Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུའི་གསོལ་འདེབས་ཆོས་དབྱིངས་རབ་འབྱམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུའི་གསོལ་འདེབས་ཆོས་དབྱིངས་རབ་འབྱམས།next

གུ་རུའི་གསོལ་འདེབས་ཆོས་དབྱིངས་རབ་འབྱམས།


CMR007_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ན། །དུས་གསུམ་འཕོ་འགྱུར་མེད་པར་རྟག་ཏུ་བཞུགས། །རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། །སྲིད་ཞིའི་མགོན་པོ་ཡོན་ཏན་ཀུན་གྱི་གཞི། །པད་འབྱུང་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་ནས། །རིགས་ལྔ་གངས་ཅན་མཚོ་ཡི་སྐུར་སྣང་བས། །སྐུ་ཡི་བ་སྤུའི་འོད་ཟེར་རེ་རེ་ལ། །དག་པའི་ཞིང་ཁམས་གྲངས་མེད་སྤྲུལ་མཛད་ནས། །ས་བཅུའི་སེམས་དཔའ་རྣམས་ལ་བརྡའ་ཆོས་སྟོན། །ཨོ་རྒྱན་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད། །མི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ནས། །བརྫུས་སྐྱེས་པད་འབྱུང་བྱེ་བ་ཕྲག་བརྒྱ་འགྱེད། །རེ་རེའང་མཚན་བརྒྱད་འཕྲུལ་མཚན་བཞི་བཅུ་རེ་། །རིགས་དྲུག་འདུལ་ཕྱིར་གུ་རུ་དྲུག་རེ་སྤྲུལ། །ཨོ་རྒྱན་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཡར་དང་མར་གྱི་ཚེས་བཅུ་ཐམས་ཅད་ལ། །སྤྲུལ་པ་གྲངས་མེད་མཁའ་འགྲོའི་འཁོར་དང་བཅས། །བོད་ཁམས་བྱེ་བ་ཕྲག་བརྒྱ་རྟག་ཏུ་ཉུལ། །ཨོ་རྒྱན་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །མངོན་ཤེས་དྲུག་ཅུ་མངའ་བའི་པདྨ་འབྱུང་། །སེམས་


CMR007_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཀུན་གྱི་ཡིད་ལ་ཅི་བསམ་པའི། །འགྱུ་བའི་གྲངས་ཁ་ཐམས་ཅད་རྟག་ཏུ་མཁྱེན། །སེམས་ཅན་ཐམས་ཅད་ཚེ་རབས་གར་སྐྱེས་དང་། །དེ་ཚེ་དགེ་སྡིག་ལས་གང་ཡོད་པ་གཟིགས།་།ཕྱིན་ཆད་གར་སྐྱེ་དེ་ལ་གང་ཕན་མཁྱེན། །ཨོ་རྒྱན་མངོན་ཤེས་ལྡན་ལ་ཕྱག་འཚལ་བསྟོད། །སོ་སོ་ཀུན་གྱིས་རང་རང་སོ་སོའི་སྐད། །ཅི་སྨྲས་ཐམས་ཅད་མ་འདྲེས་སོ་སོ་རུ། །རྒྱུན་དུ་གསན་ཅིང་གསོལ་བ་གང་བཏབ་གསན། །རྡོ་རྗེའི་སྙན་མངའ་ཨོ་རྒྱན་རྗེ་ལ་བསྟོད། །ཉིན་མཚན་དུས་དྲུག་སེམས་ཅན་ཐམས་ཅད་ལ། །བྱམས་དང་སྙིང་རྗེའི་ཐུགས་རྗེའི་སོ་སོར་གཟིགས། །ཕན་ཕྱིར་སྐྱོབ་ཕྱིར་སྤྲུལ་པ་རེ་རེ་ནི། །དྲུང་དུ་བཞུགས་ཀྱང་སྒྲིབ་པས་བསྒྲིབས་པ་ཡིས། །མཇལ་བའི་སྐབས་མེད་དད་པ་མེད་པ་ལ། །ཐུགས་རྗེ་བྱིན་རླབས་འཇུག་པའི་སྐབས་མ་མཆིས། །ཨོ་རྒྱན་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །བདུད་དང་ལྷ་སྲིན་ཐོམས་ཅད་ཟིལ་གྱིས་གནོན། །ལས་ལ་དབང་བའི་མཐུ་སྟོབས་མངའ་བ་ཡི། །མཐོང་ཆོས་མྱོང་འགྱུར་མ་གཏོགས་ལས་ངན་བཟློག་།ཉི་ཟླ་ཐང་འབེབས་རྒྱ་མཚོ་གནམ་དུ་བསྒྱུར། །རི་རབ་ཚོགས་པོར་འཕེན་དང་ཤར་ནུབ་


CMR007_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་། །ས་རྡོ་གསེར་དངུལ་བསྒྱུར་བའི་རྫུ་འཕྲུལ་ལྡན། །ཨོ་རྒྱན་མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་ཡོན་ཏན་ནམ་མཁའི་ཚད་དང་མཉམ། །སངས་རྒྱས་ཀུན་གྱིས་བརྗོད་ཀྱང་མི་ཟད་ན། །བདག་འདྲ་རྨོངས་པས་བརྗོད་པར་ག་ལ་ནུས། །འོན་ཀྱང་རྒྱ་མཚོ་ཆེ་ལས་ཆུ་ཐིགས་ཙམ། །རྩེ་གཅིག་མོས་གུས་དྲག་པོས་བསྟོད་བྱས་པས། །བདག་ཅག་འཁོར་བཅས་བར་ཆད་བདུད་ལས་རྒྱལ། །བྱང་ཆུབ་སྒྲུབ་ལ་བར་ཆད་མེད་གྱུར་ཅིག །མེ་ཕོ་སྤྲེ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ། །རཱ་ག་ཨ་སྱས་བསྟོད་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུའི་གསོལ་འདེབས་ཆོས་དབྱིངས་རབ་འབྱམས།next