Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་གསང་བ་འདུས་པ་ལས་ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་རྒྱུན་ཁྱེར་འདོན་ལུགས་དང་ཟིན་བྲིས་ཞིབ་ཏུ་ཡོད་པ་འདི་རྣམས་བླ་མ་པདྨས་བསྐུལ་བ་ལྟར་ཀརྨ་ཆགས་མེད་ཀྱིས་གནང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་གསང་བ་འདུས་པ་ལས་ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་རྒྱུན་ཁྱེར་འདོན་ལུགས་དང་ཟིན་བྲིས་ཞིབ་ཏུ་ཡོད་པ་འདི་རྣམས་བླ་མ་པདྨས་བསྐུལ་བ་ལྟར་ཀརྨ་ཆགས་མེད་ཀྱིས་གནང་བ།next

ཚེ་སྒྲུབ་གསང་བ་འདུས་པ་ལས་ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་རྒྱུན་ཁྱེར་འདོན་ལུགས་དང་ཟིན་བྲིས་ཞིབ་ཏུ་ཡོད་པ་འདི་རྣམས་བླ་མ་པདྨས་བསྐུལ་བ་ལྟར་ཀརྨ་ཆགས་མེད་ཀྱིས་གནང་བ།


CMR007_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་བ་འདུས་པ་ལས་ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་རྒྱུན་ཁྱེར་འདོན་ལུགས་དང་ཟིན་བྲིས་ཞིབ་ཏུ་ཡོད་པ་འདི་རྣམས་བླ་མ་པདྨས་བསྐུལ་བ་ལྟར་ཀརྨ་ཆགས་མེད་ཀྱིས་གནང་བའོ།། །།


CMR007_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱ་ཡུ་ཛྷཱ་ན་ཡེ། ཚེ་སྒྲུབ་གསང་བ་འདུས་པའི་ངག་ཁྲིད་ལས། གཞན་ལུགས་བརྗོད་པ་དང་རང་ལུགས་བཞག་པ་གཉིས་ལས། དང་པོ་ནི། ཚེ་སྒྲུབ་གསང་བ་འདུས་པའི་རྒྱུད་ཅེས་པ་ཏན་བཅོ་བརྒྱད་ཀྱི་ཡ་གྱལ་ཞིག་ཡོད་པ་ལ་བརྟེན་པ་ཨོ་རྒྱན་རིན་པོ་ཆེས་མཛད་པར་འོང་བ་དང་། ལས་བྱང་ལ་ཡང་མཆོད་པ་བྱིན་རླབས་སྐྱབས་འགྲོ་སེམས་བསྐྱེད་སབ་དཀྱིལ་ཐང་ལ་ནང་སྒྲུབ་ཀྱི་དཀྱིལ་འཁོར་བྲིས་ནས་ལས་བྱང་གི་ལྷ་བསྐྱེད་དེ། བདག་བསྐྱེད་བྱས་རྗེས་ནང་སྒྲུབ་ཀྱི་མདུན་བསྐྱེད་ཚིག་ལྷུག་ལ་ཕབ་སྟེ་རྒྱུན་དུ་འདོན་པ་དང་། དབང་ལ་ཡང་མང་དུ་ཁ་སབ་སྟེ་སྐྱབས་


