Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་དགོངས་པ་འདུས་པའི་གཏོར་དབང་གི་མཚམས་སྦྱོར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་དགོངས་པ་འདུས་པའི་གཏོར་དབང་གི་མཚམས་སྦྱོར་བཤད་པ།next

བླ་མ་དགོངས་པ་འདུས་པའི་གཏོར་དབང་གི་མཚམས་སྦྱོར་བཤད་པ།


CMR007_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པའི་གཏོར་དབང་གི་མཚམས་སྦྱོར་བཤད་པ་ཞིག་བཞུགས་སོ༔


CMR007_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཏོར་བཤམ་ལ་མེ་ཏོག་ཕྲེང་མཛེས་སོགས་ཀྱི་ལས་བྱང་བཏང་༔ བསྙེན་པ་ཅི་ལྕོགས་ཞིག་བྱས་ནས་སློབ་མ་འཚོགས་ནས་ཁྲུས་བྱས༔ བགེགས་གཏོར་བཏང་ལ། སུམྦྷ་ནིས་བགེགས་བསྐྲད་རྣམས་སྤྱི་ཁྱབ་ལྟར་རམ། རྒྱས་པར་སྤྲོ་ན་མེ་ཏོག་ཕྲེང་མཛེས་ཀྱི་བགེགས་མཚམས་གཅོད་དང་རོལ་མོ་བྱའོ༔ མང་ན་བཛྲ་སཏྭ་འུར་འདོན་བྱེད༔ ཉུང་ན་ཆབ་བཏང་ཞིང་༔ ཁྱེད་རང་རྣམས་ཀྱི་སྤྱི་བོར་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ གསང་སྔགས་སྣོད་དུ་མི་རུང་བའི་ཉམས་ཆག་སྡིག་སྒྲིབ་དག་པར་བསྒོམས་ལ༔ ཤེས་ན་ཡིག་བརྒྱ་དང་མི་ཤེས་ན་བཛྲ་སཏྭ་ཧཱུྃ་ཙི་ཐོན་དེ་ཡང་གནས་དག་པ་ནུབ་ཕྱོགས་བདེ་བ་ཅན་གྱི་


CMR007_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་ན༔ སྟོན་པ་སངས་རྒྱས་གཟི་བརྗིད་འོད་དཔག་མེད་ལ༔ རྡོ་རྗེ་ཆོས་ལ་སོགས་པས་ཞུས་པ༔ བླ་མ་དགོངས་པ་འདུས་པའི་རྩ་རྒྱུད་པད་སྡོང་བརྩེགས་པ༔ སྐུ་རྒྱུད་ཤེལ་གྱི་རི་བོ༔ གསུང་རྒྱུད་རིན་ཆེན་འབྲུག་སྒྲ༔ ཐུགས་རྒྱུད་ནམ་མཁའི་ཀློང་ཡངས༔ ཡོན་ཏན་རྒྱུད་བསྟན་པའི་སྲོག་ཤིང་༔ ཕྲིན་ལས་རྒྱུད་སྤུ་གྲི་རེག་གཅོད་རྩ་བ་གསུམ་གྱི་གསང་རྒྱུད་རྣམས་བཀའ་སྩལ་པ༔ མཁའ་འགྲོ་རྣམས་ཀྱིས་བཀའ་ཡི་བསྡུ་བ་བྱས་ཏེ༔ གླེགས་བམ་ལ་བྲིས་པ༔ ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་དུ་བབ་པས༔ དྷ་ཀིའི་གསང་བའི་བརྡ་སྐད་ཀྱི་


