Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་དགོངས་པ་འདུས་པ་ལས་བྱིན་རླབས་གཏོར་མའི་བརྡ་དབང་དང་རྩ་བ་གསུམ་གྱི་དབང་དོན་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་དགོངས་པ་འདུས་པ་ལས་བྱིན་རླབས་གཏོར་མའི་བརྡ་དབང་དང་རྩ་བ་གསུམ་གྱི་དབང་དོན་བསྡུས་པ།next

བླ་མ་དགོངས་པ་འདུས་པ་ལས་བྱིན་རླབས་གཏོར་མའི་བརྡ་དབང་དང་རྩ་བ་གསུམ་གྱི་དབང་དོན་བསྡུས་པ།


CMR007_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པ་ལས་བྱིན་རླབས་གཏོར་མའི་བརྡ་དབང་དང་རྩ་བ་གསུམ་གྱི་དབང་དོན་བསྡུས་པ་བཞུགས་སོ༔


CMR007_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཟུག།ཊསྭ༔ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ བྱིན་རླབས་བདུད་རྩིའི་སྤྲིན་ཆར་ལས༔ སློབ་མ་སྨིན་ཅིང་གྲོལ་བ་ཡི༔ གདམས་པ་རྣམ་དག་མང་བཤད་ཀྱི༔ བསྡུས་ཏེ་གཏོར་མའི་བརྡ་དབང་བསྐུར༔ འདིར་གཏོར་མ་ལ་བརྟེན་ཏེ༔ བྱིན་རླབས་ཙམ་བརྡ་ཡི་དབང་སྐུར་བར་བྱེད་པ་ལ་བརྒྱད༔ སློབ་དཔོན་ཇི་ལྟ་བུས་སློབ་མ་ཅི་འདྲ་ལ༔ ཚུལ་ཇི་ལྟར་ལ་མ་བསྐུར་ན་ཅི་ཉེས་བསྐུར་ན་ཡོན་ཏན་ཅི་ཡོད་པ་དང་ལྔ་ལས༔ སློབ་དཔོན་ནི་དཀྱིལ་འཁོར་ལ་བརྟན་པ་ཐོབ་ཅིང་༔ སྟོང་ཉིད་སྙིང་རྗེའི་རྩལ་འབྱོངས་པ༔ འབྲིང་ཡི་དམ་ལྷའི་བསྙེན་པ་ཐེམས་ཤིང་རང་འདོད་ཀྱི་དྲི་མས་མ་གོས་པ༔ ཐ་མ་ཡང་ཆོ་ག་ལག་ལེན་གྱི་རིམ་པ་མཁས་ཤིང་༔ གཟུ་ལུམ་རལ་ཆོད་བབ་ཆོལ་མི་བྱེད་པའི་སློབ་དཔོན་བྱམས་སེམས་དང་ལྡན་


CMR007_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

པའོ༔ སློབ་མ་ཅི་ལྟ་བུ་ལ་བསྐུར་ན༔ བློ་ཡངས་ཤིང་དད་པ་བརྩོན་འགྲུས་དམ་ཚིག་གཏོང་ཕོད་སྙིང་རུས་གོ་ཆ་ཆེ་བ་ཚུལ་བདུན་དང་ལྡན་པ་སྟེ༔ འབྲིང་དད་པ་ཆེ་བ་དམ་ཚིག་ལ་གནས་པ༔ གཏོང་ཕོད་ཆེ་བའི་སྐྱེས་བུ༔ ཐ་མ་ཡང་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་ཁྱད་དུ་མི་གསོད་པའི་སློབ་མའོ༔ ཚུལ་ཇི་ལྟར་བསྐུར་བ་ནི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་སྐྱ་བར་ནས་བསྟན་ཏེ༔ བསྐུར་བར་བྱ་ཞིང་༔ དང་པོ་ནི་དུས་ཁྱད་པར་ཅན་ཉ་སྟོང་བརྒྱད་གསུམ་ལ་སོགས་པའི་ཚེས་བཅུའི་སྐབས་ལ་བབ་པའི་ཚེ༔ ཡིད་དང་མཐུན་པའི་གནས་ཁང་ལ་སོགས་པ་ཚོགས་རྫོགས་པའི་སྤྱན་གཟིགས་ཅི་ཡང་བཀྲམ༔ དེ་ནས་སའམ་ཤིང་སྟེགས་ཀྱི་སྟེགས་བུ་རྒྱ་ཁྱོན་ཇི་ལྟར་རིགས་པ་བཅས་པའི་སྟེང་དུ༔ དཀྱིལ་འཁོར་འདབ་བརྒྱད་བྲིས་ན་ལེགས། མ་གྲུབ་