CMR007_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སོགས་གསར་མ་ནས་ཁ་སབ་པར་བྱའོ། །མདོར་ན་ཨོ་རྒྱན་རིན་པོ་ཆེས། ང་ཡི་བཀའ་ལ་བཅོས་པ་ཐམས་ཅད་ནི། །བཅོས་དྲགས་བྱིན་རླབས་ཆུང་བར་སེམས་སོ། །དེ་དག་གི་སྒྲུབ་པ་བྱེད་ཚེ་གབ་མ་འཕྲོད་པ་ལས། ལས་བྱང་ཡོད་ཚུགས་བཏོན་ནས་སྒྲུབ་གཞུང་གི་མངོན་རྟོགས་རྗེས་ནས་བཏོན་ཏེ། སོ་སོའི་བསྙེན་པ་བྱེད་ཅིང་འདི་གཏེར་གཞུང་ཡིན་བཅོས་མི་རུང་ཟེར་རོ། །གབ་མ་འཕྲོད་པ་དེ་མ་བཅོས་པ་ཡིན་ན་ལེགས་པར་སེམས་པར་བྱའོ། །གསང་སྒྲུབ་དུས་ལས་བྱང་འདོན་པ་སོགས་སྤྲོས་མེད་ལ་སྤྲོས་བཅས་སྣོན་སོགས་སློབ་དཔོན་མེད་པའི་ཅི་གར་བྱ་


CMR007_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །འོ་ན་རང་ལུགས་ཇི་ལྟར་འདོད་ཅེ་ན། མདོར་ན་ཐུགས་རྗེ་གསང་འདུས་ཀྱི་རྒྱུད། རྟ་མགྲིན་གསང་འདུས་རྒྱུད། ཕུར་པ་ཡང་གསང་བླ་མེད་ཀྱི་རྒྱུད། ཀློང་གསལ་འབར་མའི་རྒྱུད། རྒྱུད་སྡེ་བཞི་པོ་འདི་དག་ལ་བརྟེན་ནས་རཏཱ་ལུགས་ཀྱི་འདུས་པ་སྐོར་བཞི་ཐམས་ཅད་མཛད་པར་གསལ་བས། ཐུགས་རྗེ་གསང་འདུས་ཀྱི་རྒྱུད་ལས་ཚེ་སྒྲུབ་ཀྱི་ལེའུ་དེ་ལ་བརྟེན་ནས་ཚེ་སྒྲུབ་གསང་འདུས་མཛད་པའི་ཕྱིར། ཐུགས་རྗེ་ཆེན་པོའི་ཐེམ་བྱང་དུ་ཚེ་སྒྲུབ་གསང་འདུས་ཡོངས་སུ་རྫོགས་པ་བྱུང་བ་དེའི་ཕྱིར། དེ་ཚེ་སྒྲུབ་གསང་འདུས་པོ་ཏི་ཁ་རྒྱས་པར་འདོད་ན། ལང་གྲོའི་ཞུས་ལན་ཞལ་གདམས་ལུང་གི་ཕྲེང་བ། གུ་རུའི་རྣམ་ཐར་ཐུགས་རྗེ་ཆེན་པོའི་ནང་དེ། མགར་དམར་སྨྱོ་ཁ་ཨེ་ཀ་ཙ་ཏི། མཁའ་རི་སྤུ་གྲི་མཆེད་གསུམ་གསང་འདུས་གྲལ་བྲི་ཆོག་གོ །ཐུགས་རྗེ་ཆེན་པོའི་རྒྱུད་ཀྱང་བཞེངས་བར་སེམས། ཚེ་སྒྲུབ་འདི་ཡི་སྐྱབས་འགྲོ་སེམས་བསྐྱེད་ནི་ཚེ་སྒྲུབ་རྡོ་རྗེའི་ཕྲེང་བའི་སྐྱབས་སེམས་ཡན་ལག་བདུན་པ་དེ་སྦྱར་རུང་སྟེ། གཏེར་ཁ་ཡ་ཅིག་ཅིང་སྔར་ནས་སྲོལ་འདུག །བགེགས་གཏོར་སོགས་གང་འདོད་བྱེད་རུང་གེལ་དུ་རྩམ་པ་གདའ་སྟེ་སྙིང་པོ་མེད། མཆོད་པ་བྱིན་རླབས་ནང་ནས་སོང་


