Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་གསང་བ་འདུས་པའི་ལྷན་ཐབས་འཆི་བསླུ་ཆི་བདག་ཞགས་གཅོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་གསང་བ་འདུས་པའི་ལྷན་ཐབས་འཆི་བསླུ་ཆི་བདག་ཞགས་གཅོད།next

ཚེ་སྒྲུབ་གསང་བ་འདུས་པའི་ལྷན་ཐབས་འཆི་བསླུ་ཆི་བདག་ཞགས་གཅོད།


CMR007_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་བ་འདུས་པའི་ལྷན་ཐབས་འཆི་བསླུ་ཆི་བདག་ཞགས་གཅོད་བཞུགས་སོ།།


CMR007_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཨཱ་ཡུ་སིདྡྷི་ཧཱུཾ། འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཚེ་སྒྲུབ་གསང་བ་འདུས་པའི་ལྷན་ཐབས་སུ། །ཨ་ཏི་བཀོད་པ་ཚེ་སྒྲུབ་རྡོར་ཕྲེང་སོགས། །རྫོགས་ཆེན་ཀུན་གྱི་དོན་བསྡུས་འཆི་བསླུ་བྲི། །འབྱུང་བའི་འཁོར་ལོ་དཔེའུ་རིས་ལྟར་བྲི། །ཕྱོགས་བཞི་དབུས་ལྔར་འགོད་ལ་སོ་སོ་ཡི། །ལྷ་མོ་ཐིམ་དམིགས་སོ་སོའི་ཡིག་འབྲུ་རེ། །ལོ་གྲངས་བརྗོད་པས་ཕུས་བཏབ་རྟེན་འབྲེལ་སྙིང་། །བརྗོད་ཅིང་མེ་ཏོག་འཐོར་བས་རབ་གནས་ཏེ། །རང་མདོག་སྐུད་པས་བཅིངས་ལ་ག་འུར་བཅུག །རང་མདུན་གཞི་སྟེང་འདབ་བརྒྱད་ཕྱོགས་ལྟར་བཀོད། །གའུ་དབུས་མའི་མདུན་དུ་མཚམས་བཞི་རུ། །ལྷ་མོ་སོ་སོའི་གཏོར་མ་ལྔ་པོ་བཀོད། །དེ་རྒྱབ་མཆོད་པ་སྣ་བདུན་སྐོར་བཤམ་བྱ། །དེ་ཡི་རྒྱབ་ཏུ་སྣོད་ནི་ཆེན་པོའི་ནང་། །


CMR007_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྣ་མེ་སྣ་ས་སྣ་ཆུ་སྣ་ལྔ། །སེམས་ཅན་རིགས་མི་གཅིག་པ་མང་པོ་ཡི། །ཁ་ཆུ་ཁ་རླངས་ལ་བསྒྲེས་ཟན་ཆེན་པོས། །ཤིང་ཤུན་ནམ་ནི་སོག་མ་བཅིངས་པ་ལ། །ཟན་གྱིས་བསྣུམས་ཏེ་ངར་མི་གྲུ་གང་བཅའ། །མིག་གཉིས་རཾ་གཉིས་རྣ་བར་ཡཾ་གཉིས་དང་། །ཁ་ལ་བོ་གཅིག་ལྕེ་ལ་ལོ་གཅིག་དང་། །སྙིང་གར་ཨེ་གཅིག་བྲིས་པའི་ཤོག་དྲིལ་བཅུག །བསྲུང་བྱའི་མཆིལ་སྣབ་སྐྲ་སེན་དྲི་མ་དང་། །དྲི་ཆེན་དྲི་ཆུ་འབྲུ་སྣ་རིན་ཆེན་ཕྱེ། །བསྲེས་པའི་ཟན་ལ་ངར་མི་དཀར་སེར་དམར། །ལྗང་གུ་ནག་པོ་ཁྲ་བོ་དྲུག་བྱ་སྟེ། །རང་རང་མདོག་མཚུངས་གཏོར་མའང་མདུན་དུ་བཞག །དྲུག་པོ་ངར་མི་ཆེ་བ་ལ་བསྐོར་ཏེ། །དེ་དག་འཇིམ་པ་ལས་ནི་བཅས་ཀྱང་རུང་། །མགོ་ལ་འདྲེ་བྱ་གང་རྙེད་སྤུ་བཙུགས་ཤིང་། །དར་ཚོན་བལ་ཚོན་རང་མདོག་ལྗང་


CMR007_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བཙུགས། །ལུས་ལ་དར་རམ་སྣམ་རས་རང་མདོག་བཀོན། །དེ་རྒྱབ་ངར་ཆུང་གཏོར་ཆུང་ཆངས་བུ་རྣམས། །བསྲུང་བྱ་དེ་ཡི་ལོ་གྲངས་བསྐོར་བར་བྱ། །འབྲུ་སྣ་ཟས་ཕུད་བཏབ་ལ་ཆུ་གཙང་བྲན། །ཚེ་ཡི་ལས་བྱང་བསྟོད་པ་ཡན་ཚར་རྗེས། །འདི་ཉིད་འདོན་སྒོམ་སྦྲགས་པས་འཐུས་པ་ཡིན།། ཧཱུྃ། བཅོམ་ལྡན་ཤཱཀྱ་ཐུབ་པའི་བྱིན་རླབས་དང་། །ཐལ་མོ་ཁང་སྟོང་ཨ་དཀར་འོད་ཟེར་གྱིས། །གླུད་གཏོར་ཉེས་སྐྱོན་དྲི་མ་དག་པར་གྱུར། །ཨོཾ་སྭ་བྷ་ཝ་སོགས། ཧཱུྃ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བ། །སྟོང་གསུམ་ཙམ་གྱི་ནང་དུ་ཁཾ་ཡིག་ལས། །ངར་གྱི་མི་ཆེན་ཁོག་སྟོད་གསེར་ལས་གྲུབ། །ཁོག་སྨད་གཡུ་དང་རྐེད་པ་མཆོང་ལས་གྲུབ། །ལག་པ་གསེར་དངུལ་རྐང་པ་ཟངས་དང་ལྕགས། །ཞོ་ཤའི་སྙིང་དང་མུ་ཏིག་ཀླད་པ་དང་། །ལུང་ཏང་མིག་ལ་ཟེར་མོའི་སྒྲོ་ཡི་སྒྲ། །བྱུ་རུའི་ལྗགས་ལ་མགྲོན་བུའི་སོ་བྱས་པ། །ཁམས་དང་སྐྱེ་མཆེད་དབང་པོ་ཡོངས་སུ་རྫོགས། །སྨྲ་མཁས་ལྗག་ལྗག་འགྲོ་མཁས་ལྡེམ་ལྡེམ་བྱེད།་།གཅིག་ལས་བརྒྱ་སྟོང་བྱེ་བ་དུང་ཕྱུར་འཕྲོ། །སྣང་སྲིད་ལྷ་འདྲེ་བགེགས་རིགས་སྤྱན་ལམ་དུ། །མི་བས་གླུད་བཟང་ལྷ་ཡི་བུ་ཕོ་འདྲ། །གླུད་གཏོར་སོ་སོའི་ཡིད་མཐུན་འདོད་ཡོན་ལྔ། །ཟད་མེད་སྟོང་གསུམ་