CMR007_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འབྲུའི་ཚོམ་བུ་དགུ་སོགས་བཀོད་པའི་དབུས་སུ༔ འབྲུ་ཕྱེ་གཙང་མར་སྣ་ཚོགས་སྤྱོད་སྦྱར་བདུད་རྩི་ཆང་གིས་སྦྲུས་པའི་དཔལ་ཤོས་རིན་ཆེན་ཟུར་བརྒྱད་འདབ་བརྒྱད་ལྡན་པ་ལ། དཀར་ཐིག་དམར་གུར་འདོད་ཡོན་ཟས་སྣ། དར་གྱི་ཕོ་ལོང་རིན་པོ་ཆེའི་སྡོམ་ཚར་གྱི་བརྒྱན་པ་བཤམས་པའི་ཕྱོགས་མཚམས་བརྒྱད་ལ་ཡང་བླ་མ་ཡི་དམ་ཌཀྐི་ལ་སོགས་པའི་གཏོར་མ་ཇི་ལྟར་རིགས་པ་དང་། ཕྱི་ནང་གི་མཆོད་པ་སྨན་རཀ་གི་བདུད་རྩི་རྣམས་རིམ་པ་ལྟར་སྤྱི་དང་མཐུན་པར་བཤམ། དེ་ནས་རྡོ་རྗེ་སློབ་དཔོན་གདན་ལ་གནས་པས་སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་སྟེ༔ སྔོན་དུ་འགྲོ་བའི་མཆོད་བསྟོད་རྒྱས་པར་བྱ་ཞིང་རྩ་གསུམ་གྱི་དཀྱིལ་འཁོར་རྒྱས་བསྡུས་གང་རིགས་རྫོགས་པར་བསྐྱེད་དེ་བཟླས་པ་བྱ༔ རྡོ་རྗེ་རྒྱལ་ཐེབ་ལ་སོགས་པས་རྒྱས་པ་ཕྲིན་ལས་ཀྱི་གཞུང་བསྲང་སྟེ༔ ཚོགས་ལས་ཡན་ཆད་འགྲུབ་པར་བྱ་ཞིང་༔ ཁྱད་པར་དུ་དཔལ་གྱི་གཏོར་མ་རྩ་བ་གསུམ་གྱི་ལྷ་ཚོགས་དམ་ཚིག་པ་བསྐྱེད་ཅིང་། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ༔ ཨོཾ་ཨཱ༔ ཧཱུྃ་ཧྲིབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནི་ཛྙཱ་ན་སརྔ་མ་ཧུ་བྷ་ལི་ཏ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པའི་འཛབ་བརྒྱ་ཕྲག་ཅི་འགྲུབ་བཟླས་པ་བྱའོ༔ སྤྲོས་པ་ལ་དགའ་ན་གཞན་ནས་འབྱུང་བའི་འཛབ་བསྐུལ་འཛབ་བསྟོད་ལ་སོགས་པ་འཛབ་ཀྱི་ཆོ་ག་ཡང་བྱའོ༔ དེ་དག་ནི་སྔོན་དུ་འགྲོ་བའི་རིམ་པའོ༔ གཉིས་པ་དངོས་གཞིའི༔ སྒྲིབ་པ་སྦྱང་བ་ནི༔ གཟུངས་སྔགས་བཟླས་པའི་ཆུས་སློབ་མ་རྣམས་ལ་ཁྲུས་བྱས་ཏེ༔ ནང་དུ་འཁོད་ལ་གུ་གུལ་གྱི་དུད་པས་བདུག༔ ཏིལ་