CMR007_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བས་གཞུང་དུ་སབ་མི་དགོས། སབ་ན་ཐུགས་རྗེ་ཆེན་པོའི་སབ་འོས་ཡིན། ཐུགས་སྒྲུབ་ནས་ཀྱང་སབ་རུང་ཙམ་ཡིན། ལས་བྱང་ཁ་རྐྱང་འདོན་དུས་མངོན་རྟོགས་གཞན་མི་སབ། བདག་མདུན་བུམ་གསུམ་དུས་གཅིག་ལ་བསྒོམ། བསྙེན་དུས་དམིགས་པ་ཚེ་སྒྲུབ་ཆེན་མོ་དེས་གསུངས་པ་ནི་ཀཿཐོག་བླ་མ་ཆོས་ཀྱི་འབྱུང་གནས་ཀྱི་ཟིན་བྲིས་ལྟར་བསྒོམ་། བསྙེན་པ་ཚར་ནས་བསྟོད་པ་ཟུར་འགེབ་ལྟར་ཁ་སབ། དེ་ནས་ཚེ་འགུགས་ནས་བཟུང་སྟེ་ཚེ་ཡི་རིག་འཛིན་བསྐུལ་བའི་བར་གཞུང་ལྟར་འདོན། དེ་ནས་ཟུར་འགེབ་ནང་གི །ཧཱུྃ། གསང་འདུས་ཚེ་ཡི་དཀྱིལ་འཁོར་འདིར་ཞེས། སོགས་རིག་འཛིན་གྱི་བསྐུལ་པ་འདོན། དེ་ནས་ཚེ་འཛུགས་ཡན་ཆད་གཞུང་ལྟར་འདོན་ཆོག །ཆད་མདོ་བཀྲ་ཤིས་སོགས་ཐུགས་སྒྲུབ་ཐུགས་རྗེ་ཆེན་པོ་ལྟར་བྱ་གསུངས་པས་བྱའོ། །དེ་ནས་ཨོཾ་འགྲུབ་པར་གྱུར་ཅིག་སོགས་སྨོན་ལམ་ལན་གསུམ་བྱ། དེ་ནི་ལས་བྱང་ནར་མའམ་དུས་བཟང་མཆོད་པའི་ལུགས་ལགས་སོ། ༈ །ཕྱི་སྒྲུབ་ནི་ལས་བྱང་འདི་ཉིད་ཡིན་པས། འདི་ལ་བརྟེན་ནས་སྒྲུབ་པ་བྱ་བ་ནི་དམིགས་པའི་གབ་ཐིག་དང་གབ་སྤྲད། ལས་བྱང་ལྷ་བསྐྱེད་སྐབས་སུ་གཙོ་


CMR007_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བོ་བསྐྱེད་ཚར་རྗེས་དེའི་དཀྱིལ་འཁོར་གབ་ཐིག་ནང་གི་ཨོ་རྒྱན་ཚེ་དཔག་མེད་བསྐྱེད་རྗེས་ཤར་དུ་ལཱ་སྱ་དཀར་མོ་ལ། ཞེས་སོགས་དཀྱིལ་འཁོར་ལྷ་བསྐྱེད། སྤྱན་འདྲེན་མཆོད་པའི་བར་གཞུང་ལྟར་ལས། བསྙེན་པའི་སྐབས་སུ་གབ་ཐིག་དམིགས་པ་རྣམས་བྱ་ཞིང་གབ་ཐིག་ལྟར་བསྙེན་པ་བྱའོ། །གཞན་ཐམས་ཅད་གཞུང་ལྟར་རོ། ༈ །ཡང་རྒྱུན་ཁྱེར་ལ་ལས་བྱང་མ་ལྕོགས་ན་གབ་ཐིག་དམིགས་རིམ་སྐད་ཅིག་གིས་བསྒོམས་ནས་བསྙེན་པ་བརྒྱ་ཕྲག་ཙམ་མ་ཆག་པར་བྱའོ། ༈ །ཡང་གསང་འདུས་ཟབ་པའི་མཐར་ཐུག་ཅེས་པ་དེ་ཕྱི་སྒྲུབ་ལ་མིང་བཏགས་ཀྱང་རུང་། འདི་དང་འདྲ་ལ་ཁད་ཅིག་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལ་ཡོད་ཅིང་འདི་དང་གཉིས་རྒྱུད་རང་རང་གི་ཚེ་སྒྲུབ་ལེའུ་དང་གསུམ་ཀ་སྔགས་དང་དམིགས་པ་གཅིག་པར་ཡོད་དེ། ཚེ་རིང་བ་དང་བདེ་བ་ཅན་དུ་སྐྱེ་བ་སོགས་ཕན་ཡོན་ཆེ་བ་དང་། སྔགས་ཐུང་བས་བཟླ་སླ་བ་དང་བསྒྲུབ་ཚད་བྱུང་བས་སྒྲུབ་སླ་བ་སོགས་ཐུགས་དམ་རྩ་བ་འདི་རང་ལ་བྱ་འོས་པ་ཡིན་ནོ། ༈ །འདི་སྤྲོས་བཅས་སྤྲོས་མེད་གཉིས་སྤྲོས་བཅས་ལ་དཀྱིལ་འཁོར་ཚོམ་བུ་མཆོད་གཏོར་བུམ་པ་བཅས་ལ། ལས་བྱང་གཞུང་བསྲང་བྱས་ཏེ། ལྷ་བསྐྱེད་སྐབས་སུ་


CMR007_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ལས་བྱང་གི་བདག་བསྐྱེད་གསལ་བ་དེ་སྤྱི་བོར་གསང་འདུས་ཟབ་པའི་མཐར་ཐུག་ནས་གསུངས་པའི་ཨོ་རྒྱན་བསྐྱེད་པ་ནས་ཤར་དུ་ལཱ་སྱ་དཀར་མོ་ནས་སོགས་འཁོར་ལྷ་བསྐྱེད། སྤྱན་འདྲེན་མཆོད་བསྟོད་བྱས། སྔགས་བཟླ་སྐབས་ཟབ་པའི་མཐར་ཐུག་ནས་གསུངས་པ་ལྟར་དམིགས་པ་བྱ་ཞིང་སྔགས་སྟོང་ཙམ་བཟླ། དེ་ནས་སླར་ཡང་མཆོད་པ་གཅིག་བྱས་ལ་བསྟོད་པ་ཟུར་འགེབ་ཚེ་འགུགས་སོགས་གཞུང་ལྟར་བྱ། དེ་ལྟར་དུས་གསུམ་དུ་ཐུན་བཅད་ལ་ཞག་གསུམ་མམ་ལྔ་བདུན་རྟགས་མ་བྱུང་བར་བསྒྲུབས་ནས། རྗེས་ནས་བུམ་པ་གཏོར་མ་རང་གི་སྤྱི་བོར་བཞག་ལ་དབང་བསྐུར་རོ། །གཞན་དོན་ཡིན་ན་བུམ་པ་དང་གཏོར་མས་དབང་བསྐུར་ཚུལ་གཏོར་དབང་བྱིན་རླབས་སྤྲིན་ཕུང་ལྟར་བྱ། མདའ་དར་ཤྭ་དང་གཡུ་བལ་སོགས་ཚིགས་བཅད་བཅས་སོ་སོར་གཏད། ཚེ་འགུགས་སྦ་བསྟིམ་བཀྲ་ཤིས་བྱའོ། །རང་དོན་ལ་དངོས་གྲུབ་རྫས་གཞན་ལ་མི་སྦྱིན། ༈ སྤྲོས་མེད་ལྟར་སྒྲུབ་ན་མཆོད་གཏོར་མི་དགོས། ལས་བྱང་མི་འདོན། གཞུང་ལྟར་དམིགས་པ་གསལ་འདེབས་སྔགས་ཁོ་ན་བཟླས་པས་འཐུས་ཆེ་སྟེ་སྟབས་བདེའོ། ༈ །འདི་ཡི་ནང་སྒྲུབ་འདི་ནི་འདི་ཡི་


