Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་གསང་འདུས་ཡང་གསང་གི་ངག་ཁྲིད་ལག་ལེན་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་གསང་འདུས་ཡང་གསང་གི་ངག་ཁྲིད་ལག་ལེན་ཟིན་བྲིས།next

ཚེ་སྒྲུབ་གསང་འདུས་ཡང་གསང་གི་ངག་ཁྲིད་ལག་ལེན་ཟིན་བྲིས།


CMR007_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་འདུས་ཡང་གསང་གི་ངག་ཁྲིད་ལག་ལེན་ཟིན་བྲིས་ཡོད༔ ན་མོ་གུ་རུ་ཨཱ་ཡུ་ཛྷཱ་ན་ཡེ༔ ཚེ་སྒྲུབ་གསང་འདུས་ཡང་གསང་གི་ངག་ཁྲིད་བརྗེད་ཐོ་ལ༔ ཕུགས་གཏོར་རྒྱས་བསྡུས་གང་འགྲུབ་ལོགས་སུ་བཤམ༔ མདུན་དུ་ས་སྟེགས་སམ་སྟེགས་བུའི་སྟེང་དུ་དཀྱིལ་ཐང་བཏིང་༔ མེད་ན་ནས་ཚོམ་ལྷ་གྲངས་བཀོད༔ དེའི་དབུས་སུ་བུམ་པ་ཁ་རྒྱན་མགུལ་ཆིངས་བུམ་རྫས་ཅན༔ ཆུ་བོ་རྒྱུན་འབབས་ཀྱིས་སུམ་གཉིས་བཀང་༔ ཁ་རྒྱན་ཤུག་པ་བཙུགས་ལ་དཀྱིལ་འཁོར་གྱི་དབུས་སུ་བཤམས༔ དེ་སྟེང་མཉྫིའམ་ཤིང་གི་ཨོ་བཅིངས་བར་གཏོར་མ་གཡང་ཞགས་འཁྱིལ་པ་བཤམ༔ བུམ་པའི་གཡས་སུ་བདུད་རྩི་བྷནྡྷ༔ གཡོན་དུ་རཀྟ་བཤམ༔ དཀྱིལ་འཁོར་གྱི་མཐའ་ལ། ཤར་དུ་ཆུ་གཙང་༔ ཤར་ལྷོར་ཆུ་གཙང་༔ ལྷོར་མེ་ཏོག་ནས་ཏིང་གང་༔ ལྷོ་ནུབ་ཏུ་སྤོས་ཐུར་རམ་ནས་ཏིང་གང་ལ་ཨག་སེ་བཙུགས༔ ནུབ་ཏུ་མར་མེ༔ ནུབ་བྱང་དུ་དྲི་ཆབ་སྟེ་སྤོས་ཆུའམ་ཇ་རྒོད༔ བྱང་དུ་ལྷ་བཤོས༔ བྱང་ཤར་དུ་ཏིང་ཤག་གམ་ནས་ཏིང་བཤམ༔ བཤམས་ལུགས་དེ་ནི་རྙིང་མ་ཐམས་ཅད་འདྲའོ༔ ཚེ་རིལ་ཚེ་སྡེར་རམ་ཏིང་གང་༔ ཚེ་ཆང་༔ ཚེ་ནས་བཟང་པོ་སྡེར་