CMR007_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡུངས་ཀར་ལ་སོགས་པས་བྲབ་ཅིང་དྲག་སྔགས་ཀྱིས་བགེགས་བསྐྲད༔ རོལ་མོ་བསྒྲག སློབ་དཔོན་གྱིས་བསྲུང་བའི་འཁོར་ལོ་བསྒོམ་པར་བྱའོ༔ སློབ་མ་རྣམས་རྡོར་སེམས་བསྐྱེད་རིམ་ལ་གནས་པས་ཡི་གེ་བརྒྱ་པ་བཟླས་ཤིང་རྒྱུད་སྦྱོང་སོང་༔ དེ་ནས་མཎྜལ་འབུལ་ཏེ་ཕྱག་འཚལ་ནས༔ མགྲིན་གཅིག་ཏུ་འདི་སྐད་གསོལ་བ་གདབ༔ ཧཱུྃ༔ བྱིན་རླབས་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས་སོ༔ དངོས་གྲུབ་རྩ་བ་ཡི་དམ་ལྷ་ཚོགས་ལ་གསོལ་བ་འདེབས་སོ༔ ཕྲིན་ལས་རྩ་བ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས་སོ༔ བླ་མས་བྱིན་གྱིས་བརླབ་ཅིང་སྨིན་པར་མཛད་དུ་གསོལ། ཡི་དམ་ལྷའི་བྱིན་གྱིས་བརླབ་ཅིང་གྲོལ་བར་མཛད་དུ་གསོལ༔ མཁའ་འགྲོས་བྱིན་གྱིས་བརླབ་ཅིང་བར་ཆད་བསལ་དུ་གསོལ༔ ཅེས་དད་པའི་ཤུགས་བསྐྱེད་དེ་གསོལ་བ་གདབ༔ དེ་ནས་རྡོ་རྗེ་སློབ་དཔོན་རུས་པའི་རྒྱན་ལ་སོགས་པ་ཆེས་དང་ལྡན་པས་ལྷའི་ང་རྒྱལ་བསྐྱེད་དེ༔ སློབ་མ་རྣམས་ཀྱང་སྐད་ཅིག་གིས་ཕོ་ཐམས་ཅད་རྟ་མགྲིན་སྐུ་མདོག་དམར་པོ༔ ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ་པ་ཁྲོ་བོའི་ཆ་ལུགས་དུ་མ་དང་ལྡན་ཞིང་སྤྱི་བོར་རྟ་མགོ་ལྗང་ཞུར་དབང་སྐད་སྒྲོག་པ༔ ཕྱག་གཉིས་གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན་ཅིང་དཔའ་བོ་དབང་ཆེན་རོལ་


CMR007_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གར་སྟབས་མཛད་པ་ཙམ་གྱིས་སྣང་སྲིད་ཀྱི་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཀྱང་དཔལ་རྟ་མགྲིན་དུ་གྱུར་ནས་འདུས་ཏེ་གར་ཤིག་ཤིག༔ ཞལ་ནས་དྲག་པོའི་ཧཱུཾ་སྒྲ་ཏི་རི་རི་སྒྲོག་པར་བསྒོམ༔ མོ་ཐམས་ཅད་ཡུམ་རྡོ་རྗེ་ཕག་མོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཅེར་བུ་རལ་པ་ཅན༔ ཁྲོ་མོའི་ཆ་ལུགས་དང་ལྡན་པ་ལས་ཀྱང་༔ སྤྱི་གཙུག་ཏུ་ཕག་ཞལ་ནག་མོ་ངུར་སྒྲ་སྒྲོག་པ༔ ཕྱག་གཉིས་གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན་ཅིང་དཔའ་མོའི་སྟང་སྟབས་ཀྱིས་གར་མཛད་པ་ཙམ་གྱིས༔ སྣང་སྲིད་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཀྱང་ཡུམ་རྡོ་རྗེ་ཕག་མོར་གྱུར་ནས་འདུས་ཏེ༔ སྐུས་གར་སྟབས་མཛད་གསུང་གི་གད་རྒྱངས་དང་ཕཊ་སྒྲ་སྒྲོག་པར་བསམ༔ སླར་རྡོ་རྗེ་སློབ་དཔོན་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ་སྤྲུལ་སྐུའི་ཆ་ལུགས་ཅན་དུ་གསལ་བའི་ཐུགས་ཀ་ནས་ཧྲིདམར་པོ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ༔ དཔའ་བོ་དཔའ་མོ་དམ་ཅན་སྲུང་མ་དང་བཅས་པ་ཐམས་ཅད་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་སྤྱན་དྲངས༔ སློབ་མ་རྣམས་ལ་སིབ་སིབ་


CMR007_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པར་བསམ༔ རང་གིས་ཀྱང་བསྒོམ་དུ་བཅུག་ལ༔ ཧཱུྃ་ཧྲཱིཿ བཞེངས་ཤིག་རྩ་བ་གསུམ་བཞེངས་ཤིག༔ རང་རང་གནས་ནས་སྐུ་བསྐྱོད་འཚལ༔ ཨོ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ལ་གཟི་བརྗིད་བསྐྱེད་དུ་གསོལ༔ ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ལྷ་དབང་ལུས་ལ་བསྐུར་དུ་གསོལ༔ སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱགསུང་གི་བྱིན་གྱིས་བརླབ་ཏུ་གསོལ༔ ངག་གི་སྒྲིབ་པ་སྦྱང་དུ་གསོལ༔ སྔགས་དབང་ངག་ལ་བསྐུར་དུ་གསོལ༔ གསུང་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ ཧཱུཾ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ཆོས་དབང་སེམས་ལ་བསྐུར་དུ་གསོལ༔ ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཡེ་ཤེས་ལྔ་ཡི་དབང་བསྐུར་ཅིག༔ རྒྱུད་འཛིན་བུ་ལ་བྱིན་གྱིས་རློབས༔ དབང་རྣམས་རྫོགས་པར་བསྐུར་དུ་གསོལ༔ ཅེས་གསོལ་བ་གདབ༔ རོལ་མོ་སྒྲོག༔ སྤོས་བསྲེག སློབ་དཔོན་གྱིས་མེ་ཏོག་འཐོར༔ དམིགས་པ་སྤར༔ གཟི་ཟིན་བསྐྱེད༔ ཐམས་ཅད་ཀྱང་རིག་པའི་ངར་བསྐྱེད་ཅིང་དམིགས་པ་མ་ཡེངས་བར་བཟུང་༔ འཛབ་དབྱངས༔ ཧཱུྃ་ཕཊ༔ དྲག་པོའི་སྒྲ་རྣམས་བྱའོ༔ རྟོག་པ་སྣ་མི་སྐྱིལ་