CMR007_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གང་བར་གྱུར། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་བྱིན་རླབས་ཀྱིས། །མཆོག་སྦྱིན་ཕྱག་རྒྱ་ཏཱཾ་སེར་འོད་འཕྲོས་པས། །མགྲོན་རྣམས་ཀུན་ལ་ཟད་མེད་ལོངས་སྤྱོད་གྱུར། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷཿསརྦ་ཐཱ་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཅོམ་ལྡན་སྣང་བ་མཐའ་ཡས་བྱིན་རླབས་ཀྱིས། །པདྨའི་ཕྱག་རྒྱ་ཧྲཱིཿདམར་འོད་ཟེར་འཕྲོས། །གླུད་གཏོར་འཆི་སོས་སྨན་གྱི་བདུད་རྩིར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བཅོམ་ལྡན་དོན་ཡོད་གྲུབ་པའི་བྱིན་རླབས་ཀྱིས། །སྐྱབས་སྦྱིན་ཕྱག་རྒྱ་ཧ་ལྗང་འོད་ཟེར་གྱིས། །བསྔོས་པ་ཙམ་གྱིས་མགྲོན་རྣམས་ཚིམ་པར་གྱུར། །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། བཅོམ་ལྡན་མི་བསྐྱོད་པ་ཡི་བྱིན་རླབས་ཀྱིས། །ས་གནོན་ཕྱག་རྒྱ་ཧཱུཾ་སྔོན་འོད་ཟེར་གྱིས། །འཐབ་རྩོད་ཕམ་རྒྱལ་མེད་པར་ཐོབ་པར་གྱུར། །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མས་མནྟ་སྤ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་དཱ་ཡ་ཛྭ་ལ་ནི་ཧཱུྃ། བཅོམ་ལྡན་རྣམ་པར་སྣང་མཛད་བྱིན་རླབས་ཀྱིས། །བྱང་ཆུབ་ཕྱག་རྒྱ་ཨོ་དཀར་འོད་ཟེར་འཕྲོས། །མགྲོན་རྣམས་


CMR007_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་དབང་དུ་འདུས་པར་གྱུར། །ཨོཾ་ན་མཿས་མནྟ་བུདྡྷཱ་ནཾ་གྲ་ཧེ་ཤཱ་རི་པྲ་བྷཉྫཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། རང་ཉིད་ཚེ་དཔག་གནས་འགྱུར་རྟ་མགྲིན་སྐུ། །རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད། །ཁྲོ་ཆས་ཡོངས་རྫོགས་གྲི་གུག་ཐོད་ཁྲག་བསྣམས། །མེ་དཔུང་ཀློང་བཞུགས་དྲེགས་པ་ཟིལ་གནོན་གྱུར། །ཨོཾ་ཧ་ཡ་གྲི་ཝ་ཧཱུྃ་ཕཊ། ཧཱུྃ། སྤྲུལ་པའི་ཡཀྵ་མེ་དབལ་ཚོགས། །ཕྱོགས་ཀྱི་ས་གནས་ཇི་སྙེད་པའི། །འབྱུང་པོ་ཐམས་ཅད་ཁྲིད་ཤོག་ཅེས། །གནོད་སྦྱིན་གྱི་ནི་སྡེ་དཔོན་ཀུན། །ཕྱོགས་བཞི་དག་ཏུ་བཀྱེ་བར་གྱུར། །གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང་། །ཚངས་དབང་དང་ནི་འཇིག་རྟེན་སྐྱོང་། །གནོད་སྦྱིན་སྡེ་དཔོན་དབང་ཕྱུག་དང་། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང་། །འཕྲོག་མ་བུ་དང་བཅས་པ་དང་། །དེ་དག་མཐུ་དང་གཟི་བརྗིད་ཀྱིས། །ཚེ་དང་སྲོག་ལ་གནོད་བྱེད་ཅིང་། །གནོད་ཅིང་འཚེ་བའི་གདོན་གྱི་ཚོགས། །དེ་དག་རྣམས་ནི་སྐད་ཅིག་གིས། །བཅིངས་པ་ལྔ་ཡིས་བཅིངས་ཤིང་བཀུག །བཀའ་ཉན་གསུང་སྡོད་བྱེད་པར་གྱུར། །ཏྲི་བཛྲ་ཨཾ་ཀུ་ཤ་ཛ༔ ཛཧཱུཾ་བཾ་


CMR007_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ༔ ཧཱུྃ། སྔོན་ཚེ་ཐུབ་དབང་གསང་བདག་དང་། །རྟ་མགྲིན་པད་འབྱུང་སྤྱན་སྔ་རུ། །ཁས་བླངས་དམ་བཅས་དྲན་མཛོད་ལ། །གླུད་གཏོར་འདི་ནི་ལེན་པར་གྱིས། །རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །གླུད་གཏོར་འདོད་ཡོན་ཟད་མེད་འདི། །ཚེ་དང་སྲོག་ལ་གནོད་བྱེད་པའི། །གདོན་གྱི་རིགས་གྱུར་ཀུན་ལ་འབུལ། །ཐམས་ཅད་ངོམས་ཤིང་ཚིམ་གྱུར་ཅིག །ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། ཨོཾ་སརྦ་བིགྷཱན་ས་པཱ་རི་ཝཱ་ར་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི། བདུན། ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ བྱང་ཆུབ་སྒྲུབ་ལ་མི་དགའ་ཞིང་༔ ལུས་སེམས་སྦྱོར་བ་ངན་པ་ཡི༔ མི་ལ་གནོད་ཅིང་འཚེ་བྱེད་པ༔ ཚེ་ལ་རྐུ་ཞིང་སྲོག་ལ་འཇབ༔ གཤེད་དང་ལྕག་དང་བླ་ཁྱེར་བྱེད༔ འབྱུང་པོའི་རིགས་ནི་གང་ཡང་རུང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང་༔ ནད་ཡམས་དལ་གྱི་བདག་མོ་སོགས༔ ཚེ་དང་སྲོག་ལ་གནོད་བྱེད་པའི༔ བདུད་སྡེ་དཔུང་དང་བཅས་པ་རྣམས༔ ལན་ཆགས་གླུད་གཏོར་


CMR007_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལོངས་ཤིག༔ མཐུ་བོ་ཆེ་ལ་སྟོབས་པོ་ཆེ། གཤིན་རྗེ་གཤིན་རྗེའི་ཕོ་ཉ་དང་། །བདུད་རྣམས་སྡེ་དང་བཅས་པ་རྣམས། །གནོད་སྦྱིན་བྱེ་བའི་གཡོག་འཆང་བ། །གནོད་སྦྱིན་དེ་མིང་འཕྲོག་པོ་ཡིན། །ཤ་རི་ཏ་ནི་སྡེར་བཅས་དང་། །རི་ཡི་བུ་མོ་སྟེར་བཅས་དང་། །རི་ཡི་བུ་མོ་གནོད་སྦྱིན་མོ།།གཟི་བརྗིད་ཆེན་པོ་འཇིགས་པའི་གཟུགས། །འཕྲོག་མ་ཞེས་ཀྱང་གྲགས་པ་དང་། །གདོལ་པ་མོ་དང་གཏུམ་མོ་དང་། །བུ་རྣམས་ལྔ་བརྒྱས་བསྐོར་བ་དག །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །མི་རྡུང་ནག་པོ་ཀརྐ་སྟེ།་།པདྨ་དང་ནི་པདྨ་ཅན། །མེ་ཏོག་སོ་དང་ས་ག་དང་། །སྲིན་མོ་བོང་བུའི་རྣ་ཅན་དང་། །ཙན་དན་དང་ནི་ཁྱབ་འཇུག་ལེན། །སེང་གེ་སེར་སྐྱ་དམར་སེར་པོ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །གླང་པོ་ཀླུ་ཡི་སོ་ཅན་དང་། །རི་བཤེས་དྲག་པོའི་མཆེ་བ་ཅན། །སྲིན་མོ་སོ་བཟང་ཡོད་པ་དང་།ཚངས་པ་ལེན་དང་ཁྱབ་འཇུག་ལེན། །གནོད་སྦྱིན་ཧ་ལ་ཧ་ལ་དང་། །གནོད་སྦྱིན་གནམ་སའི་མཆུ་ཅན་དག །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །མདུང་དང་མདའ་གཞུ་ཀུན་ཐོགས་ཤིང་། །མི་རྟ་བ་ལང་རི་