CMR007_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེར་བསྟན་པ༔ ཨོ་རྒྱན་ཡུལ་ནས་རྒྱ་གར་ཡུལ་དུ་ཕབ༔ ཨོ་རྒྱན་གྱིས་བོད་སྐད་དུ་བསྒྱུར་ཞིང་སྒྲུབ་ཐབས་སོགས་མཛད་དེ༔ བོད་དུ་མཐའ་དབུས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་ནས་མདོ་སྔགས་ཀྱི་ཆོས་ཐམས་ཅད་བསྒྱུར་ནས་རང་ཡུལ་དུ་བརྫང་རྗེས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ཀྱིས་བསམ་ཡས་ཀྱི་མཆིམས་ཕུར་ཨོ་རྒྱན་ཆེན་པོ་ལ་ལོངས་སྤྱོད་དཔག་ཏུ་མེད་པ་ཕུལ་ནས༔ སྔོན་དུ་ཕྱི་ནང་གི་ཆོས་དཔག་མེད་ཐུགས་ལ་བཏགས་པ་རྣམས༔ བླ་མ་བརྒྱུད་པ་གཞན་ནས་བརྒྱུད་པ་ཁོ་ནར་འདུག༔ ད་ནི་ཨོ་རྒྱན་ཉིད་ལས་གཞན་དུ་བརྒྱུད་པ་འདེད་མི་དགོས་པ༔ མདོ་རྒྱུད་ཐེག་པ་ཐམས་ཅད་ཀྱི་དོན་དང་དགོངས་པ་འདུས་པ་ཞིག་ཞུ་ཞུས་པས༔ སྐུ་ལས་འོད་ཟེར་ཕྱུང་ཞིང་ཐུགས་གཏད་ནས་ཆོས་དང་གདམས་ངག་ཐམས་ཅད་ཀྱི་ནང་ནས་བཅུད་ཕྱུང་ཞིང་གནད་འདྲིལ་དོན་བསྡུས་པ༔ གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྲོག་སྙིང་༔ དམ་ཅན་ཆོས་སྐྱོང་ཐམས་ཅད་ཀྱི་རྗེ་དཔོན༔ བསྐྱེད་རིམ་ཐམས་ཅད་ཀྱི་འགག་དོན༔ རྫོགས་རིམ་ཐམས་ཅད་ཀྱི་སྙིང་པོ༔ མན་ངག་ཐམས་ཅད་ཀྱི་ཡང་ཞུནུ༔ བྱིན་རླབས་ཐམས་ཅད་ཀྱི་རྩ་


CMR007_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས༔ ནུས་པ་ཐམས་ཅད་ཀྱི་དཔུང་བསྐྱེད༔ བླ་མ་ཐམས་ཅད་ཀྱི་དགོངས་འདུས༔ འདི་བསྒྲུབས་པས་ཀུན་འདུས་པ༔ འདིའི་མཚན་ཉིད་ཐོས་པ་ལ་སོགས་ཏེ༔ འདི་ཉིད་ཀྱི་ལུང་ཚར་གཅིག་རྣ་བའི་དབང་པོའི་ཡུལ་དུ་འགྲིམ་པ་ཙམ་གྱིས༔ གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཐོས་ཤིང་ལུང་ཐོབ་པ་དང་འདྲ་བ༔ འདིའི་དབང་ནོད་པ་རྣམས་ནི་གསང་སྔགས་འགྱུར་རོ་ཅོག་གི་དབང་ཐོབ་པ་དང་མཚུངས་ཤིང་༔ དོན་ཡིད་ལ་བྱེད་པ་རྣམས་ནི༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཕྱིར་མི་ལྡོག་པ་རྡོ་རྗེ་ལྟ་བུའི་ཡེ་ཤེས་དང་༔ ཏིང་ངེ་འཛིན་ཚེ་འདི་ཉིད་ལ་བརྟན་པ་ཐོབ་པར་འགྱུར་ཞིང་གནས་སྐབས་ཚེ་འདིར་ཡང་༔ མི་དང་མི་མ་ཡིན་པ་རྣམས་ཀྱིས་མཆོད་པའི་གནས་བཀུར་བའི་ཞིང་དམ་པར་འགྱུར་ལ༔ ནད་དང་གནོད་པ་རྐྱེན་དང་བར་ཆད་ལ་སོགས་པ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བ་དང་༔ ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་གྲགས་པ་དང་སྙན་པ་ལ་སོགས་པ༔ ལེགས་པའི་ཡོན་ཏན་ཅི་བསམ་པ་ཐམས་ཅད་འགྲུབ་ལ་དར་ཞིང་རྒྱས་པར་འགྱུར་རོ༔