CMR007_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཁ་ཡན་དུ་བཏང་ན་བྱིན་རླབས་ཆེ་བར་འགྱུར་བ་གནད་ཡིན་ནོ༔ ཕེབས་ནས་སློབ་དཔོན་གྱིས༔ ཏིཥྛ་བཛྲ་ཛྷཱ་ན་ས་མ་ཡ་སྟོ་ཧོ༔ ཡ་ཏ་སུ་ཁཾ༔ ཞེས་པས་ཡེ་ཤེས་པ་བསྟིམ་པའི་དམིགས་པ་བྱའོ༔ སློབ་མ་རྣམས་ཀྱིས་སེམས་དུས་གསུམ་རྟོག་པའི་རྗེས་ཕྱིར་མི་འབྲང་བར༔ རང་མལ་དུ་ལྷོད་དེ་ཀློད་ལ་དར་ཅིག་བཅས་བཅོས་མེད་པར་བཞག་གོ༔ དེ་ནས་དབང་བསྐུར་བར་བྱ་སྟེ༔ གཏོར་མ་སློབ་མའི་སྤྱི་བོར་བཞག་ཅིང་༔ གཏོར་མ་དེ་ཉིད་ཐ་དད་མེད་པར་པདྨ་འབྱུང་གནས་ཞེས་དུས་གསུམ་གྱི་བླ་མ་ཐམས་ཅད་འདུས་པའི་ངོ་བོ་སྤྲུལ་སྐུའི་ཆ་ལུགས་ཅན༔ དཀར་ལ་དམར་མདངས་ཆགས་པ་ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་དང་གཡོན་ཀ་པཱ་ལ་བསྣམས་པ༔ སྐུ་ལ་ན་བཟའ་ཟབ་བེར་དང་༔ སྣམ་སྦྱར་ཆོས་གོས༔ དབུ་ལ་པད་ཞུ་དར་སྣ་ལྔ༔ མེ་ལོང་འཕྲུལ་གྱིས་བརྒྱན་པ་མནབས་ཤིང་གཞོན་ཞིང་མཛེས་པའི་ཆ་ལུགས་དུ་མས་སྤྲས་ཏེ༔ གཟི་བརྗིད་ཀྱི་ཉམས་དང་ལྡན་པར་བཞུགས་པ་ལ༔ ཕྱོགས་བཅུའི་རྒྱལ་སྲས་རྣམས་དང་༔ དུས་གསུམ་གྱི་སྐུ་གསུམ་བླ་མའི་ཚོགས་ཀྱིས་བསྐོར་བར་དམིགས་པའི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་ག་འཕྲོས་ཤིང་ལུས་ངག་ཡིད་གསུམ་ལ་ཕོག་


CMR007_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པས༔ དེ་དག་གི་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་སང་སང་དག་ནས་ལུས་བདེ་བ་དང་ལྡན༔ ལྷ་དབང་ལུས་ལ་ཐོབ༔ ངག་ནུས་པ་དང་ལྡན༔ སྔགས་དབང་། ངག་ལ་ཐོབ༔ སེམས་བདེ་བ་དང་ལྡན༔ ཆོས་དབང་སེམས་ལ་ཐོབ༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་ཏེ༔ དུག་གསུམ་ངང་གིས་ཞི༔ སྐུ་གསུམ་ལྷུན་གྱིས་གྲུབ་པར་དཔོན་སློབ་ཀུན་གྱིས་བསམས་ལ༔ ཧཱུྃ་ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ༔ སྐུ་གསུམ་མ་འདྲེས་གསལ་ཅིང་ཡོངས་སུ་རྫོགས༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་སྟོང་གཟུགས་གཅིག སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ་ལགས་སོ༔ དེ་ཕྱིར་ཁྱེད་ཀྱི་མཁྱེན་བརྩེའི་ཡེ་ཤེས་ཀྱིས༔ སྐལ་ལྡན་སྐྱེས་མཆོག་རིགས་ཀྱི་བུ་རྣམས་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་དབང་ཆེན་རབ་འབྱམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་ཧཱུྃ༔ བཛྲ་གུ་རུ་པདྨ་ཐོང་ཕྲེལ་རྩལ་བཛྲ་ས་མཱ་ཡ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་གུ་རུ་དྷརྨ་ཀཱ་ཡ༔ ཀཱ་ཡ་སིདྡྷི་ཨ་བྷི་