CMR007_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་རྣམས། །ཟ་ཞིང་འཚེ་བ་དེ་དག་ནི། །ཕྱོགས་རྣམས་ཀུན་ཏུ་རྒྱུག་ཅིང་འདོང་། །ས་འདི་རབ་ཏུ་གཡོ་བར་བྱེད། །ནགས་ཚལ་རྣམས་ཀྱང་རབ་ཏུ་སྐྱེམས། །རི་རྣམས་ཀུན་ནས་གཡོ་བར་བྱེད། །སྐྱེ་དགུ་འདི་དག་འཚེ་བྱེད་ཅིང་། །ཕན་ཚུན་ནས་ནི་འདུ་བ་དག །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །འབྱུང་པོ་གནོད་སྦྱིན་ལུས་པོ་ཆེ། །ལག་པ་བཞི་པ་མ་རུངས་པ། །རྐང་མང་དང་ནི་རྐང་གཅིག་པ། །རྐང་པ་བཞི་པ་རྐང་གཉིས་པ། །རྐང་པ་བསྒྲེང་ལ་སྤྱིའུ་ཚུགས་དང་། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ལུས་མང་མགོ་བོ་གཅིག་པ་དང་། །ལུས་གཅིག་པ་ལ་མགོ་བཞི་པ། །མིག་མང་པོ་ལ་ལུས་ཕྱེད་དང་། །མིག་གཅིག་ལྟོ་ནི་བཅུ་གཉིས་རྣམས། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །བོང་བུ་རྔ་མོང་གླང་ཆེན་མགོ །ལག་པ་བསྒྲེང་ལ་མགོ་བཏུད་དང་། །མཚོན་ཆའི་སོ་དང་མཚོན་ཆའི་ལག །མཚོན་ཆའི་རྐང་པའི་སྲིན་པོ་རྣམས། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ཟངས་ཀྱི་སྐུ་དང་ལྕགས་ཀྱི་སོ། །ཟངས་ཀྱི་མིག་དང་ཟངས་ཀྱི་ལག །ཟངས་ཀྱི་ཐོ་བའི་རྐང་རྣམས་དང་། །


CMR007_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་ཀྱི་སྣ་དང་ལྕགས་ཀྱི་ཁ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །རྐང་ལག་ཀུན་ཏུ་འབར་བ་དང་། །མི་ཡི་ལུས་སུ་གནས་པ་རྣམས། །སྐུར་ཞར་ལྔ་བ་གསུམ་ཡོད་པ། །མིག་མི་སྡུག་པ་ཁ་གླལ་བ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ཆུ་སྲིན་སྟག་གི་གཟུགས་དང་ནི། །གཟུགས་མི་སྡུག་པ་ཁ་རལ་པོ། །མཆུ་འཕྱངས་པོ་ལ་སོ་ཡོན་པོ། །རབ་ཏུ་གཏུམ་པོ་ཁྲོ་གཉེར་ཅན། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །གསུས་པོ་ཆེ་དང་བུམ་རྣ་བོ། །རྣ་འཕྱངས་པ་དང་རྣ་བ་མེད། །ལག་རིང་དང་ནི་རྣ་བ་རིང་། །སྣ་ཡི་རྩེ་དང་ལག་རྩེ་རིང་། །ལུས་སྐེམ་ལུས་ནི་རིང་བ་དང་། །སྐྲ་རིང་རབ་ཏུ་བརྒྱན་པ་དང་། །རྐང་པ་མིད་པ་ཕྲ་བ་དང་། །དྲི་ང་བ་ལ་བུམ་ལྟོ་བ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ཡན་ལག་ཆུ་སྲིན་འདྲ་བ་དང་། །གཏུན་ཤིང་ཐོ་བ་འདྲ་བའི་ལྟོ། །གནམ་ལྟོ་བོ་ལ་རྣ་བོ་ཆེ། །གྱེན་དུ་བརྗེས་དང་སྐྱ་རོལ་དམར། །མགོ་བོ་ཆེ་ལ་གཞུ་མགྲིན་པོ། །སྐེམ་པོ་སྒུར་པོ་བུམ་ལྟོ་བ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །རི་རབ་རྩེ་མོ་བསྒུལ་ནས་སུ། །མེ་མདག་གི་ནི་ཆར་པ་འབེབས། །


CMR007_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོན་ཤིང་རི་དང་རྡོ་བ་དང་། །སྤྲིན་གྱི་ཚོགས་ཀྱི་མདོག་འདྲ་བ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །དུང་དང་རྔ་ཆེན་རྡོ་རྔ་དང་། །གྲུལ་བུམ་རྔ་ཕྲན་རྣམས་ཀྱི་སྒྲ། །འཇིགས་པའི་སྒྲ་ནི་རབ་ཏུ་འབྱིན། །མིང་པོ་ཆེ་ལ་བོང་བུའི་སྒྲ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ནག་པོ་སྔོན་པོ་སེར་པོ་དང་། །དམར་སེར་མེ་ལྟར་དམར་བ་དང་། །ཁབ་འདྲའི་སྤུ་དང་རལ་གྲིའི་སྒྲ། །དམར་པོ་ཁྲག་གིས་བསྐུས་པ་རྣམས། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །མི་རོ་དག་ནི་ཁྱེར་ནས་སུ། །ཟ་བཞིན་དུ་ནི་རྣམ་པར་རྒྱུག །སོ་གནོན་ལག་པ་དམར་པོ་དང་། །མཆུ་ནི་ཁྲག་གིས་བསྐུས་པ་དང་། །ལུས་ཕྱེད་དག་ནི་ཟོས་པ་དང་། །མཁལ་མ་སྙིང་དང་ནང་ཁྲོལ་གྱིས། །སྙེམ་པ་ཤིན་ཏུ་བཀང་བ་དག །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །བྱིས་པ་དག་ནི་ཟ་བཞིན་དུ། །མེར་མེར་པོ་དང་སྲོག་ཆགས་ཀྱི། །རྐང་ལག་རྣམས་ཀྱི་སྟོབས་ཀྱང་འཕྲོག །ཀེང་རུས་ཀྱིས་ནི་ལུས་ཀྱི་སུ། །སྐྱེ་བོ་མང་པོ་སྐྲག་པར་བྱེད། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ཁྲག་གིས་རབ་ཏུ་གང་བ་ཡི། །མི་ཡི་པགས་པ་ཐོགས་


CMR007_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སུ། །མི་བཟད་དུག་གིས་ཀུན་བསྐུས་ཏེ། །ཕྱོགས་ཕྱོགས་དག་ཏུ་རྣམ་པར་རྒྱུག །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །གྲོང་ཁྱེར་རྣམས་ཀྱི་སྒོ་དག་དང་། །ཁྱིམ་དང་ཁྱིམ་དུ་རྣམ་པར་འཐོར། །རླུང་དང་མཁྲིས་པ་བད་ཀན་རྣམས། །ཕྱོགས་བཞི་དག་ཏུ་འཁྲུག་པར་བྱེད། །དེ་ལྟར་དེ་ན་རྒྱལ་པོ་ཡི། །གདོན་དང་འཇིགས་པ་ཆེན་པོ་རྣམས། །ལྷག་པ་དེ་དག་ཐམས་ཅད་ཀྱང་། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ཕོ་བྲང་འཁོར་དུ་རྒྱུ་བ་ཡི། །གནོད་སྦྱིན་མ་རུངས་མདངས་འཕྲོག་པ། །སྙིང་རྗེ་མེད་ཅིང་ཁྲག་འཐུང་བ། །ལུས་ཆེན་འཇིགས་པ་ཆེན་པོ་སྟེ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །སྟོབས་པོ་ཆེ་ལ་སྒྲ་ཡང་ཆེ། །མགྲིན་བཅུ་པོ་ལ་མིག་སྟོང་པོ།། གདོན་ཆེན་མིག་ནི་དམར་པོ་རྣམས། །འཁོར་ནི་མང་པོ་རྣམས་བཏང་སྟེ། །ལག་ན་མཚོན་ཐོགས་རབ་ཏུ་འཇིགས། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །སྦྲུལ་གྱི་ཞགས་པ་ཐོགས་པ་དང་། །ལག་བཞི་ལག་ན་སྒྲོན་མེ་ཐོགས། །ལག་ན་མཚོན་དང་དབྱིག་པ་ཐོགས། །རྡོ་རྗེ་མདུང་རྩེ་ལག་ཐོགས་པས། །རབ་ཏུ་དྲག་པོའི་དམག་བསྒྲིལ་