CMR007_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་སྲིད་པ་གསུམ་གྱི་ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་སྐྱེ་འགྲོ་ཕོ་མོ་ཟས་ནོར་ལོངས་སྤྱོད་ལ་སོགས་ཇི་ལྟར་འདོད་པ་ཐམས་ཅད་རང་དབང་མེད་པར་དབང་དུ་འདུས་པར་འགྱུར་རོ༔ རང་གཞན་ཐམས་ཅད་དང་བསྟན་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་སྡང་དགྲ་གནོད་བྱེད་བགེགས་རྐྱེན་དང་བར་ཆད་འབྱུང་པོ་མི་དང་མི་མ་ཡིན་པ་ཕ་རོལ་གྱི་རིག་སྔགས་བསམ་སྦྱོར་ངན་པ་ཐམས་ཅད་ཚར་གཅོད་ཅིང་བཟློག་པར་འགྱུར་བ་ལ་སོགས་པ༔ རང་རང་སོ་སོའི་ཇི་ལྟར་འདོད་པའི་དོན་ཐམས་ཅད་འབྱུང་བ་ཡིད་བཞིན་གྱི་ནོར་བུ་ཐེག་པ་ཐམས་ཅད་ཀྱི་སྙིང་པོ་འདི་གནང་བས༔ བྱིན་རླབས་དང་དངོས་གྲུབ་ཀྱི་ལྟས་དཔག་ཏུ་མེད་པ་བྱུང་ཞིང་༔ བསྒྲུབས་པས་གྲུབ་རྟགས་དཔག་ཏུ་མེད་པ་བྱུང་༔ མཚོ་རྒྱལ་གྱིས་ཡི་གེར་བྲིས་ནས༔ གཅིག་རྒྱལ་པོའི་བླ་གཏེར་བང་སོ་ལ་སྦས༔ གཅིག་དབུས་རི་ནག་པོའི་སྟེང་ལ་སྦས༔ སྤྲུལ་པས་འདོན་ཅིང་འགྲོ་དོན་འབྱུང་བར་སྨོན་ལམ་བཏབ་ཕྱིས་སངས་རྒྱས་གླིང་པས་བཏོན་ནས་འཕེལ་ལོ༔ འདིའི་ཕན་ཡོན་ནི༔ ཨོ་རྒྱན་རིན་པོ་ཆེས་དབང་འདི་ནམ་བསྐུར་ཡང་དེར་ཨོ་རྒྱན་གྱི་སྤྲུལ་པ་འབྱོན་ནས་བྱིན་གྱིས་བརླབ་པར་


