Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགོངས་འདུས་བཀའ་སྲུང་རྟ་ཤ་བཙན་གསུམ་བསྐང་བ།
   
   
   
   
   
   
   
   
   
   
   
   
   


 
previousདགོངས་འདུས་བཀའ་སྲུང་རྟ་ཤ་བཙན་གསུམ་བསྐང་བ།next

དགོངས་འདུས་བཀའ་སྲུང་རྟ་ཤ་བཙན་གསུམ་བསྐང་བ།


CMR007_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་འདུས་བཀའ་སྲུང་རྟ་ཤ་བཙན་གསུམ་བསྐང་བ་བཞུགས། དགོངས་འདུས་བཀའ་སྲུང་རྟ་ཤ་བཙན་གསུམ་བསྐང་བ་ནི། ཧཱུྃ༔ དབང་ཆེན་མེ་རླུང་འཁྲུགས་པའི་དཀྱིལ་འཁོར་ནས༔ རབ་འཇིགས་དུར་ཁྲོད་འབར་བའི་གཞལ་གཡས་སུ༔ དབང་གི་ལྷ་མཆོག་རྟ་མགྲིན་དབང་གི་ལྷ༔ ཡབ་ཡུམ་སྲས་འཁོར་བཅས་པ་ཐམས་ཅད་ལ༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་༔ ཉོན་མོངས་ཤ་ཁྲག་རུས་པའི་མཆོད་པ་འབུལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམས་སྤྲུལ་པའི༔ འདོད་ཡོན་རབ་རྒྱས་སྨན་རཀ་གཏོར་ཚོགས་འདིས༔ དཔའ་བོ་རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང་༔ གནོད་བྱེད་དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ ཡུམ་མཆོག་ཨེ་ཀ་ཛཱ་ཊིའི་ཐུགས་དམ་བསྐང་༔ གནོད་བྱེད་དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ སྲས་མཆོག་གནོད་སྦྱིན་དམར་པོའི་ཐུགས་དམ་བསྐང་༔ གནོད་བྱེད་དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ ཕོ་ཉ་ལས་མཁན་སྤྲུལ་པ་ལ་སོགས་པའི༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་༔ གནོད་བྱེད་དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔


CMR007_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་བསྟན་པ་བསྲུང་བར་ཁས་བླངས་པའི༔ ཤ་ཟ་ཁ་མོ་ཆེ་ཡི་ཐུགས་དམ་བསྐང་༔ ནག་མོ་དྲེད་མོའི་གདོང་དང་ཅེ་སྤྱང་གདོང་༔ སྤྱང་གདོང་ཝ་གདོང་རྣམས་ཀྱི་ཐུགས་དམ་བསྐང་༔ ཤ་ཟ་སྨན་མོ་ཀླུ་མོ་བཙན་མོ་སོགས༔ སྲུང་མ་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང་༔ གནོད་བྱེད་དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ ཀླུ་བཙན་འབར་བ་སྤྱན་བདུན་ཐུགས་དམ་བསྐང་༔ བཙན་འཁོར་སུམ་བརྒྱ་དྲུག་ཅུའི་ཐུགས་དམ་བསྐང་༔ རྭ་ཙ་དགེ་བསྙེན་མཆེད་བདུན་ཐུགས་དམ་བསྐང་༔ དཀོར་བདག་སྐྱེས་བུ་སྟོང་སྡེའི་ཐུགས་དམ་བསྐང་༔ ནོར་ལྷ་གནོད་སྦྱིན་མཆེད་བདུན་ཐུགས་དམ་བསྐང་༔ གཏེར་བདག་གནོད་སྦྱིན་ས་ཡའི་ཐུགས་དམ་བསྐང་༔ སྨན་དང་རཀྟ་བདུད་རྩིའི་ཁུ་བ་བཅས་ཕྲེང་བའི་ཨགྷཾ་འབྲས་མཆན་གཙང་མའི་བཤོས༔ བྱུག་པའི་ཞུན་ཆེན་བདུག་པའི་གསུར་ཆེན་དྲི༔ མཛེས་པའི་བ་དན་གཡབ་དར་བརྟེན་པའི་རྫས༔ སྟག་གཟིག་རྒྱལ་མཚན་མདུང་དར་བ་དན་ཅན༔ ཐུགས་དམ་གཉན་པོ་བསྐང་ཕྱིར་འབུལ་གྱིས་བཞེས༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་དེས་བསྐང་ལ༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་


CMR007_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ༔ འདོད་ཡོན་ལྔ་ལས་བྱུང་བའི་ཚོགས་མཆོད་འདིས༔ རྟ་མགྲིན་ནག་པོ་ཡབ་ཡུམ་སྲས་དང་འཁོར༔ ཀླུ་བཙན་དགེ་བསྙེན་གནོད་སྦྱིན་མཆེད་བདུན་དང་༔ ཌཱ་ཀི་ཁ་མོ་ཆེ་ཡི་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་ནས་དྲག་པོའི་ཕྲིན་ལས་མཛོད༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ ཟ་བའི་འདྲེ་དང་ཕུང་བའི་སྲི་ལ་སོགས༔ བསྟན་ལ་འཚེ་ཞིང་སེམས་ཅན་ཡོངས་ལ་གནོད༔ བསྒྲལ་བའི་ཡུལ་དུ་གྱུར་པ་གང་ཡིན་རྣམས༔ འཁོར་བཅས་ཁྱེད་ཀྱིས་མྱུར་སྒྲོལ་ཕྲིན་ལས་མཛོད༔ ཕ་རོལ་མི་དང་མི་མ་ཡིན་པ་ཡི༔ བསམ་སྦྱོར་ངན་པ་ཐམས་ཅད་བཟློག་ཏུ་གསོལ༔ ཆགས་མེད་རིན་པོ་ཆེའི་གསུངས་སོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགོངས་འདུས་བཀའ་སྲུང་རྟ་ཤ་བཙན་གསུམ་བསྐང་བ།next