CMR007_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་སྒྲུབ་ཆེན་ཡིན་པས་སྤྲོས་པ་ཅི་རྒྱས་བྱ་སྟེ། ཐུགས་རྗེ་ཆེན་པོ་གསང་འདུས་ཐུགས་སྒྲུབ་སྒྲུབ་ཆེན་ལྟར་ས་ཆོག་རྒྱལ་ཐོ་སྒོ་བྱང་ལ་སོགས་འགྲུབ་ན་ལེགས།་དེ་ཙམ་མ་འགྲུབ་ན་ནང་སྒྲུབ་རང་རྐང་ལྟར་སྟ་གོན་རྣམས་རྒྱས་པར་བྱ། ཁྱད་པར་ཚེ་གཏོར་ཚེ་མདའ་སོགས་ཡིག་ཆུང་ལྟར་པྲ་ཁྲིད་གུད་དུ་ཡོད་པ་ལྟར་བྱ། དེ་ནས་ལས་བྱང་གབ་སྤྱད་ལུགས་ནི་འཁྲུགས་ཆེ་བ་སྟེ། ༈ བདག་ཉིད་དབང་ཆེན་ཧེ་རུ་ཀ་སོགས་ཚིག་གཉིས་དང་། ཧཱུྃ་ཉོན་ཅིག་ལོག་འདྲེན་སོགས། བཀའ་བསྒོ་ནས་ཨུ་ཙ་ཏ་ཡ་ཕཊ༔ ༈ བར་མཚམས་ཐམས་ཅད་ཁྲོ་ཆུང་སོགས་ནས། འདའ་བའི་གནས་མེད་པར་གྱུར། ཧཱུཾ་ང་ནི་འབར་བ་དབང་གི་སྐུ༔ སོགས་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་རིན་ཆེན་སོགས་ནས་འུ་རུ་རུ་འབར་བར་གྱུར༔ ཧཱུྃ་བྱིན་ཆེན་ངོ་མཚར་མཆོག་གི་སོགས་ནས་གཞལ་ཡས་བསྐྱེད་བར་འདོན། ལས་བྱང་གི་གཞལ་ཡས་ཁང་བསྐྱེད་སྐྱུར་ལ། ཧཱུཾ་བཛྲ་རཀྵ་རཀྵ་ཧཱུྃ༔ བློ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་ནས་རྡོ་རྗེའི་གུར་དུ་གྱུར༔ དེ་ལྟ་བུའི་གཞལ་ཡས་ཁང་གི་ནང་དུ་ནི༔ འོད་དང་འོད་ཟེར་འཕྲོ་བ་གྱུར༔ ཞེས་པའི་བར་སྒྲུབ་པའི་གཞུང་ལྟར་ལས། ཤར་


CMR007_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལཱ་སྱ་དཀར་མོ་ལ༔ ཞེས་སོགས་ལས་བྱང་འཁོར་ལྷ་བསྐྱེད༔ ལྷུན་གྲུབ་འགྱུར་བ་མེད་པར་བྷེ༔ ཞེས་བར་འདོན། དེ་ནས་སྭ་བྷཱ་ཝ་སོགས། ཨོཾ་མ་ཧཱ་ཤུ་རྩ་ཏ་སོགས་མདུན་གྱི་ད་ལ་སོགས༔ འོད་ཟེར་གྱིས་སྟོང་གསུམ་གང་བར་གྱུར༔ གྱི་བར་དང་ལས་བྱང་ལས་ཨོཾ་ཨཱ་ཡུ་ཛྷཱ་ན་ནས་ཛ་ཡི་བར་དང་སྤྱན་འདྲེན་མཆོད་པ་རྡོ་རྗེའི་ཚིག་གི་བར་ལས་བྱང་ལྟར་རོ། །ལས་བྱང་གི་སྔགས་དེ་རྣམས་སྐྱུར་ལ་བསྟོད་པ་ཟུར་འགེབ་ལྟར་བྱ། གཞུང་གི་འཛབ་དགོངས་དམིགས་པ་བྱ་ཞིང་བསྙེན་སྔགས་སྟོང་ཡན་གང་འགྲུབ་བྱ། དེ་ནས་ལས་བྱང་ལྟར་ཚེ་འགུགས་སོགས་རྒྱས་པར་བྱ༔ ཐུན་མཚམས་གསོལ་འདེབས་གསུམ་རེ་འམ་བདུན་རེ་བྱ། ཐུན་བསྡུ་ཁ་ནི་ཚེ་སྦ་བསྟིམ་སྨོན་ལམ་གཞུང་ལྟར་བྱ། སླར་ཡང་ཐུན་གོང་ལྟར་མཚམས་གཅོད་ནས་བཟུང་སྟེ་བྱ། དེ་ལྟར་ཞག་རེ་ཐུན་བཞིའམ་གསུམ་བྱ་བ་ཞིག་བདུན་བསྙེན། དེ་ནས་གཞན་གོང་ལྟར་ལ་སྒྲུབ་པའི་སྔགས་ལ་ཞག་བདུན། ཡང་གོང་ལྟར་ལས་ལ་སྦྱོར་སྔགས་ལ་ཞག་བདུན་རེ་སྟེ་སྒྲུབ་པ་དང་ལས་སྦྱོར་དམིགས་པ་མི་འདྲ་བ་ལ་གཞུང་ཉིད་གསལ་ལྟར་རོ། །ཞག་ཉེར་གཅིག་བྱ་བ་ནི་ཐ་མ་སྟེ། རྒྱས་པར་བྱ་ན་གྲངས་བདུན་འབུམ་


CMR007_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཞུང་ལྟར་བྱའོ། །དེ་སྒྲུབ་གྲོགས་མང་པོ་སྒྲུབ་ཆེན་ལྟར་བྱེད་ན་ཞག་གསུམ་རེ་བྱས་ནས་དགུ་ལ་ཐོན་པ་ཡང་རུང་ངོ་། །མཇུག་ཏུ་རང་དོན་ཡིན་ན་སྒྲུབ་གཞུང་ལྟར་རང་གིས་དབང་དང་དངོས་གྲུབ་བླངས། གཞན་དོན་ཡིན་ན་དབང་རྒྱས་བསྡུས་གང་རུང་བསྐུར་བའམ། དེ་ལྟར་མི་བདེ་ན་ཡང་ཚེ་འགུགས་རྒྱས་པར་བྱས་ལ། མདའ་དར་བླ་གཡུ་བླ་རྟེན་སོ་སོར་འབུལ། བཀྲ་ཤིས་བརྗོད་ཅིང་ཚེ་ཆུ་ཚེ་རིལ་འབུལ་བའོ། །མཚམས་གྲོལ་ལུགས་སྤྱི་དང་མཐུན། ཡང་རྣལ་འབྱོར་པ་ཏིང་འཛིན་ལ་དབང་ཐོབ་ཅིང་སྤྲོས་པ་ལ་མི་དགའ་ན། །བཅས་རྣམས་གཞུང་ལྟར་ཅི་ལྕོགས་བྱས་སོ། །དང་པོ་ཐུགས་སྒྲུབ་ཚར་གཅིག་བཏང་ལ་དེས་གཞུང་བསྲང་ཞིང་ཁོག་ཕུབ་ལ་རྒྱུན་ཏུ་སྒྲུབ་པ་གཞུང་གི་མངོན་རྟོགས་བསྡུས་པ་ཁོ་ན་བསྒོམ་ཞིང་སྔགས་དང་གསོལ་འདེབས་ཝིག་ཅིང་སྒྲུབ་ལ། རྗེས་ཆོག་དང་ཆད་མདོ་དཀྱིལ་འཁོར་བསྡུ་བ་བཀྲ་ཤིས་སོགས་ཐུགས་སྒྲུབ་ལྟར་བྱས་ཀྱང་རུང་ངོ་། །གཞུང་ཉིད་ནས་གསུངས་པ་ལྟར་རོ། །འདི་ཡི་གསང་སྒྲུབ་ནི་ཤིན་ཏུ་སྤྲོས་མེད་དེ། ལས་བྱང་དང་གབ་སྤྲད་རྒྱུ་ཡིན་པས། སྒྲུབ་གཞུང་ཉིད་ནས་ཇི་ལྟར་གསུངས་པ་བཞིན་ཁོ་ནས་ཆོག །ཡེ་ཤེས་སྤྱན་དྲངས་པ་