CMR007_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཥིཉྩ་ཨོཾ༔ གུ་རུ་ནིརྨ་ཀཱ་ཡ༔ ཝཱཀ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ གུ་རུ་སམྦྷོ་ཀཱ་ཡ༔ ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར༔ འགྲིམ་ཚེ་འཛབ་དབྱངས་བྱ༔ གཏོར་མ་མགྲིན་པར་གཏད་དེ༔ གཏོར་མ་དེ་ཉིད་དང་གཉིས་སུ་མེད་པརཿ་ཡི་དམ་ཐམས་ཅད་འདུས་པའི་ངོ་བོ་དཔལ་རྟ་མགྲིན་རྒྱན་ཆ་ལུགས་དང་ལྡན་པར་བསྐྱེད་ལ༔ དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ་པ༔ ཁྲོ་བོའི་ཆ་ལུགས་དུ་མ་དང་ལྡན་ཞིང་སྤྱི་བོར་རྟ་མགོ་ལྗང་ཞུར་དབང་སྐད་སྒྲོག་པ༔ ཕྱག་གཉིས་གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན་ཅིང་༔ དཔའ་བོ་དབང་ཆེན་རོལ་པས་གར་སྟབས་མཛད་པ་ཡི་དམ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་ཚོགས་དཔག་ཏུ་མེད་པས་བསྐོར་བ་རྣམས་ཀྱི༔ སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་ག་འཕྲོས་པ་ཙམ་གྱིས། ལུས་ངག་ཡིད་གསུམ་དང་ཁྱད་པར་སྙིང་གར་ཕོག་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དངོས་གྲུབ་བསྩལ་ནས༔ སེམས་ཀྱི་འདོད་དགུ་འགྲུབ་པར་བསམ་ཞིང་༔ ཧཱུྃ་ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐུགས་རྗེ་ཅན༔ རྒྱལ་བ་ཞི་ཁྲོ་ཡབ་ཡུམ་འཁོར་


CMR007_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱིས༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་བཟང་དཔག་བསམ་ཡིད་བཞིན་ནོར་བུའི་ཚུལ༔ དེང་འདིར་སྐལ་ལྡན་རྣམས་ལ་བསྩལ་དུ་གསོལ༔ སྐུ་གསུང་ཐུགས་མཆོག་ཡོན་ཏན་ཕྲིན་ལས་ཀྱི༔ བྱིན་རླབས་དབང་ཆེན་རབ་འབྱམས་བསྐུར་ནས་ཀྱང་༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་བསྩལ་དུ་གསོལ༔ གཉིས་མེད་ཡོངས་རྫོགས་དངོས་གྲུབ་བསྩལ་དུ་གསོལ༔ མགྲིན་པར་གཏུགས་ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱ༔ བཛྲ་མ་ཧཱ་ཀྲོ་ཏ་ཤནྟི་ཀ༔ ཀཱ་ཡ་སིདྡྷི་ཨོྃ༔ ཝཱཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧཱུྃ༔ སརྦ་དྷེ་ཝ་སིདྡྷི་ཨ་བྷི་ཥིཉྩ་མཱི༔ ཞེས་པས་བསྐུར༔ གཏོར་མ་སྙིང་ག་དང་ལྟེ་བ༔ གསང་གནས་དང་ལག་པར་གཏད་ལ༔ གཏོར་མ་དེ་དང་དབྱེར་མེད་པར་དྷ་ཀིའི་ཐམས་ཅད་འདུས་པའི་ངོ་བོ་ཡུམ་རྡོ་རྗེ་ཕག་མོ་རྒྱན་ཆ་ལུགས་དང་ལྡན་པ་ལ་ཕག་མོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཅེར་བུ་རལ་པ་ཅན༔ ཁྲོ་མོའི་ཆ་ལུགས་དང་ལྡན་པ་ལས་ཀྱང་སྤྱི་བོའི་གཙུག་ཏུ་ཕག་ཞལ་ནག་པོའི་ངུར་སྒྲ་སྒྲོག་པ༔ ཕྱག་གཉིས་གཡས་གཡོན་གྲི་གུག་ཐོད་