CMR007_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གང་༔ མདའ་དར་ཁ་དོག་ལྔའམ༔ མེད་ན་མདའ་གཅིག་ལ་དར་དམར་བཏགས༔ དེ་ལ་ཚེ་གཡུ་བཀྲ་བཟང་༔ ཤེལ་བལ་གཙང་མའི་སྲུང་སྐུད༔ མེ་ལོང་གཅིག་བཏགས༔ སྟོང་ཁ་མར་གྱིས་བརྒྱན༔ དེ་རྣམས་སྒྲུབ་པའི་རྫས་སོ༔ ཐང་ཀ་ཡོད་ན་མདུན་དུ་བཤམ༔ མེད་ན་གཏོར་མ་ལ་ཙཀ་ལི་བཙུགས༔ གཏོར་མ་ལ་ལྷ་བསྐྱེད་རྒྱུ་ཡིན་པས༔ དང་པོ་བྲན་ནས་སྒྲུབ་པ་མ་གྲོལ་བར་དུ་གསོ་བྲན་མི་དགོས་ཏིང་ངུ་ཡན་པ་ཡོད་ན་དཀྱིལ་འཁོར་མདུན་ནས༔ ཕུགས་གཏོར་མདུན་དུ་མཆོད་པ་བཤམ༔ ཉིན་རེ་འམ་ཐུན་རེ་རེ་བཞིན་བརྗེ་ཐོན་ན་བཟང་༔ མེད་ན་དཀྱིལ་འཁོར་ནང་གི་མཆོད་པ་དེ་ཞག་གསུམ་བཞི་རེ་ན་ལན་རེ་ཁ་གསོ༔ ཚེ་ཆོག་ནམ་འདོན་བླ་མ་གཏོར་མ་གསོ་བྲན་བྱས་པས་ཆོག གཏོར་བསྔོས་ཤམ་དུ་གཞི་བདག་གཏོར་མའི་མཇུག་ཏུ༔ གཏེར་སྲུང་མཁའ་རི་ལྕམ་དྲལ༔ ཀླུ་བདུད་དགེ་བསྙེན་སྨྱོ་ཁ་རྣམས་ཀྱི་ཞལ་དུ་ཨི་དམ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཁ་བསྔོས་བྱ་བ་ཡང་གལ་ཆེའོ། དང་པོ་ནུབ་སྔོན་འགྲོ་དཀར་བགེགས་ཕུལ་ནས་རྒྱུན་དུ་མི་དགོས༔ ནམ་ལངས་ནས་ཚེ་ཆོག་དབུ་འཛུགས། སྔ་དྲོ་ཐུན་གཅིག ཉིན་གུང་གཅིག དགོང་མོ་གཅིག མཚན་ལ་


CMR007_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་ཆག་མེད་རྣམས་དང་ཐུན་གཅིག་དང་བཞི་བྱའོ༔ སྲོད་དང་ཐོ་རངས་གཉིད་སད་ནས་སྐད་ཅིག་དྲན་རྫོགས་སུ་ཡང་གསང་གུད་དུ་སྦས་པའི་དམིགས་རིམ་དེ་ཅི་ཟིན་བྱས་ལ་བསྙེན་པ་བྱ༔ ཐུན་རེ་ལ་སྟོང་ཚོ་གཉིས་གསུམ་གང་ཐོན་ཡིན་ངེས་པ་མེད༔ རྒྱུན་དུ་ངག་བཅད་ན་མཆོག་ཡིན༔ ཅིས་ཀྱང་བཏང་དགོས་བྱུང་ན་ཐུན་མཚམས་སུ་བཏང་ཆོག ཐུན་མཚམས་མིན་པར་བཏང་མི་རུང་༔ ཟས་ནི་འདི་བླ་མེད་ཡིན་པས་བཅད་ཁྲིག་མེད༔ ཐུན་དཀྱིལ་ལ་ཡང་ཟ་འཐུང་རུང་༔ ཆབ་ལེན་མི་རུང་༔ ཤ་ཆང་ཟ་ན་པདྨ་འོད་འབར་གྱི་ཚོགས་དེ་འདོན་ལ་བཟའ་བཏུང་རུང་༔ བྱིན་རླབས་མ་བྱས་པར་བཟའ་བཏུང་མི་རུང་༔ རྟགས་བཟང་ངན་ཅི་བྱུང་ཡང་བཟང་ངན་ངོ་ཤེས་པར་བྱས་ལ་དགའ་སྡུག་མེད་པར་བཞག༔ གཞུང་གི་དམིགས་པ་སེམས་ངོ་སྲུང་བ་གཉིས་རེས་མོས་སུ་གང་བདེ་བྱའོ༔ ༈ དེ་ཡང་ལས་བྱང་གི་དོན་ཐོ་རམ་ནི༔ རང་ཉིད་སྐད་ཅིག་ལ་རྟ་མགྲིན་དམར་པོ་དབྱུག་ཐོ་སྡིགས་མཛུབ་ཅན་བསྒོམས་ནས༔ ཧཱུྃ༔ ཉོན་ཅིག་སོགས་བཀའ་བསྒོ༔ རྟ་མགྲིན་དེ་ལས་ཁྲོ་ཆུང་དང་མཚོན་ཆ་མེ་དཔུང་གི་ཚོགས་འཕྲོས་པས༔ ས་དང་བར་སྣང་ཁྱབ་པར་


