཚོམ་བུ་བཞི། དེའི་ཕྱིར་ཚོམ་བུ་བཞི། དེའི་ཕྱིར་ཚོམ་བུ་བཞི། མཚམས་སུ་


CMR007_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེས་མཚན་པ། དེའི་ཕྱིར་ཚོམ་བུ་ལྔ། མཚམས་པདྨས་མཚན་པ་བརྡ་ཙམ་བྱ། དེའི་ཕྱིར་མུ་ཁྱུད་ཟླུམ་བསྐོར་བྱ། དེའི་དབུས་སུ་བུམ་པ་བུམ་རྫས་དང་ཆུ་གཙང་གིས་བཀང་ལ་ཁ་རྒྱན་སྒྲོ་མདངས་དང་། དུང་ཆོས་གཟུངས་ཐག་སོགས་ཀྱིས་བརྒྱན་པ་བཤམ། དེའི་སྟེང་དུ་རྐང་གསུམ་མམ་ཁྲིའུ་སོགས་ཀྱི་སྟེང་དུ་གཏོར་མ་གཡང་ཞགས་འཁྱིལ་པ། ཚེ་རིལ་གྱིས་བསྐོར་བ་བཤམ། སྟེང་དུ་ཚེ་དཔག་མེད་ཡབ་ཡུམ་གྱི་སྐུ་གཟུགས་དར་དམར་གྱིས་བཀབ། དེའི་གཡས་སུ་བདུད་རྩི། གཡོན་དུ་རཀྟ། རྒྱབ་ཏུ་ཚེ་ཡི་མདའ་དར། མདུན་དུ་ཚེ་བརྟེན་རྣམས་བཤམས། །


CMR007_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མཐར་ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོ་རུ་མེ་ཏོག །ལྷོ་ནུབ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དྲི་ཆབ། བྱང་དུ་ཞལ་ཟས། བྱང་ཤར་མཚམས་འཛིན་མེ་ཏོག་རྣམས་བཤམས། དེའི་མཐར་འཛོམས་ན་སྒབ་སྐོར་རྒྱལ་མཚན་དར་འཕན་སོགས་སྒྲུབ་ཆེན་ཆས་རྣམས་བཤམ། མ་འཛོམ་ཡང་འགལ་བ་མེད། མདུན་དུ་སྟེགས་ཀྱི་ཁར༔ རྒྱུན་དུ་བརྗེ་རྒྱུའི་མཆོད་པ་རྣམ་ལྔ་དང་ཚོགས་རྫས་སྔོན་འགྲོ་རྣམས་བཤམ། ཚོགས་ནི་དང་པོ་དབུ་འཛུགས་དུས་དང་ཚེས་བཅུའི་དུས་དང་གྲོལ་དུས་སུ་བྱ། རྒྱུན་དུ་མི་དགོས། འདོན་འགྲིག་ནི། དང་པོ་དཀར་གཏོར་བསྔོས་ལ། ཚེ་སྒྲུབ་འདི་ལ་བར་ཆད་མེད་པའི་སྡོང་གྲོགས་མཛོད་ཅེས་བཀའ་བསྒོ་བར་བྱ། དེ་ནས་བགེགས་གཏོར་བསྔོས་ལ། ཚེ་སྒྲུབ་འདི་ལ་བར་དུ་གཅོད་པའི་དགྲ་བགེགས་འདིར་མ་འདུག་པར་གཞན་དུ་དེངས་ཤིག །ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་སོགས་བགེགས་བསྐྲད་ཚེ་གསང་སྲུང་འཁོར་བསྒོམ་། རིམ་བཞིན་ལས་བྱང་གཞུང་བསྲང་། བསྟོད་པའི་བར་དུ་འདོན། དེ་ནས་འཛབ་དགོངས་ནི། རང་གི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿཡིག་འགྲེང་སྟེ་གནས་པའི་