CMR007_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཛིན་ཅིང་དཔའ་མོའི་སྟང་སྟབས་ཀྱིས་གར་མཛད་པ༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་ཌཱཀི་མ་ལ་སོགས་མདོར་ན་འཇིག་རྟེན་དང་༔ འཇིག་རྟེན་ལས་འདས་པ༔ མཁའ་འགྲོ་དམ་ཅན་དཔའ་བོ་དང་དཔའ་མོ་དང་བཅས་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས༔ ཕྲིན་ལས་བསྒྲུབ༔ བར་ཆད་བསལ༔ འདོད་དགུ་སྦྱིན་པར་དམིགས་ལ་ཧཱུྃ་ཧྲཱིཿ གཏོར་སྣོད་བྷནྡྷ་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ༔ དྷ་ཀིའི་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད༔ རྣམ་དག་བདུད་རྩི་བླ་མ་མཆོད་པའི་རྫ་ས༔ གཉིས་མེད་དབྱིངས་སུ་དམ་ཚིག་མཉམ་པོར་བསྲེ༔ མ་མོ་དྷཱ་ཀི་དབང་དུ་སྡུད་པ་དང་༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་སླད་དུ༔ སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་ཕྱིར༔ དབང་རྣམས་ཡོངས་སུ་རྫོགས་པ་ཐོབ་པར་ཤོག༔ སྙིང་ག་མགྲིན་པ་གསང་གནས་ལག་པ་བཞིར་བཞག༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་སིདྡྷི་ཀཱ་ཡ་ཝཱཀ་ཙིཏྟ་ཀརྨ་སརྦ་སིདྡྷི་ཧཱུྃ༔ ཞེས་བསྐུར་ཞིང་༔ དེ་ལྟར་རྩ་བ་གསུམ་གྱི་གཏོར་མའི་བྱིན་བརླབས་གྲུབ་ནས༔ སླར་དཀར་རྒྱན་ལ་འབྲུ་གསུམ་སོགས་སྔགས་


CMR007_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ངར་གླུད་ལ་སྤྱི་བོར་རྒྱས་གདབ༔ ཀ་པཱ་ལའི་བདུད་རྩི་ལྕེ་ཐོག་ཏུ་བླུག༔ རྡོ་རྗེ་དྲིལ་བུས་སྙིང་གར་རྒྱས་གདབ༔ བླ་མ་སྤྱི་བོར༔ ཡི་དམ་མགྲིན་པ༔ ཌཱཀི་སྙིང་གར་བསྟིམ་ཞིང་༔ ཨོཾ་ཨཱཿཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་རྒྱ༔ ལུས་ལ་བདེ་བ་བསྐྱེད་དུ་གསོལ༔ ཡི་དམ་ལྷ་ཡི་དངོས་གྲུབ་རྒྱ༔ ངག་ལ་ནུས་པ་བསྐྱེད་དུ་གསོལ༔ དྷ་ཀིའི་ཚོགས་ཀྱི་ཕྲིན་ལས་རྒྱ༔ སེམས་ཀྱི་འདོད་དགུ་བསྒྲུབ་ཏུ་གསོལ༔ སྒྲུབ་མཆོག་མོས་པའི་བུ་རྣམས་ལ༔ བྱིན་གྱིས་བརླབ་པར་མཛད་ནས་ཀྱང་༔ དངོས་གྲུབ་བདུད་རྩིའི་ཆར་ཆེན་ཕོབ༔ ཕྲིན་ལས་དགོས་འདོད་རེ་བ་སྐོངས༔ ཞེས་པ་རྣམས་ཀྱིས༔ དངོས་གཞི་དབང་བྱིན་རླབས་རྒྱས་འདེབས་དང་བཅས་པ་གྲུབ་ནས༔ གསུམ་པ་རྗེས་ཀྱི་ལས་རིམ་རྟོགས་པ་བརྗོད་ཅིང་དངོས་གྲུབ་བླངས་ནས་ཤིས་པ་བརྗོད་པ་ལས༔ རྟོགས་བརྗོད་རྣམ་གྲངས་མང་དུ་བཤད་ཀྱང་༔ འདིར་བརྡ་དཔེས་མཚོན་པ་ནི༔ བཞིར་འདུས་པ་ཡང་འདི་སྐད་དུ༔ གཏོར་མ་ལ་ཡང་མཚོན་བྱེད་དང་༔ བྱིན་རླབས་དབང་དུ་འདུས་པ་བླ་མ་འམ༔ ཡི་དམ་དྷ་ཀི་ལ་སོགས་དང་༔ དེ་བཞིན་དངོས་གྲུབ་འདོད་པའམ༔ བདུད་རྩིར་དམིགས་ལ་གང་འདོད་


