Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱུན་ཁྱེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱུན་ཁྱེར།next

རྒྱུན་ཁྱེར།


CMR007_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས༔ ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ སྐྱབས་གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི༔ འགྲོ་བ་ཡོངས་ཀྱི་བླ་མར་བདག་གྱུར་ཅིག༔ ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད༔ ཨོཾ་ཨཱཿཧཱུྃ༔ སྟོང་ཞིང་བདག་མེད་ནམ་མཁའ་ལྟ་བུ་ལ༔ ལྟར་སྣང་སྐྱེ་འགྲོའི་འགྲོ་བ་ཉོན་རེ་མོངས༔ ཧཱུྃ༔ དོན་དམ་དབྱིངས་ལས་འབར་བའི་ཆོ་འཕྲུལ་ཤར༔ ཧཱུྃ་འབྱུང་བ་མེ་རླུང་འཁྲུགས་པའི་ཕོ་བྲང་དབུས༔ ཤ་ཁྲག་ཕུང་པོ་འདུས་པའི་གཞལ་ཡས་ཁང་༔ རྣམ་ཤེས་འདབ་བརྒྱད་བརྡལ་བའི་གདན་སྟེང་དུ༔ ཤེས་རིག་རྒྱལ་པོ་དཔལ་ཆེན་ཧེ་རུ་ཀ༔ སྣང་བའི་ངོ་བོ་པདྨ་བཛྲ་རྩལ༔ སྟོང་པའི་བདག་ཉིད་ལྷ་ལྕམ་གསང་བའི་ཡུམ༔ ཡབ་ཡུམ་སྲས་འཁོར་བཀའ་ཉན་བཅས་པ་དང་༔ སྟོང་གསལ་མ་འགགས་རོལ་པའི་ཚུལ་བཞིན་བསྐྱེད༔ སྣང་སྟོང་མ་འགགས་ལྷང་ངེ་ལྷན་ནེར་གསལ༔ རྩལ་སྣང་དབྱིངས་ལས་རོལ་པར་གཤེགས་སུ་གསོལ༔ ལྷ་རྣམས་དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ༔ བྱིན་རླབས་དབང་


CMR007_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་དམ་པ་དེང་འདིར་སྩོལ༔ ཡི་དམ་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ བླ་མེད་མཆོད་པ་རང་སྣང་ལྷ་ལ་འབུལ། སརྦ་པཱ་ཛཧོ༔ ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དུས་གསུམ་བདེར་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་སོགས༔ དགོངས་པ་ཀུན་འདུས་རྩལ་རྫོགས་ལྷ་ཡི་ལྷ༔ འགྲོ་འདུལ་མངོན་སུམ་སྣང་ལ་ཕྱག་འཚལ་བསྟོད༔ ཨོཾ་ཨཱ༔ ཧཱུྃ་ཧཱུྃ༔ བཛྲ་གུ་རུ་དྷེ་ཝ་དྷཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཡབ་ཡུམ་གཙོ་འཁོར་ཀུན་གྱི་ཐུགས་ཀ་རུ༔ ཉི་ཟླའི་སྟེང་དུ་རྡོ་རྗེ་རྩེ་ལྔ་དཀར༔ ལྟེ་བའི་ནང་དུ་པདྨ་དམར་པོའི་སྟེང་༔ སྣང་བ་མཐའ་ཡས་རྒྱན་མེད་ཚེ་བུམ་བསྣམས༔ ཐུགས་ཀར་ཧཱུྃ༔ དང་བུམ་ནང་འབྲུ་གསུམ་བརྩེགས༔ སྐུ་ཡི་མཐའ་མར་སྔགས་ཕྲེང་འཁོར་བ་ལས༔ འོད་འཕྲོས་རྒྱལ་བ་ཀུན་མཆོད་བྱང་སེམས་དང་༔ འཁོར་འདས་ཚེ་བསོད་འོད་ཟེར་རྣམ་པ་རུ༔ བསྡུས་ནས་བདག་ལ་ཐིམ་པས་དངོས་གྲུབ་ཐོབ༔ ཅེས་སྔགས་རིང་ཐུང་གང་འདོད་བཟླས་ལ་མཆོད་བསྟོད་གོང་ལྟར་བྱ༔ དགེ་སློང་རཱ་ག་ཨ་སྱས་རྒྱུན་ཁྱེར་དུ་བསྒྲིགས་པ་སརྦ་མངྒ་ལཾ།།


previousརྒྱུན་ཁྱེར།next