CMR007_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཕྱོགས་ཀུན་ཏུ་ནི་རྒྱུག་པར་བྱེད། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །སྡང་བའི་གནས་ན་འཁོད་པ་ཡི། །གསང་བ་པོ་ནི་དེ་ཀུན་ཀྱང་། །མི་ཡི་འཇིག་རྟེན་འདི་དག་ཏུ། །སྐྱེས་པ་བུད་མེད་གཞན་ཡང་འཛིན། །ཤ་ཁྲག་དྲོན་མོར་བཅས་པ་ལ། །རྣམ་པར་འཁྲུགས་ཤིང་འདོད་པའི་གཟུགས། །སེང་གེ་དང་ནི་སྟག་དང་རྟ། །མ་ཧེ་བ་གླང་བོང་བུ་རྟ། །གླང་པོ་ཆེ་ཡི་གཟུགས་འདྲ་དང་། །དོམ་དང་གཟིག་དང་སྤྱང་ཀི་དང་། །ཁྱི་དང་ཝ་དང་རི་དྭགས་དང་། །བྱི་བ་བྱི་ལ་སྤྲེའུའི་གཟུགས། །བསེ་དང་ཕག་དང་སྲེ་མོང་དང་། །ཉ་དང་རུས་སྦལ་དག་གི་གཟུགས། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ཁ་ཅིག་དག་ནི་སྲམ་གྱི་གཟུགས། །ལྭ་དང་འུག་པ་ཁུ་བྱུག་དང་། །བྱ་རྒོད་ཁྲ་དང་ཉ་མིད་བཅས། །རྨ་བྱ་ངང་པ་ཐི་བ་དང་། །ཁྲུང་ཁྲུང་དང་ནི་བྱ་རྣམས་དང་། །ཁ་ཅིག་བྱ་གག་གཟུགས་རྣམས་སུ། །གནོད་སྦྱིན་རྣམས་ནི་མི་ཡིས་མཐོང་། ལན་ཆགས་གླུད་གཏོར་འདི་ལོངས་ཤིག །འདབ་བཟང་བྱ་ཡི་གཟུགས་ཀྱིས་ཀྱང་། །སྐྱེ་བོ་མང་པོ་སྐྲག་པར་བྱེད། །ཁ་ཅིག་མི་ཡི་མགོ་ཅན་ལ། །ལུས་ནི་བྱ་


CMR007_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གག་བོང་བུ་འདྲ། །ཁ་ཅིག་མཚོན་གྱི་རབ་ཏུ་འཚེ། །ལུས་དང་བྲལ་བ་དག་ཏུ་སྣང་། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །རྣམ་པར་འཁྲུགས་ཤིང་འདོད་ལ་མོས། །རྒྱུ་མའི་ཕྲེང་བས་ཀུན་ཏུ་དཀྲི། །རྩེ་གསུམ་མདུང་གིས་རབ་འདེབས་ཤིང་། །སྲོག་ཆགས་ལ་ནི་གནོད་པར་བྱེད། །མི་བཟད་གདུག་པའི་དབུགས་འབྱིན་ཅིང་། །སྐྱེ་དགུ་འདི་དག་སྐྲག་པར་བྱེད། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །སྲོག་ཆགས་རྒྱུད་ནི་ཇི་སྙེད་པར། །སྣ་ཚོགས་ཀྱི་ནི་གཟུགས་སུ་སྣང་། །ཁ་ཅིག་དག་ནི་རི་ཡང་ཐོགས། །ལ་ལ་རལ་གྲི་འཁོར་ལོ་ཐོགས། །གྲངས་ནི་བརྒྱ་ཕྲག་སྟོང་རྣམས་ཏེ། །དབྱུག་པས་བསྡིགས་ཤིང་ཁ་དྲག་པོ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །མིག་ཕྱུང་བ་ལ་བཞིན་མི་སྡུག །སྲིན་པོ་སོ་ནི་རྣོ་བ་དང་། །སྣ་དང་རྣ་བ་བཅད་པ་དང་། །ལྕེ་ཆད་གདོང་ནི་གཉེར་མ་ཅན།། །རྐང་ལག་དག་ནི་གཏུབས་པ་དང་། །མགོ་བོ་བཅད་པའི་སྲིན་པོ་རྣམས་། །སྐབས་ནི་རབ་ཏུ་འཚོལ་བར་བྱེད། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །སྡིག་པ་ཅན་རྣམས་གཟི་བྱིན་འཕྲོག །ཡི་དྭགས་ཀྱི་ནི་ལུས་རྣམས་ལ། །རབ་ཏུ་


CMR007_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་བའི་གདོན་རྣམས་དང་། །སྤུ་ཡི་བར་དང་གནད་རྣམས་དང་། །དེ་བཞིན་རྨ་ཡི་ཁ་རྣམས་སུ། །ལྷག་པ་དེ་དག་ཐམས་ཅད་ཀྱང་། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ཐམས་ཅད་ངོམས་ཤིང་ཚིམས་པར་མཛོད། །དེ་ནས་རྫོགས་ཆེན་རྒྱུད་གཞུང་མང་པོ་ནས། །གསུངས་པའི་ཚིག་རྐང་འདི་ཉིད་བརྗོད། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས་། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག །ཀློད་དང་གྲོལ་དང་ཞི་བར་མཛོད། །ངར་མི་རེ་ལ་གསུམ་རེ་སྟེ། །ལོ་གྲངས་སུམ་འགྱུར་བརྗོད་པར་བྱ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་ནི། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་ངེས་པར་གྲོལ། །


CMR007_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་མེད་ཅིང་གནས་མེད་ཅིང་། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ལ་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེས། །རྒྱན་གྱིས་བརྒྱན་པར་བྱས་ཤིང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤང་བ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། །འཚོ་བའི་ཟས་ལ་ཀུན་ཀྱང་འདུ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །དྲི་ཟའི་གདོན་གྱིས་བཏབ་པ་ན། །གླུ་དབྱངས་ལེན་ཅིང་བྲོ་བརྡུང་སྟེ། །རྒྱན་རྣམས་ལ་ནི་དགའ་བར་བགྱིད། །བསྐམ་པ་མ་མཆིས་མང་བར་སྨྲ། །རྒོད་པར་བརྗིད་ཅིང་ཁྲོ་བར་འགྱུར། །སྐེམ་པར་འགྱུར་ལ་མིག་དམར་ཏེ། །རྟག་ཏུ་རིམས་ཀྱིས་འདེབས་པར་བགྱིད། །མིག་ཀྱང་འབྱེད་པར་མི་བགྱིད་དེ། །རྒྱབ་ཀྱིས་ཕྱོགས་ཤིང་ཉལ་བར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་


CMR007_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །གྲུལ་བུམ་གདོན་གྱིས་ཟིན་པ་ན། །ཤིན་ཏུ་སྐོམ་པས་འདེབས་པར་འགྱུར། །གཡེང་བས་བཏབ་ཅིང་ལྟ་བར་འགྱུར། །བཞིན་ཡང་དམར་པོར་དགའ་བར་འགྱུར། །བསྐུམ་ནས་དོགས་སར་ཉལ་བར་འགྱུར། །ཁ་དོག་ངན་ཅིང་ལུས་ཀྱང་སྐེམ། །སྐྲ་དང་སེན་མོ་རིང་བ་སྟེ། །དྲི་མ་ཅན་ལ་དྲི་མི་བདའ། །བརྫུན་དང་རྒྱལ་ཁ་སྨྲ་བར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །ཀླུ་དང་འདབ་བཟང་གདོན་གྱིས་ནི། །སྐྱིག་བུས་འདེབས་ཤིང་དབུགས་ཀྱང་འབྱིན། །དེ་བཞིན་དབུགས་ཀྱང་གྲང་བར་འགྱུར། །རྡུལ་ཞིང་དབུ་བ་ཁ་ཆུ་འབྱུང་། །ཕྱི་ཕྱིར་གཉིད་ཀྱང་ལོག་པར་འགྱུར། །ཁ་དོག་ལྡན་ཞིང་དཔའ་བ་སྟེ། །དེ་བཞིན་འདར་ཞིང་རྒྱུག་པར་འགྱུར། །སེན་མོ་དག་ཀྱང་སྟོན་པར་བགྱིད། །དོགས་སར་མཆིས་ཤིང་དུ་བར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །གནོད་སྦྱིན་གདོན་གྱིས་བཏབ་པ་ན། །ཕྱི་ཕྱིར་རྒོད་ཅིང་འཇིགས་པར་འགྱུར། །སྨྲ་བར་བགྱིད་ཅིང་ཁྲོ་བར་འགྱུར། །དེ་ནི་གཉིད་