CMR007_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་༔ བགེགས་ཀྱི་སྦྱོར་བ་བཤིགས་པའི་ཚེ༔ རྣོ་ངར་ལྡན་པའི་མཚོན་ཆར་དམིགས༔ མཆོག་དང་ཐུན་མོང་བསྐང་ཚེ་ནི༔ འདོད་ཡོན་ལོངས་སྤྱོད་མཆོད་པའི་སྤྲིན། བསྐང་བའི་དམ་རྫ་ས་དག་ཏུ་དམིགས༔ དེ་སོགས་རྣམ་བཞི་མོས་པས་མཚོན༔ གང་སྦྱོར་ལའང་ལས་ཀྱི་སྦྱོར་བ་ཤེས༔ ཞེས་པའི་ལུགས་དང་མཐུན་པར༔ གཏོར་མ་དེ་ཉིད་བྱིན་རླབས་དབང་གི་སྐབས་སུ༔ བླ་མ་ཡི་དམ་དྷཱ་ཀི་ལ་སོགས་པའི་ངོ་བོར་དམིགས་ཏེ༔ དད་པའི་ཤུགས་བསྐྱེད་དེ་ཞུ༔ སློབ་དཔོན་གྱིས་ཀྱང་དེའི་ཚུལ་ཅན་བསྐུར་ན༔ བསྐུར་ཐོབ་ཀྱི་ཡོན་ཏན་འབྱུང་བར་འགྱུར་རོ༔ དངོས་གྲུབ་ཏུ་རོལ་བའི་ཚེ༔ གཏོར་མ་ལ་བསྐྱེད་པའི་ལྷ་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་འོད་དུ་ཞུ་ནས་ཟག་པ་མེད་པའི་བདུད་རྩི་ཆེན་པོར་དམིགས་ཏེ༔ གུས་པས་རོལ་ཅིང་སྤྱོད་ན་དངོས་གྲུབ་རྣམ་གཉིས་འགྲུབ་པར་འགྱུར་རོ༔ དགྲ་བགེགས་གདུག་པ་ཅན་ལ་ཟོར་དུ་འཕེན་པའི་ཚེ་ན༔ གཏོར་མ་མདའ་མདུང་དྲག་པོའི་མཚོན་གྱི་ཆར་པར་དམིགས་ཏེ་འཕང་ན་ཚར་ཆོད་པར་འགྱུར་རོ༔ མཆོད་ཅིང་ཐུགས་དམ་བསྐང་བའི་དུས་སུ༔ མཆོད་རྫས་དང་བསྐོང་རྫས་ལ་སོགས་པར་དམིགས་ཤིང་ཕུལ་ན་དགྱེས་པ་བསྐང་བར་འགྱུར་རོ༔ གཏོར་ལུང་བཀའ་རྒྱ་མ་ལས་ཀྱང་༔ བྱིན་རླབས་གཏོར་མ་ལྟར་མོས་ཤིང་༔


CMR007_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལ་དབང་རྫས་ཉིད་དུ་སྟེ༔ དངོས་གྲུབ་བླང་བའི་གཏོར་མ་ནི༔ གང་འདོད་དངོས་གྲུབ་རྗེས་སུ་དམིགས༔ དེ་སོགས་གང་འདོད་སོ་སོ་ཡི༔ གཏོར་མ་རྣམས་ལ་དེ་ལྟར་དམིགས༔ རྣལ་འབྱོར་འདོད་གསོལ་རིམ་པར་སྦྱར༔ ཞེས་འབྱུང་བ་རྣམས་ཀྱིས་ཤེས་པར་བྱའོ༔ དངོས་གྲུབ་བླང་བ་ནི༔ གཤེགས་ཤིང་འཕང་བར་འོས་པ་རྣམས་ལས་གཞུང་མཐུན་པར་བཤགས་སྦྱང་ལ་སོགས་པ་བྱས་ཤིང་༔ དངོས་གྲུབ་བླང་བར་འོས་པ་རྣམས་ལྷ་དབྱིངས་སུ་བཏེག་ལ་གཏོར་མ་མེ་རླུང་འབྲུ་གསུམ་གྱི་སྦྱོར་བས་བཞུ་བཏུལ་བྱིན་གྱིས་བརླབ་ཅིང་སྨན་རཀ་སྦྲེང་བས༔ རྩ་སྔགས་ལ་ཁཱ་ཧི་ཤམ་བུ་ཅན་གྱིས་འབུལ༔ བསྟོད་པ་དང་འདོད་གསོལ་ལ་སོགས་སྤྱི་དང་མཐུན་པར་བྱས་ཏེ༔ ལྷ་ཚོགས་དགྱེས་པའི་ཞལ་ཆུ་བདུད་རྩིའི་རྒྱུན་ཅི་འདོད་འབྱུང་བར་དམིགས་ལ༔ ཨོཾ་ཨཱ༔ ཧཱུྃ་ཧཱུྃ༔ བཛྲ་གུ་རུ་དྷེ་བ་དྷ་ཀི་ནི་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་པའི་འཛབ་ཀྱིས༔ དངོས་གྲུབ་བླང་དེས་དངོས་གྲུབ་ནར་མར་འབྱུང་བར་འགྱུར་རོ༔ ཤིས་པ་བརྗོད་པ་ལ་སོགས་པའི་རྗེས་ནི་སྤྱི་དང་མཐུན་པར་གང་འོས་རིགས་པར་སྦྱར་རོ༔ སཱ་མཱ་ཡ༔ གཏོར་མའི་དབང་མ་བསྐུར་ན་ཅི་ཉེས་ན༔ འདི་སྐད་དུ༔ དབང་བཞི་ཡོངས་རྫོགས་བསྐུར་ནས་ནི༔ མཐའ་བརྟེན་གཏོར་དབང་མ་རྫོགས་ན༔ དེ་ཡང་ཆ་ལག་ཉམས་པ་