CMR007_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། ཨོཾ་གུ་རུ་ཨཱ་ཡུ༔ སིདྡྷི་ཧཱུཾ་ཧྲཱིཿ ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་པའི་སྔགས་ཀྱི་ཕྲེང་བས་བཀླག་ཐབས་སུ་གཡོན་དུ་བཀོད་པ་ལས་འོད་ཟེར་སྔགས་ཀྱི་རང་སྒྲ་།གྲག་པར་བསམ། བསྙེན་པ་བཟླ། དེ་ནས་སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར་བ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་མཆོད། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ནས་རང་ལ་ཐིམ་པར་བསམས་ལ་བཟླས་པ་ཉེ་བསྙེན། རང་གི་ཐུགས་ཀའི་སྔགས་ཕྲེང་ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀར་འཁོད་ནས་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་དངོས་གྲུབ་ཀྱི་ཚུལ་དུ་བྱུང་ནས་རང་གི་སྙིང་གར་ཐིམ་པས། ཚེ་དང་བསོད་ནམས་རྒྱས་པར་བསམས་ལ་བཟླས་པ་ནི་སྒྲུབ་པའོ། །དེ་ནས་རང་གི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་གསེར་གྱི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རང་གི་ཚེ་བསོད་ནམས་ཀྱི་ངོ་བོ་ཨ་ནི་ཧཱུྃ་གསུམ་བསམ། རང་གི་ཐུགས་ཀའི་སྔགས་ཕྲེང་དྲག་ཏུ་འཁོར་བ་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་


CMR007_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུགས་རྒྱུད་བསྐུལ་ནས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་དང་ཁྱད་པར་སྒོ་མ་བཞི་དང་མགྱོགས་མ་བཞི་ལས་རང་འདྲའི་སྤྲུལ་པ་འཇིག་རྟེན་ཁྱབ་པར་འཕྲོས་པས་ལྷ་ཀླུ་གནོད་སྦྱིན་དྲི་ཟ་མི་ལ་སོགས་པའི་ཚེ་བསོད་ནམས་འབྱུང་བ་བཞིའི་བཅུད་ཐམས་ཅད་ཚེ་ཡི་བུམ་པར་བསྡུས་ཤིང་། ལྷ་མོ་རྣམས་རང་ལ་ཐིམ་ཞིང་། རང་གི་ཐུགས་ཀའི་ས་བོན་ལས་ཡེ་ཤེས་ཀྱི་རླུང་བྱུང་ནས་བསྡུས་ཤིང་གའུ་ནང་གི་ཡིག་འབྲུ་གསུམ་ལ་ཐིམ་ཞིང་གའུ་ནང་གི་རྡོ་རྗེ་རྒྱ་གྲམ་གྱི་ར་བཞིས་བསྣོལ་མར་བཀབ་པའི་སྟེང་དུ། ཚེ་རྟེན་ཚེ་དཔག་མེད་ཡེ་ཤེས་སེམས་དཔའ་ཚོན་གང་བ་ཚེ་ཡི་རྟེན་དུ་རྒྱུན་དུ་བཞུགས་པར་བསམས་ལ། ཨོ་ཧཱུཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ སོགས་རེ་རེ་ལ་བརྒྱ་རེ་བཟླས་ཤིང་བསྒྲུབ་པའོ། །དེ་ནས་ཐུན་མཚམས་སུ་སྣོད་བཅུད་འོད་དུ་ཞུ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཐིམ། དེ་ཡང་རིམ་གྱིས་བོདག་ཉིད་ལ་འདུས། བདག་ཐུགས་ཀའི་ཧྲིལ་ཐིམ། ཡང་གྱེན་དུ་ཡལ་ནས་སྟོང་པར་བསམ། སླར་ཡང་། རང་ཉིད་ཚེ་དཔག་རྒྱན་ཕྱག་མཚན་མེད་པ་སྣང་སྟོང་འཇའ་ཚོན་ལྟ་བུའི་སྐུར་གྱུར་པས་འཁོར་བ་ཇི་སྲིད་ཀྱི་བར་དུ་འགྲོ་བའི་དོན་བྱ་སྙམ་པས། ཐུན་མཚམས་ཀྱི་སྤྱོད་ལམ་གང་དགོས་བྱ། སླར་