CMR007_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ལ༔ ཧཱུྃ༔ ང་ནི་འབར་བ་སོགས་བརྗོད༔ བདེ་བ་ཅན་དང་ཟངས་མདོག་དཔལ་རི་ནས་ཚེ་དཔག་མེད་ཚེའི་རིག་འཛིན་གྱི་ཚོགས་སྤྲིན་ལྟར་གཏིབས་ནས་བྱིན་གྱིས་བརླབ་པར་བསྒོམ་ལ་བྱིན་འབེབས་དང་༔ དེ་ནས་ལྷ་བསྐྱེད་དུས༔ བདག་ལ་དཀྱིལ་འཁོར་ཚང་མ་བསྒོམ་པ་དང་༔ མདུན་གྱི་དཀྱིལ་འཁོར་ལ་ཚང་མ་གཅིག བུམ་པའི་ནང་དུ་དཀྱིལ་འཁོར་གཅིག གཏོར་མ་གཅིག་དང་བཞི་དུས་གཅིག་བསྐྱེད༔ མདུན་བསྐྱེད་ཚོགས་ལ་མི་དགོས༔ བདག་གི་སྤྱི་བོར་གུད་དུ་སྦས་པ་ནས་བཤད་པའི་ཨོ་རྒྱན་ཚེ་དཔག་མེད་བསྒོམ༔ དེ་ནས་ཡེ་ཤེས་པ་མང་པོ་དུས་གཅིག་ལ་སྤྱན་དྲངས་ལ་སོ་སོར་བསྟིམ༔ བདག་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་མེད་སྤྲུལ་ནས༔ བདག་མདུན་ཐམས་ཅད་ལ་དུས་གཅིག་ཏུ་མཆོད༔ བསྟོད་པ་ཡང་མཆོད་པའི་ལྷ་མོ་རྣམས་ཀྱིས་བདག་མདུན་སོ་སོར་བསྟོད་པར་བསྒོམ༔ བསྙེན་དུས་དམིགས་པ་གུད་དུ་སྦས་པ་ནས་གསུངས་པ་ལྟར་རོ༔ ཚེ་འགུགས་དུས་གཞུང་ཚིག་ལྟར་དུ་ཚེ་ཡི་ལྷ་མོ་རྣམས་ལས་སྤྲུལ་པ་དཔག་མེད་འཕྲོས༔ ཚེ་བཅུད་བསྡུས་ནས་རང་གི་སྤྱི་བོའི་ཨོ་རྒྱན་ཚེ་དཔག་གི་བུམ་པར་བླུག་ཅིང་༔ བདག་གི་སྤྱི་བོ་ནས་བབ་ལུས་


CMR007_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཁེངས་པར་བསྒོམ༔ རྟགས་ནི་ཚེ་སྒྲུབ་གཞུང་སྤྱི་དང་མཐུན་ནོ༔ གྲོལ་ཁ་ཚོགས་གཏོར་འབུལ་གསོལ་ཀ་བྱ༔ ཐོན་ན་ལེགས༔ ཚེ་གཏོར་སོགས་གཞན་ལ་མི་སྦྱིན༔ བུམ་ཆུ་བཏུང་ཞིང་ཁྲུས་བྱའོ༔ རཱ་ག་ཨ་སྱས་འཕྲལ་དུའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚེ་སྒྲུབ་གསང་འདུས་ཡང་གསང་གི་ངག་ཁྲིད་ལག་ལེན་ཟིན་བྲིས།next