CMR007_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ༔ ཐུན་མོང་དངོས་གྲུབ་ལས་འགྱང་འགྱུར༔ ཞེས་འབྱུང་བས་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ནས༔ གཏོར་དབང་མཐའ་བརྟེན་མ་བསྐུར་ན༔ ཆོ་གའི་ཆ་ལག་མ་ཚང་བར་འབྱུང་བར་འགྱུར་བ་དང་༔ ཐུན་མོང་གི་དངོས་གྲུབ་དང་༔ ལས་འགྱང་བའི་སྐྱོན་ཡོད་པས་དངོས་གྲུབ་མྱུར་དུ་འདོད་པ་དེ་བས་ཀྱང་གནད་ཆེ་བས༔ དེ་ལ་སོགས་པ་གཏོར་དབང་མ་བསྐུར་ན༔ ཉེས་པའི་རྣམ་གྲངས་མང་བར་གསུངས་སོ༔ བསྐུར་བའི་ཡོན་ཏན་ནི༔ ནོ་པེ་ཀ་ལས༔ གཏོར་མ་ནི་ལས་ཐམས་ཅད་པའོ༔ གཏོར་མ་ནི་དངོས་གྲུབ་ཀྱི་མཚོའོ༔ གཏོར་མ་ནི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པའི་རྩ་བའོ༔ གཏོར་མ་ནི་བྱིན་རླབས་ཐམས་ཅད་ཀྱི་འབྱུང་རྐྱེན་ནོ༔ གཏོར་མའི་དབང་ཐམས་ཅད་ཀྱི་མཆོག་གོ༔ ཞེས་པ་ལ་སོགས་པ་ལུང་མང་ཞིང་༔ སྤྱིར་སྨིན་གྲོལ་གཉིས་ལས༔ སྨིན་བྱེད་ཀྱི་དབང་གི་ལས་ཐམས་ཅད་གཏོར་མ་ལ་ཐུག་ཅིང་༔ སྣ་ཡང་གཏོར་མས་འདྲེན། མཇུག་ཀྱང་གཏོར་མས་སྡུད་ཅིང་༔ ཁྱད་པར་དུ་དབང་དང་བྱིན་རླབས་རྗེས་གནང་ཐམས་ཅད་ཀྱི་རྗེས་གཏོར་མ་ལ་བརྟེན་ནས་བསྐུར་བའི་ཕྱིར་ན་ཡོན་ཏན་གྱི་རྣམ་གྲངས་མང་དུ་


CMR007_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས༔ སྨིན་བྱེད་དབང་གི་བྱེ་བྲག་ཐམས་ཅད་ཀྱི་རྩ་བ༔ གཏོར་མའི་བརྡ་དབང་གནད་ཆེ་བས་རྣམ་གྲངས་གུད་དུ་ཕྱེས་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ སཱ་མཱ་ཡཱ་རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ འདིར་བཀྲ་ཤིས་ནི་མེ་ཏོག་ཕྲེང་མཛེས་ཀྱི་མཇུག་གི་དེ་སྦྱར་བ་ཕྱག་ལེན་ནོ༔ གཙོ་བོས་ཇི་ལྟར་བཀའ་སྩལ་སོགས་དང་༔ མཎྜལ་བྱའོ༔ ཞེས་རཱ་ག་ཨ་སྱས་གོང་འོག་གི་འཁྲུགས་ཅུང་ཟད་བསྡེབས་པ་སྟེ་བཅོས་སླད་མེད་དོ༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབླ་མ་དགོངས་པ་འདུས་པ་ལས་བྱིན་རླབས་གཏོར་མའི་བརྡ་དབང་དང་རྩ་བ་གསུམ་གྱི་དབང་དོན་བསྡུས་པ།next