CMR007_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ལོག་པར་འགྱུར། །ཡང་ན་ཤིན་ཏུ་བྲོ་འཚལ་འགྱུར། །རྟག་ཏུ་གྱེན་ཏུ་ལྟ་བར་འགྱུར། །སྐུར་མ་དག་ལ་སྙེགས་པར་བགྱིད། །ནུབ་མོ་ཤིན་ཏུ་དགའ་བར་འགྱུར། །རྟག་ཏུ་འདར་ཞིང་སྒྲ་འབྱིན་ཏེ། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །གདོན་རིགས་ཁྱེད་རྣམས་འཁྱམས་བགྱིད་ཅིང་། །ཕྱོགས་བཅུ་དག་ཏུ་འཇིགས་པ་བསྐྱེད། །བུད་མེད་དག་དང་སྐྱེས་པ་དང་། །དེ་བཞིན་ཁྱེའུ་བུ་མོ་དང་། །མངལ་ན་གནས་པའང་འཇིགས་པར་བགྱིད། །དུད་འགྲོའི་སྐྱེ་གནས་གཏོགས་པའང་འཚེ་། །སྐར་མ་དག་དང་ཉི་ཟླ་དང་། །གཏུམ་པའི་གཟའ་རྣམས་གནོད་པར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་དེ་འདྲའི་གནོད་མ་བྱེད།། །ལོ་ཏོག་ས་བོན་འབྲས་བུ་དང་། །མེ་ཏོག་སྨན་དང་ཟས་སྐོམ་དང་། །མི་རྣམས་ཀྱི་ནི་དཔལ་འཕྲོག་ཅིང་། །མཐོན་པོ་རྣམས་ཀྱང་དམའ་བར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ཁྱེར་ལ། །ཕྱིན་ཆད་དབང་ཐང་མ་འཕྲོག་ཅིག །འཇིག་རྟེན་དག་ན་ནོངས་པ་རྣམས། །དམག་དང་འཐབ་མོ་ཤ་གཉེར་དང་། །ཚིག་གི་ཞིག་གམ་གསད་ཕྱེ་དང་། །དེ་ཀུན་འབྱུང་


CMR007_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གནོད་པར་གྱུར། །སྦེད་ཅིང་སྟོན་པར་བགྱིད་པ་དང་། །བཟློག་པར་བགྱིད་ཅིང་དགོད་པར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་དེ་ལྟར་སེམས་མ་དཀྲུགས། །འཇིགས་པར་བགྱིད་ཅིང་ལྟ་བར་བགྱིད། །དགྲར་འགྱུར་བ་ཡང་སྟོན་པར་བགྱིད། །སྡིག་པའི་རྨི་ལམ་མཐོང་བར་བགྱིད། །ཉལ་བ་དག་ལ་གནོད་པར་བགྱིད། །སྒོ་ནས་སེ་གོལ་སྒྲ་ཕྱུང་ཞིང་། །མི་སྙན་བརྗོད་དེ་ཟ་བར་བགྱིད། །མཛའ་བོ་གཉེན་བཤེས་གཟུགས་དག་ཏུ། །གདའ་ཞིང་བཀའ་མཆིད་སྨྲ་བར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་དེ་ལྟར་མ་འཚེ་ཞིག །བུ་མོ་སྡུག་གུའི་གཟུགས་དག་ཏུ། །འདོད་ལོགས་སྤྱོད་པ་དགའ་བར་བགྱིད། །ཉི་མ་སྐར་མའི་གཟུགས་དང་ནི། །ཟླ་བའི་གཟུགས་སུ་གདའ་བར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་དེ་ལྟར་ཡིད་མ་འཕྲོག །རླུང་དང་སྐར་མདའ་ལྕེ་གཟུགས་སུ། །ཚེ་ལ་གནོད་པར་དེ་དག་གདའ། །སྐར་མའི་ཚོགས་དང་འདྲ་བ་དང་། །འཇིགས་པར་བྱེད་པའི་ཝ་དང་ཁྱིར། །རྣམ་པར་སྤྲུལ་ནས་ལྗོན་ཤིང་དང་། །མཆོད་


CMR007_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དག་གི་གནས་ན་གདའ། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་གནས་འདིར་མ་འཚོགས་ཤིག །སྐྱེས་པ་གཞོན་ནུའི་གཟུགས་མཛེས་པ། །འབར་ཞིང་ཤིང་རྟའི་སྒྲ་ཡང་འབྱིན། །གནས་རྣམས་དང་ནི་ཤུལ་དག་ཏུ། །རྣམ་པ་སྣ་ཚོགས་རྗེས་ཀྱང་སྟོན། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །དེ་ལྟར་ཆོ་འཕྲུལ་མ་སྟོན་ཅིག །གྲོང་ཁྱེར་དག་དང་ཁྱིམ་རྣམས་ཀྱི། །སྒོ་ཡང་གནོད་སྦྱིན་དེ་དག་འབྱེད། །སྲོག་དང་ལུས་ཀྱང་བླང་བགྱི་ཤིང་། །ལམ་ངན་ཀུན་ཏུ་སྐོར་བར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་འཁུ་ལྡོག་མ་བྱེད་ཅིག །རྣམ་པ་སྣ་ཚོགས་གཟུགས་དག་དང་། །རྣམ་པ་སྣ་ཚོགས་སྒྲ་རྣམས་དང་། །རྣམ་པ་སྣ་ཚོགས་ནད་རྣམས་ཀྱིས། །ལུས་ལ་ན་བ་གནས་པར་སྟོན། །ནད་རྣམས་ཀུན་གྱི་མཚན་ཉིད་ཀྱང་། །ཕྱིན་ཅི་ལོག་ཏུ་སྟོན་པར་བྱེད། །ཇི་སྙེད་འཇིག་རྟེན་རང་བཞིན་དག །ཐམས་ཅད་ལོག་པར་དེ་དག་སྟོན། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཐབས་ཅད་ལོག་པར་མ་སྦྱོར་ཅིག །བདག་གིས་དེ་རིང་ཁྱོད་མཆོད་ཀྱིས། །ཁྱེད་ཅག་མགུ་ཞིང་ཚིམ་པར་གྱིས། །ལན་ཆགས་གླུད་


CMR007_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བྱིན་ནས་ཀྱང་༔ བསྒོ་བའི་བཀའ་ལ་མི་ཉན་ན༔ དབང་ཆེན་ཁྲོས་པའི་ང་རྒྱལ་གྱིས༔ རྟ་སྐད་འཚེར་ཞིང་མཚོན་ཆས་གཏུབས༔ རྡོ་རྗེ་འཛིན་ཡང་འཇིགས་ནུས་ན༔ བགེགས་ཚོགས་རྣམས་ལ་སྨོས་ཅི་དགོས༔ ལུས་ངག་ཐལ་བར་བརླག་ནས་ཀྱང་༔ སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར༔ ལེགས་པར་གསུངས་པ་འདི་ཐོས་ནས། །གལ་ཏེ་མྱུར་དུ་མི་བཏང་ན། །ཐམས་ཅད་འབར་བར་འགྱུར་བ་ནི། །མར་དང་ཡུངས་ཀར་མེར་བླུགས་བཞིན། །གནོད་སྦྱིན་ཆད་པས་བསྡིགས་ནས་སུ། །དགེ་ཞིང་བདེ་བ་མི་རྙེད་དེ། །དེ་ཡི་རྩིབ་ལོགས་གཡས་པར་ནི། །འབྲས་ཆེན་ནད་ཀྱང་འབྱུང་བར་འགྱུར། །གནོད་སྦྱིན་ནད་ཀྱིས་བཏབ་པ་ན། །ཤ་བཀྲའི་ནད་ཀྱིས་བཏབ་པར་འགྱུར། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །གཞར་ཡང་འགྲོ་བར་མི་འགྱུར་རོ། །ལུས་ངན་གྲོགས་དང་ལྡན་པ་ཡི། །ཁྱིམ་ཡང་མཐོང་བར་མི་འགྱུར་ཏེ། །འབྱུང་པོ་མང་པོ་འཚོགས་པ་ན། །སྟན་ཡང་ཐོབ་པར་མི་འགྱུར་ཏེ། །གནོད་སྦྱིན་དག་གི་དཀྱིལ་འཁོར་དུ། །ཟས་སྐོམ་དང་ཡང་བྲལ་བར་འགྱུར། །སྟོང་ཆེན་རབ་འབྱམས་མདོ་སྡེ་ལ། །