CMR007_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཐུན་བཟུང་ལུགས་སྔར་དང་འདྲ། ཐུན་བཞིའམ་དྲུག་གང་རུང་བྱ་གྲོལ་ཁ་ཚོགས་དང་ཚེ་འགུགས་རྒྱས་པར་བྱ། དེ་ནས་དབང་ལེན་པའི་ཚེ། ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་སོགས་ནས། འཆི་མེད་རྡོ་རྗེའི་ཚེ་ཡི་དངོས་གྲུབ་སྩོལ། །ཞེས་པའི་གསོལ་འདེབས་དེ་ཉིད་གཅིག་ཙམ་བྱ། དེ་ནས་སྒྲུབ་རྫས་རྣམས་རང་གི་གནས་གསུམ་ལ་གཏུགས་ལ། ཧཱུྃ༔ ཚེ་ཡི་ལྷ་མོ་རྣམས་ཀྱི་བུམ་པ་སོགས་ནས་ཏིཥྛ་ལྷན་བར་བརྗོད། བུམ་ཆུ་བཏུང་ཁྲུས་བྱ། ཚེ་ཆང་ཚེ་རིལ་རྣམས་ཅུང་ཟད་རེ་བཟའ། ཨོ། སྐུ་ཡི་སྐུ་སྟེ་སོགས་དང་བརྗོད། ཨོཾ། འགྲུབ་པར་གྱུར་ཅིག་སོགས། རྗེས་མི་མངོན་པར་བྱ། བཀྲ་ཤིས་བསྔོ་བ་སྨོན་ལམ་སོགས་ཀྱིས་རྒྱས་གདབ་པར་བྱ། དེ་ནས་རྒྱུན་ཁྱེར་བྱ་བ་ནི། ཚེ་ཆོག་བསྟོད་པའི་བར་བྱ། འཛབ་དགོངས་ནི་གོང་དང་མཚུངས་ཤིང་། བདག་མདུན་བར་དུ་འཁོར་བའི་མལ་དུ། སྔགས་ཕྲེང་ཡབ་ཡུམ་གྱི་བར་བསྒོམ་ལ་བསྡུ་རིམ་གྱི་བར་དུ་བྱ་སྟེ། ནངས་སྔའམ་དགོང་ཀ་གང་རུང་ཐུན་གཅིག་བྱས་པས་ཆོག་དེ་ལ་སྔོན་འགྲོ་དཀར་བགེགས་སྲུང་འཁོར་སོགས་མི་དགོས་ཏེ་རྒྱུན་ཁྱེར་ལུགས་སོ། ༈ །རིམ་གྲོ་སོགས་ལ་ཚེ་སྒྲུབ་བཅའ་སྲོལ་


CMR007_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་སྟེ། འདི་ལ་སྒྲུབ་པ་དང་མི་འདྲ་སྟེ་བཅའ་གཞི་ནི། གཞི་ཡི་སྟེང་དུ་ཚེ་གཏོར་གཡང་ཞགས་འཁྱིལ་པ། ཚེ་བུམ་ཚེ་རིལ་ཚེ་ཆང་ཚེ་ཡི་མདའ་དར་ཁ་དོག་ལྔ་ལྡན་རྣམས་ཕྲེང་དུ་བཤམས། དེའི་མདུན་དུ་སྨན་རཀ་མཆོད་པ་རྣམ་ལྔ་ཚོགས་རྫས་ཆད་བརྟན་གྱི་གཏོར་མ། མཁའ་རི་ཞིང་སྐྱོང་དམ་ཅན་གྱི་གཏོར་འབུལ་བཅས་འདུ་བྱས་ལ། དང་པོ་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་སྐྱབས་འགྲོ་སེམས་བསྐྱེད་བྱ། དཀར་བགེགས་ཕུལ། དེ་ནས་ཚེ་ཡི་ལས་བྱང་བསྟོད་པའི་བར་འདོན། དེ་ནས་ཚོགས་བྱ། ཚོགས་ཕུད་ཕུལ་གཏོར་བསྔོས་བྱ། བར་པས་བསྐང་བ་གསོས་ལ་བསྐང་བ་འདོན། ཐ་མ་བསྒྲལ་བ་དང་། ཞལ་བསྟབ་བྱ། ལྷག་མ་འབུལ། དེ་ཡན་ཚར་དུ་ཐོན་བྱ། དོ་དགོང་ཚོགས་ཀྱི་ཐ་མ་བསྒྲལ་ལས་ཚར་ནས་ཚོགས་ལ་རོལ་༔ ཚེ་འགུགས་བྱ། ལྷག་མ་བསྔོ།་ཆད་བརྟན་གཉིས་དང་མཁའ་རི། ཞིང་སྐྱོང་། རྡོར་ལེགས་རྣམས་ཀྱི་གཏོར་འབུལ་བྱ། གྲོལ་ཁ་ཡོན་བདག་གལ་ཆེན་སོགས་ལ་ཚེ་དབང་བསྐུར་ན་གཞུང་ལྟར་གསོལ་འདེབས་ལན་གསུམ་དང་དབང་ཚིག་གཞུང་ལྟར་བརྗོད་ལ། ཚེ་བུམ་དང་ཚེ་གཏོར་གནས་གསུམ་དུ་བཞག་ལ་སྔགས་དབྱངས་བྱ། རྩ་སྔགས་བཟླ་