CMR007_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་ཡང་མ་ཚང་པ་མིན་ཏེ། ཨ་ནུ་དང་ཨ་ཏི་ལྟར་སྒྲུབ་པ་ཡིན་པས་རང་སེམས་ཡེ་ཤེས་སེམས་དཔའ་འམ། རང་ལུས་དམ་ཚིག་སེམས་དཔའ་ཡེ་ནས་ཡིན་པ་ལ་ཡིན་ལྟར་གསལ་འདེབས་སོ། །འདི་ཡི་གནད་ལ་རླུང་རོ་ལེགས་པར་བུས་ནས་རླུང་བཟུང་ནས་ཡིད་ཀྱི་བཟླས་པ་དང་དམིགས་པ་ཁོ་ན་བྱ་བ་གནད་ཡིན་ནོ། །སྤྱིར་ཚེ་སྒྲུབ་ཐམས་ཅད་འདྲ་ཡང་ཁྱད་པར་གསང་སྒྲུབ་ཐུགས་དམ་བྱ་བ་ནི་ཐིག་ལེ་མ་ཉམས་པར་སྲུང་བ་གནད། འདི་ཡི་ཚེ་རིལ་སྒྲུབ་ཐབས་འདྲ་མིན་གསུམ་བྱུང་སྟེ། གཅིག་ཐུགས་རྗེ་གསང་འདུས་ཀྱི་ལས་ཚོགས་ཡིན་པས་རྫས་ཡང་དཀའ། གཅིག་ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་ཡིན་པས་དེ་ཡང་དཀའ། ཚེ་ཁྲིད་རྡོ་རྗེ་ཕྲེང་བ་ལས་བདུད་རྩི་རིལ་བུ་སྒྲུབ་པ་འདི་ཚེ་སྒྲུབ་གསང་འདུས་ལ་སྦྱར་རྒྱུ་ཡིན། །སྟབས་བདེ་རྫ་ས་སླ་བ་རང་གཞན་ཀུན་ལ་ཕན་པར་སྣང་སྟེ། བྱ་ལུགས་ཐམས་ཅད་གཞུང་བལྟས་ཆོག་ཏུ་ཡོད་ཀྱང་གསང་འདུས་ལས་བྱང་ཚར་རེས་གཞུང་བསྲང་ལ་སྔགས་ཚེ་རིལ་གྱི་སྔགས་ལ་འབད། རིལ་བུ་བདག་གཞན་གྱིས་ལོངས་སྤྱོད་པར་བྱའོ། །ཚེ་དབང་རྒྱས་པ་ནི་གུ་རུ་ཀུན་དགའ་བསྟན་འཛིན་སོགས་གཏེར་གཞུང་ཉིད་ལས་གདའ་ཚུགས་ལ་ཁ་མ་སབ་པར་


CMR007_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བ་དེ་ལྟར་ཡང་ལེགས། ཀཿཐོག་སོགས་ནས་མང་དུ་སབ་ནས་དབང་སྤྱི་ལྟར་ཆ་ཚང་བ་མཛད་འདུག་པས་དེ་ལྟར་འདོད་ན་ཀཿཐོག་ལྷ་ཕ་བླ་མའི་ཟིན་བྲིས་ལ་ལྟ་བར་བྱོས་ཤིག་གཏོར་དབང་ལ་འཁྲུགས་ཅུང་ཟད་ཡོད་པ་ལེགས་པར་སྤྱད་ན་ཤེས་པར་ཡོད་ཅིང་། གསང་དབང་སོགས་ལ་འཁྲུགས་མེད་གཞུང་ལྟར་ལས། རྒྱས་པར་དབང་བཤད་སྤྲོ་ན། རིག