CMR007_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་གང་དག་མི་ཕྱོགས་པ། །དེ་ལ་རྡོ་རྗེ་འཆང་ཁྲོས་ཏེ། །སྤྱི་བོ་དག་ནི་འགེམ་པར་འགྱུར། །སྤུ་གྲིའི་སོ་ནི་རྩུབ་མོ་ཡིས། །དེ་ཡི་ལྕེ་ནི་གཅོད་པར་འགྱུར། །མཚོན་ཆ་ཤིན་ཏུ་རྣོན་པོ་ཡིས། །དེ་ཡི་སྣ་དང་རྣ་བ་གཅོད། །འཁོར་ལོ་སྤུ་གྲིའི་སོ་འདྲ་བས། །ཀླད་པ་རབ་ཏུ་གཤག་པར་བྱེད། །ཐོ་བ་ལྕགས་ཀྱིས་དཀྲིས་པ་ཡིས། །དེ་ཡི་སྙིང་ཡང་འཇོམས་པར་བྱེད། །རྣག་དང་ཁྲག་ནི་དྲོན་མོ་དག །དེ་ཡི་ཁ་ནས་འཛག་པར་འགྱུར། །རིག་སྔགས་ཞགས་པའི་ཆད་པ་ཡིས། །རྟག་ཏུ་འཁོར་བར་འགྲོ་བ་ནི། །འཁོར་བ་གནོད་སྦྱིན་དཀྱིལ་འཁོར་དུ། །དེ་ཉིད་དུ་ནི་འཁོད་པར་འགྱུར། །དེ་བས་མ་རུངས་གདུག་པའི་ཚོགས༔ སྐད་ཅིག་ཉིད་ལ་ཕྱིར་དེངས་ཤིག༔ དེ་ནས་གླུད་མདོས་ཁ་ཕྱིར་བསྒྱུར། །མདུན་དུ་དཀར་གཏོར་ཆུ་གཙང་བྲན། །ཧཱུྃ་ལས་རིན་ཆེན་སྣོད་དུ་ཁཾ་ཡིག་ལས། །གཏོར་མ་དཀར་གསུམ་མངར་གསུམ་བདུད་རྩིའི་མཚོ། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་གྱུར། །ཡུལ་འདིའི་ཆུ་བོ་ཆུ་མདོ་ལ་གནས་པའི། །ཀླུ་ཆེན་ཀླུ་བདུད་ཀླུ་བཙན་མཚོ་སྨན་དང་། །ཀླུ་བྲན་ཀླུ་ཐེའུ་ཀླུ་གཉན་སྔ་མ་རྣམས། །མཆོད་སྦྱིན་དཀར་གསུམ་གཏོར་མ་འདི་བཞེས་ལ། །གླུད་མདོས་ཆུ་ལ་དོར་ལ་ཕྲག་མ་དོག །ང་ཡིས་མ་ཉེས་ཀུན་ཏུ་བཟང་པོ་དང་། །ཨོ་རྒྱན་ཆེན་


CMR007_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བཀའ་ཡིན་བཟོད་པར་བཞེས། །ཨོཾ་སརྦ་ནཱ་ག་ནཱ་གི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། གཅིག་གིས་སྔོན་དུ་དཀར་གཏོར་ཁྱེར། །དེ་རྗེས་གླུད་གཏོར་དེ་ཁྱེར་ལ། །ཆུ་ཆེན་དག་གི་རྩར་སོང་ལ། །དང་པོ་དཀར་གཏོར་ཆུ་ལ་འཕོང་། །དེ་ནས་གླུད་མདོས་ཆུ་ལ་འཕོང་། །སྣོད་བཤལ་ནས་ཕྱི་མིག་མི་ལྟ་བར་ལོག་ཅེས་བསྒོའོ། །ཡོད་ན་ཐུན་རྫས་ཡམ་ཡུངས་ཀར། མེད་ན་ནས་ལྕག་བྲབ་ཅིང་། ཡོད་ན་གུ་གུལ་བདུག །སུམྦྷ་ནིའི་མཇུག་ཏུ། ཚེ་དང་སྲོག་ལ་བར་དུ་གཅོད་པའི་འབྱུང་པོ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ ལན་གསུམ་མམ་བདུན་དྲག་ཏུ་བརྗོད། རྔ་རོལ་མོ་དབྱངས་དང་བཅས། ཧཱུྃ༔ ང་ནི་འབར་བ་དབང་གི་སྐུ་ཞེས་པ་ནས་རཾ་ཧཱུྃ་ཕཊ༔ ཅེས་པའི་བར་བརྗོད་དོ། །རྔ་འུར་བརྡུང་དང་སྔགས་དེ་ལན་མང་བརྗོད་ཚེ་སྲུང་འཁོར་བསྒོམ། དེ་ནས་གའུ་མཆོད་གཏོར་བྲན་ལ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་རིན་ཆེན་གཞལ་ཡས་ཁང་། །པདྨ་ཟླ་སྟེང་ལྔ་མཚམས་དབུས་མའི་སྟེང་། །ཨེ་ལས་ནམ་མཁའི་ལྷ་མོ་དབྱིངས་ཕྱུག་སྔོ། །ཕྱག་གཡས་ཆོས་འབྱུང་ཨེ་ཡིས་མཚན་པ་འཛིན། །ཤར་དུ་པཾལས་ཆུ་ཡི་ལྷ་མོ་ནི། །མཱ་ཀི་དཀར་མོ་ཕྱག་ན་ཆུ་བུམ་ཐོགས། །ལྷོ་རུ་ལཾལས་ས་ཡི་ལྷ་མོ་ནི། །སྤྱན་མ་སེར་མོ་གསེར་གྱི་བུམ་པ་ཐོགས། །ནུབ་ཏུ་རོལས་མེ་ཡི་ལྷ་མོ་ནི། །གོས་


CMR007_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་མོ་སྒྲོན་ཤིང་མེ་འབར་ཐོགས། །བྱང་དུ་ཡཾ༔ ལས་རླུང་གི་ལྷ་མོ་ནི། །སྒྲོལ་མ་ལྗང་གུ་རླུང་གི་བ་དན་ཕྱར། །ཀུན་ཀྱང་སྒེག་འཛུམ་དར་དང་རཏྣས་བརྒྱན། །རང་རང་མདོག་མཚུངས་འོད་ཕུང་དབུས་ན་བཞུགས། །བར་ཁྱམས་འཁོར་ཡུག་འདོད་ཡོན་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། །ལྷ་ལྔའི་གནས་གསུམ་ཡིག་འབྲུ་གསུམ་པོ་དང་། །རང་རང་ཐུགས་ཀའི་ས་བོན་འོད་ཟེར་གྱིས། །རང་འདྲ་དཔག་མེད་སྤྱན་དྲངས་དབྱེར་མེད་བསྟིམ། །ཧཱུྃ། འོག་མིན་དག་པའི་ཞིང་མཆོག་ལྔ་པོ་ནས། །རིགས་ཀྱི་ཡུམ་ཆེན་ལྔ་པོ་གཤེགས་སུ་གསོལ། །མཁའ་སྤྱོད་ཨོ་རྒྱན་གནས་ཡུལ་དུར་ཁྲོད་ནས། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་གཤེགས་སུ་གསོལ། །སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་ནས། །འབྱུང་བའི་ལྷ་མོ་ལྔ་པོ་གཤེགས་སུ་གསོལ། །སོ་སོའི་ཙཀྲ་འདི་ལ་བརྟན་པར་བཞུགས། །ཨེཡཾརཾཔཾལཾབཛྲ་ས་མཱ་ཛ༔ ཏིཥྛ་ལྷན༔ ། དབང་ལྷ་རིགས་ལྔ་སྤྱན་དྲངས་དབང་བསྐུར་ནས། །སོ་སོའི་བདག་པོ་རིགས་ལྔས་དབུར་བརྒྱན་གྱུར། །ཡུམ་ཆེན་ལྔ་དང་ཡེ་ཤེས་མཁའ་འགྲོ་ལྔ། །དབྱེར་མེད་འབྱུང་བའི་ལྷ་མོ་