CMR007_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱིས་བཞེས་སོ༔ རྩ་རྒྱུད་པད་སྡོང་བརྩེགས་པ་ལས༔ དེ་ལྟར་ཉི་མའི་ཟེར་ཐག་ལྟར༔ སྣང་ཡུལ་ཁྱབ་བྱེད་གནས་སྐབས་འགར༔ འཕྲོས་པའི་ཕྲེང་བ་རེ་རེ་ཙམ་མཐའ་ནས་མཐའ་རུ་འབྱུང་བར་འགྱུར༔ ཞེས་གསུངས་པའི་དོན་ཡང་༔ བདེ་བར་གཤེགས་པའི་བསྟན་པ་མར་འགྲིབ༔ བསྟན་པ་སྔགས་ཀྱིས་འཚོ་བའི་དུས༔ སྙིགས་མའི་ཡང་སྙིགས་མ༔ བསྟན་པ་ཉི་མའི་ཟེར་ཐག་ལྟར་དུ་གྱུར་པའི་ཚེ་ན༔ བཀའ་མའི་ཆོས་ཕལ་ཆེར་ལྟར་སྣང་ལ་སྤྱོད༔ གསང་སྔགས་ཀྱི་ཆོས་ཡང་སྣང་ཡུལ་ཙམ་ལ་དར་ལ་མ་སྨིན་པར་ཡང་ལ་འཇམ་ཡུགས་སུ་ཁྱབ་པར་བྱེད་ཅིང་༔ གནས་སྐབས་བར་སྣང་ལ་གློག་འགྱུ་བའི་རྣམ་པ་ལྟར་ཡུད་ཅིག་གི་ཚེ༔ འགའ་དང་འགར་ཐེག་པ་ཆེན་པོ་འདི་ཉིད་ཀྱི་མིང་གི་ཆ་འཛིན་པ་ཙམ་གྱིས་སྐྱེས་བུ་རེ་རེ་ཞིག་འབྱུང་བ་ནི༔ ཆོས་རྒྱལ་ཡབ་སྲས་ལ་སོགས་ཀྱིས༔ སྨོན་འཇུག་དང་སྨོན་ལམ་གྱི་ཤུགས་ལ་བརྟེན་ཏེ༔ འཕྲོས་པའི་ཕྲེང་བ་སྐྱེ་བ་ཐ་མའམ༔ སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་བདུན་སྤྲུལ་དུ་གྱུར་པའི་སྐྱེས་བུ་ལ་ལ་ཙམ་ཞིག་ཀྱང་༔ གནས་སྐབས་ཡུལ་དོན་དུ་མཐའ་འཁོབ་ནས་མཁའ་འཁོབ་ཏུ་འབྱུང་ཞིང་༔


CMR007_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོ་དེའི་མིང་ཙམ་འཛིན་ཅིང་༔ འགའ་དང་འགའ་ལ་འབྲེལ་པ་འཇོག་པ་འབྱུང་སྟེ༔ དེ་ཡང་བདེ་བར་གཤེགས་པ་རྣམས་ཀྱིས་དགོངས་ཤིང་༔ རིག་འཛིན་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས༔ རྒྱུད་འདིའི་མཚན་ཐོས་པ་ཙམ་གྱིས་བག་ཆགས་བཞག་ནས་འཁོར་བ་མཐའ་ཅན་དུ་འགྱུར་ཞིང་འདིའི་ལུང་ནོད་པ་དང་༔ འདིའི་རྗེས་སུ་སྤྱོད་པ་རྣམས་ནི༔ སྐྱེ་མེད་འཁོར་བའི་རྒྱུན་གཅོད་དེ༔ རིག་འཛིན་གྱི་ཞིང་དུ་ཡོངས་སུ་རྫོགས་པར་འགྱུར་རོ༔ ཞེས་ཨོ་རྒྱན་ཆེན་པོས་མཛད་པའི་རྒྱུད་ཀྱི་འགྲེལ་པ་མེ་ཏོག་རྒྱན་ལས་སོ༔ དེ་བཞིན་དུ་ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས༔ ལྔ་བཅུ་ཁ་རལ་བསྟན་པའི་མར་ཞབས་སུ༔ བཀའ་མ་རྣམས་ནི་འཆལ་ཞིང་ནུབ་ལ་ཉེ༔ གཏེར་མ་འགའ་ཡང་གསར་འགྲོག་གནས་སྐབས་ཙམ༔ གསང་སྔགས་དར་ལ་མ་སྨིན་འབྱུང་བའི་ཚེ༔ མི་རྣམས་ཚེ་ཐུང་གློ་བུར་ཡེ་འདྲོགས་མང་༔ སྒྲུབ་པའི་ལོང་མེད་བར་ཆད་རྐྱེན་དབང་འགྱུར༔ དེ་དུས་དགོངས་འདུས་གསང་གཏེར་གྲོལ་འགྱུར་ཞིང་༔ སྨོན་ལམ་གང་ཐེབ་འདི་འཕྲད་དོན་དང་ལྡན༔ འདི་མཐོང་ཐོས་རེག་ལས་ཅན་སྐལ་ཚོགས་བསགས༔ མི་ནུབ་བསྟན་པའི་