་ཤེས་བྱའི་དོན་ལ་ཁྲིད་ཐམས་ཅད་ཀྱི་གནད་འགག་ཚང་བར་ཡོད་པས་ཁམས་ཤིན་ཏུ་ཆེ་སྟེ། གསང་སྔགས་ཀྱི་སྡོམ་པ་ཆེན་པོ་ཡིན་པས་ལེགས་པར་ལྟ་ཞིང་གོ་བ་ལེགས་པ་གལ་ཆེ་བ་ཡོད་དོ། །འདི་ཡི་བཀའ་སྲུང་ནི་དགེ་བསྙེན་མཁའ་རི་དང་བསྙོ་ཁ་དང་སྤུ་གྲི་མཆེད་གསུམ་རྣམས་ལ་སྒྲུབ་པ་དང་དབང་ཆོས་སྤེལ་དུས་གཏོར་མ་རེ་འབུལ་བ་དང་། རྒྱུན་ཏུ་སྔགས་བསྔོས་རེ་བྱས་པས་བར་ཆད་སེལ་ཞིང་བཀྲ་ཤིས་ལ། དེ་ལྟར་མ་བྱས་ན་གཉེར་པ་ལ་མ་དྲིས་ནས་ཆས་ཀ་ལ་ལོངས་སྤྱོད་པ་ལྟར་མཁུ་ལྡོག་འབྱུང་བས་དེ་དོན་ཤེས་པར་བྱ་བ་གནད་དམ་པའོ། །ལར་ཚེ་སྒྲུབ་འདི་ནི་ཤིན་ཏུ་ཟབ་ཅིང་ཡོངས་སུ་གྲགས་པ་ཡིན་ལ། སྔགས་ལ་ཨཱ་ཡུ་ཤེ་དང་ཨཱ་ཡུ་ཥེ་ཞེས་ཡིག་ཆ་གཞུང་རྣམས་སུ་བྱུང་ལ། གཏེར་ཡིག་བརྡ་སྔ་འགྱུར་དང་མཐུན་པ་ལ། ཕྱིས་དཔེ་ལ་


CMR007_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལར་ཨ་ཡུ་ཥ་ཞེས་བརྡའ་གསར་མ་འདྲ་བ་བྲིས་གདའ་བ་ལ་ཨུ་ཏེ་བཟླ་མཁན་འགའ་རེ་ཚེ་རིང་པོར་མ་བྱུང་། དེས་ན་གཏེར་མ་རང་རྐང་ལྟར་ཨཱ་ཡུ་ཤེ་དང་ཛི་བཱིནྡྲི་སོགས་ཟབ་པ་ལེགས།་ཨཱ་ཡུ་ཥ་དང་ཛི་ཁཱིན་སོགས་ལེགས་སྦྱར་དང་མཐུན་པ་ལེགས་ཏེ། རྙིང་མ་སྔགས་ཕལ་ཆེར་སཾ་སྐྲྀ་ཏ་ཡི་སྐད་ཡིན་པར་ངེས་པ་མེད་པའི་ཕྱིར། ཆུ་ཡི་སྙིང་པོ་ཚྭ་ཡིན་པས་ཞེས་པ་ཚྭ་ཡིན་པ་དང་། ས་ཡི་སྙིང་པོ་གསེར་ཡིན་པས། ཞེས་པ་ཤ་ཡིན་པ་ཟེར་བ་ཡིག་རྙིང་ལ་ལར་སྣང་བས་བསྒྱུར་བ་ཡང་མི་འགལ་སེམས། ཞེས་པ་རྡོ་རྗེ་འཛིན་པ་ཕྲ་བྷའི་མཚན་གྱིས་བསྐུལ་བའི་ངོར། ཨ་རཱ་གས་འཕྲལ་དུ་བྲིས་པའོ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚེ་སྒྲུབ་གསང་བ་འདུས་པ་ལས་ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་རྒྱུན་ཁྱེར་འདོན་ལུགས་དང་ཟིན་བྲིས་ཞིབ་ཏུ་ཡོད་པ་འདི་རྣམས་བླ་མ་པདྨས་བསྐུལ་བ་ལྟར་ཀརྨ་ཆགས་མེད་ཀྱིས་གནང་བ།next