CMR007_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པོ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །སྔར་བྱས་སྡིག་པ་ཐམས་ཅད་མཐོལ་ཞིང་བཤགས། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་འབུལ། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་འབུལ། །བྷཱཝལས་རིན་ཆེན་སྣོད་མཆོག་ཡངས་པའི་ནང་། །གཏོར་མ་ཁ་དོག་དྲི་རོ་ཕུན་སུམ་ཚོགས། །ཧཧོ་ཧྲིདང་ཨོཾ་ཨཱཿཧཱུྃ་རྣམས་ཀྱིས། །ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་བརླབ་སྟེ། །འབྱུང་བའི་ལྷ་མོ་ལྔ་ལ་འབུལ་གྱིས་བཞེས། །ཨེག་ག་ན་དེ་ཝི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཡཾཝ་ཡ་ཝེ་དེ་ཝི་ཨི༔ རཾཨཀྵེ་དེ་ཝི༴ བཻ་ས་ནེ་དེ་ཝི༴ ལཾབྷ་མི་དེ་ཝཱི༔ དམ་རྫས་བརྒྱན་པའི་གཏོར་མ་རྒྱུ་ཆེན་པོ་འདི་འབྱུང་བའི་ལྷ་མོ་ལྔ་ལ་འབུལ་ལོ། །མཉེས་ཤིང་ཚིམས་ནས་ཕྱི་ས་ཆུ་མེ་རླུང་ནམ་མཁའི་བཅུད་ཐམས་ཅད་བསྡུས་ནས། ནང་གི་ཤ་ཁྲག་དྲོད་་དབུགས་སེམས་ལ་བསྟིམ་དུ་གསོལ། འབྱུང་བ་མི་འཁྲུགས་ཤིང་ནད་མེད་པ་དང་ཚེ་རིང་བར་མཛད་དུ་གསོལ། ཧཱུྃ། དག་པའི་ཞིང་དུ་ཡུམ་ཆེན་ལྔ། །མཁའ་སྤྱོད་གནས་སུ་


CMR007_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ལྔ། །འཇིག་རྟེན་ཁམས་སུ་འབྱུང་བ་ལྔ། །འཁོར་འདས་ཐམས་ཅད་བསྐྱེད་པའི་ཡུམ། །འབྱུང་བའི་ལྷ་མོ་ལྔ་པོ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་རྒྱུད་ཚིག་མཆོད་བསྟོད་ནི། ཧཱུྃ། འབྱུང་བ་བསྐྱེད་པའི་ལྷ་མོ་རྣམས། །བདག་ལ་གསན་ཅིང་དགོངས་སུ་གསོལ། །འབྱུང་བ་ཕྱི་ནང་འཁྲུག་པ་རྣམས། །ཆོ་ག་འདི་ཡིས་མཐུན་པར་ཤོག །དམིགས་པའི་མི་འདི་ད་བསླུའོ། །ནད་གདོན་སྡིག་སྒྲིབ་རྣམ་རྟོག་རྣམས། །ད་ལྟ་ཉིད་དུ་བྱང་ནས་ཀྱང་། །འཆི་བའི་རྐྱེན་རྣམས་བཟློག་ཏུ་གསོལ། །འདོད་ཡོན་མཆོད་པ་རྣམ་པ་ལྔ། །འབྱུང་བ་བསྐྱེད་པའི་ལྷ་ལ་འབུལ། །མཆོད་གཏོར་བཞེས་ལ་དགྱེས་པར་རོལ། །སརྦ་པཱུ་ཛ་ཧོ༔ ལྷ་མོ་ལྔ་པོའི་ཐུགས་ཀ་རུ། །རང་རང་ས་བོན་རང་མདོག་མཐར། །རང་རང་སྔགས་ཕྲེང་གཡོན་དུ་འཁོར། །ནམ་མཁའི་ལྷ་མོའི་ཐུགས་ཀ་ནས། །འོད་ཟེར་མཐིང་གས་ནམ་མཁའ་ཁྱབ། །ནམ་མཁའི་བཅུད་ཀུན་བསྡུས་ནས་ཀྱང་། །བསྲུང་བྱའི་སེམས་དང་ཙཀྲར་ཐིམ། །ཨེ་ལིཾ་ཏེ་ཤྭ་ར་ཏི་སིཾ༔ ཨཱབུདྡྷ་ཌཱ་ཀི་ནཱི་ཧཱུྃ༔ ཨེ་ག་ག་ན་དེ་ཝི་ཧཱུྃ་ཛ༔ ཞེས་དང་


CMR007_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཨེཿལོ་གྲངས་བརྗོད། རླུང་གི་ལྷ་མོའི་ཐུགས་ཀ་ནས། །འོད་ཟེར་ཕྱོགས་བཅུར་རབ་འཕྲོས་པས། །རླུང་གི་བཅུད་ཀུན་འོད་ལྗང་གུར། །བསྡུས་ནས་བསྲུང་བྱའི་དབུགས་དང་ནི། །རླུང་གི་ཙཀྲར་སིབ་སིབ་ཐིམ། །ཏྭཾབཛྲ་ར་སྟི་སིཾ༔ ས་ཀརྨ་ཊཱ་ཀི་ནཱི་ཧཱུྃ༔ ཡཾཝ་ཡ་ཝེ་དེ་ཝཱི་ཧཱུྃ་ཛ༔ དེ་ནས་ཡཾ་ཞེས་ལོ་གྲངས་བརྗོད། །མེ་ཡི་ལྷ་མོའི་འོད་ཟེར་གྱིས། །མེ་ཡི་བཅུད་ཀུན་འོད་དམར་པོར། །བསྡུས་ནས་བསྲུང་བྱའི་དྲོད་དང་ནི། །མེ་ཡི་ཙཀྲར་ཐིམ་པར་གྱུར། །མྱྀ་རཱ་ག་ར་སྟི་སིཾ༔ ནིཔདྨ་ཊཱ་ཀི་ནཱི་ཧཱུྃ༔ རཾཨཀྵེ་དེ་ཝཱི་ཧཱུྃ་ཛ༔ རཾ་ཞེས་བསྲུང་བྱའི་ལོ་གྲངས་བརྗོད།། ཆུ་ཡི་ལྷ་མོའི་འོད་ཟེར་གྱིས། །ཆུ་བཅུད་ཐམས་ཅད་འོད་དཀར་པོར། །བསྡུས་ནས་བསྲུང་བྱའི་ཁྲག་དང་ནི། །ཆུ་ཡི་ཙཀྲར་ཐིམ་པར་གྱུར། །མཾ་དྷཆུ་ཤྭ་རི་སིཾ༔ ཧ་བཛྲ་དྷ་ཀི་ནཱི་ཧཱུྃ༔ བཻ་ས་ཎི་དེ་ཝཱི་ཧཱུྃ་ཛ༔ བཻཆུ་ཡི་ས་བོན་ལོ་གྲངས་བརྗོད། ས་ཡི་ལྷ་མོའི་འོད་ཟེར་གྱིས། །ས་བཅུད་གསེར་མདོག་འོད་དུ་བསྡུས། །ཤ་དང་ས་ཡི་ཙཀྲར་ཐིམ། །ཨཾཐམོ་ཧ་ར་སྟི་སིཾ༔ རི་རཏྣ་ཊཱ་ཀི་ནི་ཧཱུཾ། ལཾབྷ་མི་དེ་ཝཱི་ཧཱུྃ་ཛ༔ ལཾས་ཡི་ས་བོན་ལོ་གྲངས་བརྗོད། དེ་ནས་གསང་འདུས་ལས་བྱང་གི །ཧཱུྃ། །