CMR007_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་བཟུང་ནས་ཀྱང་༔ མོས་བྱེད་བསྒྲུབ་རྣམས་སངས་རྒྱས་སྨོས་ཅི་དགོས༔ ཞེས་དང་༔ དེ་སོགས་གྲངས་སྙེད་ཇི་སྲིད་བསྟན་པའི་བར༔ ནུབ་པར་མི་འགྱུར་དར་ཞིང་རྒྱས་པར་འགྱུར༔ ནམ་ཞིག་འཐོར་ཡང་དུམ་བུ་རེ་རེས་ཀྱང་༔ ཟ་འོག་རས་བཞིན་ཁ་ཚང་འགྲོ་ལ་ཕན༔ བསྟན་པ་འདི་འཕེལ་ཕྱོགས་ལ་རྣམ་པ་གཉིས༔ སྤྱིར་ནི་གསང་སྔགས་བསྟན་པ་དར་བའི་ཕྱོགས༔ ཁྱད་པར་ལྷོ་རོང་མཐའ་འཁོབ་མདོ་ཁམས་དང་༔ མེ་ཉག་ལི་ཡུལ་དབུས་སྡེ་གཙང་རོང་དང་༔ ལོ་ལོ་རུ་བཞི་ཡུལ་དགུའི་ཕྱོགས་སུ་དར༔ དུམ་བུར་འཐོར་ལ་ཕྱོགས་ཀྱི་རྣམ་ངེས་མེད༔ དེ་དག་རྣམས་སུ་བསྟན་པ་འདི་འཕེལ་ཞིང་༔ གདུལ་བྱའི་འགྲོ་བ་སྨིན་ཅིང་གྲོལ་བ་ནི༔ འབུམ་ཕྲག་དུང་ཕྱུར་ཐེར་འབུམ་ཁད་ཁོད་དགུ༔ མི་ཡི་སྐྱེ་འགྲོ་དེ་ལས་གཞན་པ་ནི༔ འཁོར་བ་མཐའ་ཅན་ཐར་པའི་ས་བོན་ཐེབ༔ འབྲེལ་པ་དོན་ཡོད་གྲངས་ཀྱི་རྫོགས་མི་འགྱུར༔ ཡང་དག་འབྲས་བུ་མཆོག་དོན་བརྙེས་པ་ནི༔ བདུན་འབུམ་བཞི་ཁྲི་དུང་ཕྱུར་ཕྱེད་དང་གཉིས༔ དེ་སྐད་འགྲོ་བ་འདི་འཕྲད་ཡོན་ཏན་ཏེ༔ གཞན་ཡང་འདི་འཕྲད་ཡོན་ཏན་བརྗོད་མི་ལོངས༔ འདི་མཐོང་


CMR007_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་རེག་འདི་དང་གང་འབྲེལ་བ༔ སེམས་ཅན་རིགས་གྱུར་ལས་ཀྱི་མཐའ་སྟོངས་ཤིང་༔ སྣང་བ་མཐའ་ཡས་ཞིང་མཆོག་གནས་རབ་ཏུ༔ འཁོད་པར་འགྱུར་ན་ཉམས་སུ་ལེན་རྣམས་ནི༔ ཚེ་གཅིག་ལུས་གཅིག་གྲོལ་བ་སྨོས་ཅི་དགོས༔ ཞེས་གསུངས་སོ༔ དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་རྗེས་ཟློས་མཛོད༔ ཅེས་ཧྲུབྱིན་རླབས་རྩ་བ་སོགས་བརྗོད་པའོ༔ མང་ན་དབང་འགྲིམ་ཚེ་འཛབ་དབྱངས་ཕྱག་ལེན་ནོ༔ ཞེས་རཱ་ག་ཨ་སྱས་སྦྱར་བ་ལ་ཉེས་པ་ཆོས་བདག་སྲུང་མའི་ཚོགས་ལ་བཤགས༔ དགེ་བས་འགྲོ་བ་མང་པོའི་དགོངས་འདུས་ལ་འབྲེལ་པ་ཐོགས་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབླ་མ་དགོངས་པ་འདུས་པའི་གཏོར་དབང་གི་མཚམས་སྦྱོར་བཤད་པ།next