CMR007_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། ཚེ་རིལ་ཚེ་ཆང་བྱིན། ཨོ། འགྲུབ་པར་གྱུར་ཅིག་སོགས་ཤིས་པ་བརྗོད། རྗེས་རྣམས་རང་གཞུང་ལྟར་བྱའོ། །ཀྱེ་ཧོ། སྐྱེ་འཆི་གཉིས་སྤང་མགོན་པོ་ཚེ་ཡི་ལྷ། །དུས་མིན་འཆི་བའི་འཇིགས་སྐྱོབ་མཁྱེན་གཟིགས་གཏེར། །དེ་ཉིད་སྒྲུབ་ཐབས་མདོ་གཟུངས་གྲངས་འདས་ལས། །སྒྲུབ་ཚུལ་མཐའ་ཡས་པྲ་བྷ་ཀ་རས་མཛད། །དེ་ཉིད་གཏེར་བྱུང་རྒྱས་བསྡུས་གྲངས་མེད་ཀྱང་། །ལང་འགྲོས་སྐྱེས་མཐའ་དེ་ཡི་གཏེར་བྱུང་བ། །ཚེ་སྒྲུབ་གསང་བ་འདུས་པ་འདི་ཉིད་ནི། །ནོར་འཛིན་ལྟོ་བ་གང་བའི་དར་རྒྱས་བྱུང་། །འོན་ཀྱང་རྡོ་རྗེའི་ཚིག་གྱུར་གོ་དཀའ་བས། །མཁས་གྲུབ་ལུང་རིག་འཛིན་པས་བཀྲོལ་ན་འང་། །འདི་ནི་ངག་ཁྲིད་འཛིན་བླུན་གཏམ་ཟུང་གྲངས་སྨྲས་པ། །རང་རེ་རེ་ལྟོས་གྱུར་ལ་ཕན་ཕྱིར་བཀོད། །འདི་དགེའི་དུས་མིན་ཚེ་ཡི་བར་ཆད་ཞི། །ཚེ་དབང་དཔལ་འབྱོར་དགུང་ལ་རེག་གྱུར་ཅིག །འཆི་མེད་རིག་འཛིན་གྲུབ་པའི་རྒྱུར་གྱུར་ཅིག །ཅེས་པ་རཱ་ག་ཨ་སྱས་སྦྱར་བ་ལ། །ཉེས་འགལ་མཆིས་ན་ཚེ་ཡི་ལྷ་ལ་བཤགས། །དགེ་བས་འགྲོ་ཀུན་ཚེ་ཡི་མཆོག་ཐོབ་ཤོག །མངྒ་ལཾ། །


previousཚེ་སྒྲུབ་གསང་བ་འདུས་པའི་སྒྲུབ་པའི་ཟིན་བྲིས།next