CMR007_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཅེས་སོགས་གཙོ་བོའི་བསྟོད་བསྐུལ་རྗེས། །ཚེ་དཔག་བསྙེན་པ་ཕྲེང་སྐོར་དང་། །ཧཱུྃ་ཤྲཱི་ལ་སོགས་སྔགས་ཚན་ལྔ། །ལོ་གྲངས་ཙམ་རེ་བརྗོད་པའི་རྗེས། །མདའ་དར་ཐོགས་ལ་ཚེ་འགུགས་ནི། ཧཱུྃ། ཤར་གྱི་ཕྱོགས་ནས་ཚེ་འགུགས་ནས། ཧཱུྃ། ཤར་ཕྱོགས་དཀར་མོ་ཤེལ་གྱི་གཞལ་ཡས་ནས༔ ཞེས་སོགས་དང་། ཧཱུྃ། ཁམས་གསུམ་གནས་ནས་ཚེ་འགུགས་མ༔ སོགས། ཛྷ་ན་ཛ་ཛའི་བར་དུ་བརྗོད། དབུས་ཀྱི་གའུ་ལག་ཏུ་ཐོགས།། ཧཱུྃ། ནམ་མཁའི་དབྱིངས་ནས་ཚེ་འགུགས་མ༔ ཞེས་སོགས་མཇུག་ཏུ་ཨེ་ལོ་གྲངས། །བསྲུང་བྱའི་སྙིང་གར་གཏུགས་པ་དང་། །མཇུག་ཏུ་སྔགས་འདི་བརྗོད་པར་བྱ། །ཨེཨ་བྷི་ཥིཉྩ་ཨ་དྷིཥྛ་ན་ཧཱུྃ་སྭཱ་ཧཱཿ བྱང་གི་གའུ་ལག་ཏུ་ཐོགས། ཧཱུྃ། བྱང་གི་ཕྱོགས་ནས་ཞེས་སོགས་མཇུག །རྣ་བར་གཏུག་ཅིང་ཡཾཿལོ་གྲངས། །ཡཾཿཨ་བྷི་ཥིཉྩ་ཨ་དྷིཥྛ་ན་ཧཱུྃ་སྭཱ་ཧྭ༔ ནུབ་ཀྱི་གའུ་ལག་ཏུ་ཐོགས། ཧཱུྃ་ནུབ་ཀྱི་ཕྱོགས་ནས་ཞེས་སོགས་མཐར། །མིག་ལ་གཏུག་ཅིང་རོལོ་གྲངས། །རཾཨ་བྷི་ཥིཉྩ་ཨ་དྷིཥྛན་ཧཱུཾ་སྭཱ་ཧཱཿ ཤར་གྱི་གའུ་ལག་ཏུ་ཐོགས།། ཧཱུྃ། ཤར་གྱི་ཕྱོགས་ནས་ཞེས་སོགས་མཐར། །ཁ་ལ་གཏུག་ཅིང་ཐཾ༔ ལོ་གྲངས། །ཐཾཨ་བྷི་ཥིཉྩ་ཨ་དྷིཥྛ་ན་ཧཱུཾ་སྭ་ཧཱཿ ལྷོ་ཡི་གའུ་ལག་ཏུ་ཐོགས། ཧཱུྃ། ལྷོ་ཡི་ཕྱོགས་ནས་ཞེས་སོགས་


CMR007_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། །ལྕེ་ལ་གཏུག་ཅིང་ལཾལོ་གྲངས། །ལཾཨ་བྷི་ཥིཉྩ་ཨ་དྷིཥྛན་ཧཱུྃ་སྭཱ་ཧཱ༔ ཏྲ་ཏྲ་ཤག་སོགས་བརྒྱ་རྩ་བརྗོད། །སྙིང་པོ་བརྟན་པར་མི་ནུས་སོགས། །ཐུགས་དམ་ཆེན་པོའི་དུས་ལ་བབ༔ སོགས། གཏོར་དབང་བསྐུར་ན་སྐབས་འདིར་བྱ། །མ་བསྐུར་ན་ཡང་འགལ་བ་མེད། །དེ་ནས་གའུའམ་འཁོར་ལོ་ལྔ། །བསྲུང་བྱའི་སྙིང་གར་བཟུང་བཅུག་ལ། །མེ་ཏོག་འཐོར་ཞིང་འདི་ཉིད་གྱེར།། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ་སོགས། །དེ་ནས་ཚེ་ཆང་ཡོད་ན་དྲངས། །རྡོ་རྗེ་དང་བཅས་མདའ་དར་གཡབ། །སྐུ་ཡི་སྐུ་སྟེ་ལ་སོགས་བརྗོད། མདའ་དར་དང་ཚེ་གཏོར་ལག་ཏུ་གཏད། །ཨོ་འགྲུབ་པར་གྱུར་ཅིག་ལ་སོགས་ཚིག །ལན་གསུམ་བར་དུ་རྗེས་ཟློས་བྱ། །འཁོར་ལོ་མགུལ་དུ་བཏགས་ན་བཟང་། །རྟག་ཏུ་ས་གཅིག་འདུག་ན་ནི། །གའུ་དང་བཅས་སྔས་ཞབས་སམ། །རྒྱབ་ཡོལ་གྲིབ་ཏུ་བཞག་པས་འཐུས། །འཆི་བསླུ་ལན་གསུམ་བྱེད་པའམ། །ལོ་དུས་འཆི་བསླུ་བྱེད་པ་ལ། །འཁོར་ལོ་དེ་གར་ཆོ་ག་ཝིག །འཆི་བསླུའི་གྲོང་ཆོག་བྱེད་པ་ན། །འཁོར་ལོའི་ཙཀླུ་བྲིས་ཏེ་ཁྱེར། །འཆི་བསླུ་ལན་གཅིག་བྱས་པས་ཀྱང་། །ལོ་གསུམ་འཆི་བ་བཟློག་པར་གསུངས། །འཆི་བསླུ་ལན་གསུམ་བྱས་པས་ན། །དུས་མ་ཡིན་པའི་འཆི་བ་ནི། །མི་བཟློག་མི་སྲིད་ཨོ་རྒྱན་གསུངས། །ནད་པ་མིན་ཀྱང་ཁག་ཆེ་ལ། །ལོ་རེ་ལན་རེ་བྱས་པ་ན། །སྐུ་རིམ་དེ་ལས་ཟབ་པ་ནི། །ཡོད་རེ་ན་ར་ཀན་


CMR007_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས། །ཀློང་གསལ་སྙིང་ཐིག་ཞི་ཁྲོ་དང་། །ཡང་ཏིག་ཆེ་རྒྱུད་རྡོར་ཕྲེང་དང་། །གཏེར་ཁ་དུ་མ་ནས་གསུངས་པའི། །འཆི་བསླུ་ཀུན་གྱི་དོན་བསྡུས་ཏེ། །དོན་གསལ་ལག་ཏུ་བླངས་བདེར་བཀོད། །ཉེས་འགལ་ཚེ་ཡི་ལྷ་ལ་བཤགས། །དགེ་བས་བསྟན་འཛིན་སྐྱེས་བུ་དང་། །ཆོས་སྤྱོད་ཆོས་སྒོར་ཞུགས་རྣམས་ཀྱི། །དུས་མིན་འཆི་བའི་རྐྱེན་བཟློག་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །དེ་སྐད་རཱ་ག་ཨ་སྱ་ཡིས། །ལྕགས་མོ་ཁྱི་ལོ་ནག་ཟླ་ཡི། །དམར་པོའི་ཐུན་མཚམས་འགའ་ལ་བསྒྲིགས། །བརྩོན་འགྲུས་ཞེས་བྱས་བརྩོན་པར་བྲིས། །མངྒ་ལཾ། །དགེའོ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚེ་སྒྲུབ་གསང་བ་འདུས་པའི་ལྷན་ཐབས་འཆི་བསླུ་ཆི་བདག་ཞགས་གཅོད།next