Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུ་དྲག་པོའི་རྫོགས་རིམ་བླ་མའི་ཐུགས་ཁྲིད་ཡིད་བཞིན་ནོར་བུའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོའི་རྫོགས་རིམ་བླ་མའི་ཐུགས་ཁྲིད་ཡིད་བཞིན་ནོར་བུའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།next

གུ་རུ་དྲག་པོའི་རྫོགས་རིམ་བླ་མའི་ཐུགས་ཁྲིད་ཡིད་བཞིན་ནོར་བུའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།


CMR007_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་རྫོགས་རིམ་བླ་མའི་ཐུགས་ཁྲིད་ཡིད་བཞིན་ནོར་བུའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ༔ ༔


CMR007_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨ་ཀྲོ་ཏ་ཡེ༔ བླ་མ་དྲག་པོའི་སྐུ་ལ་ཕྱག་འཚལ་ལོ༔ གུ་རུ་དྲག་པོའི་རྫོགས་རིམ་ཐུགས་ཁྲིད་ལས༔ འདོན་ཆ་རང་གཞན་ཕན་ཕྱིར་ཁྱེར་བདེར་བཀོད༔ རྩ་གསུམ་སྲུང་མར་བཅས་པས་བཀའ་གནང་སྩོལ༔ དབང་ལུང་མ་ཐོབ་འདི་ཉིད་འདོན་མི་རུང་༔ དབང་ཐོབ་འདི་ཉིད་གྱེར་སྒོམ་སྦྲགས་པས་འཐུས༔ ཐོ་རངས་དང་པོར་རང་གི་མདུན་གྱི་ནམ་མཁའ་ལ༔ རང་བཞིན་གྱི་མཁའ་འགྲོ་མ་ལེགས་ཉེས་ཀྱི་སྟངས་འཛིན་དམ་ཚིག་གི་རྗེས་གཅོད་རྣལ་འབྱོར་པའི་སྲོག་སྐྱོབ་པའི་རྣལ་འབྱོར་མ་རྣམས་ཀྱིས༔ ཌཱ་མ་རུ་དང་དྲིལ་བུའི་སྒྲ་ཁྲོལ་གྱིས་བྱོན་ཏེ༔ རང་དགེ་སྦྱོར་ལ་བསྐུལ་མ་མི་རྟག་བློ་སྣ་བཏུང་བའི་གླུ་འདིས་བསྐུལ་བར་བསམ་ཞིང་༔ རང་གིས་ངག་ཏུ་གསལ་


CMR007_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ཀྱང་རུང་ངོ་༔ ཀྱེ་མ་ཀྱི་ཧུད་སྐལ་ལྡན་རིགས་ཀྱི་བུ༔ མ་རིག་གཏི་མུག་དབང་གིས་མ་ནོན་པར༔ བརྩོན་འགྲུས་ངར་བསྐྱེད་ད་ལྟ་ཡར་ལོངས་ལ༔ ཐོག་མེད་དུས་ནས་ད་ལ་ཐུག་གི་བར༔ མ་རིག་དབང་གིས་ཉལ་ཡུན་དེས་ཆོག་གིས༔ ད་ནི་མ་ཉལ་སྒོ་གསུམ་དགེ་ལ་འབུངས༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་མི་ཤེས་སམ༔ དེ་རིང་ཙམ་ཡང་རྟག་པའི་གོ་སྐབས་མེད༔ སྒྲུབ་ལ་བརྩོན་འགྲུས་བསྐྱེད་པའི་དུས་ལ་བབ༔ ད་རེས་སྐྱེས་བུའི་གཏན་བདེ་བསྒྲུབ་དུས་འདིར༔ སྙོམས་ལས་ངང་ལ་སྡོད་པའི་དུས་མ་ཡིན༔ འཆི་བ་སོམ་ལ་སྒྲུབ་པ་ཉམས་སུ་


CMR007_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས༔ ཚེ་ལ་ལོང་མེད་འཆི་རྐྱེན་བསམ་མི་ཁྱབ༔ དེ་ཚེ་མི་འཚེར་གདེང་ཞིག་མ་ཐོབ་ན༔ སྐྱེས་བུ་ཁྱོད་ནི་གསོན་པས་ཅི་ཞིག་རུང་༔ ཆོས་རྣམས་བདག་མེད་སྟོང་ཉིད་སྤྲོས་དང་བྲལ༔ སྒྱུ་མ་སྨིག་སྒྱུ་རྨི་ལམ་གཟུགས་བརྙན་དང་༔ དྲི་ཟའི་གྲོང་ཁྱེར་བྲག་ཆ་ལྟ་བུར་སྤྱོད༔ ཆུ་ཟླ་ཆུ་བུར་མིག་ཡོར་སྤྲུལ་པ་སོགས༔ ཤེས་བྱ་སྒྱུ་མའི་དཔེ་བཅུ་དེ་ཉིད་དུ༔ འཁོར་འདས་ཆོས་རྣམས་ཁྱོད་ཀྱིས་ཤེས་པར་གྱིས༔ ཞེས་ལྷང་ལྷང་སྒྲོག་ཅིང་སྤྲུགས་པའི་སྒྲ་ཏིར་གྱིས་ནམ་མཁའ་ལ་ཡལ་བར་བསམས་ལ༔ དོན་དེ་ཉིད་དྲན་པས་རང་ཉིད་རིག་པ་ཧུར་ཕྱུངས་གཟེངས་བསྟོད་དེ་ལྡང་བར་བྱའོ༔ དེ་ནས་ལས་རྒྱུ་འབྲས་སྒོམ་པ་ནི༔ ཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས༔ ཐར་མེད་འཁོར་བའི་རྒྱ་མཚོ་དང་རིང་དུ༔ ལས་ཀྱིས་མནར་བའི་འགྲོ་རྣམས་སྙིང་རེ་རྗེ༔ སྡུག་བསྔལ་རྒྱ་མཚོ་སྐེམ་པར་བྱིན་གྱིས་རློབས༔ མ་རིག་ལས་ཀྱིས་མནར་བའི་འགྲོ་བ་རྣམས༔ བདེ་བ་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད༔ ཐབས་མི་མཁས་པའི་འགྲོ་རྣམས་སྙིང་རེ་རྗེ༔ ཉོན་མོངས་ལས་སྒྲིབ་དག་པར་བྱིན་གྱིས་རློབས༔ འཁོར་བའི་ཉེས་དམིགས་ནི༔ བདག་འདོད་གཟུང་འཛིན་བཅིང་བའི་བཙོན་ར་འདིར༔ རི་དྭགས་རྒྱར་ཚུད་སླར་ཡང་འཇུག་


CMR007_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར༔ མ་རིག་གཏི་མུག་ཅན་རྣམས་སྙིང་རེ་རྗེ༔ འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས༔ ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདི༔ གཅིག་ནས་གཅིག་ཏུ་ཟོ་ཆུན་འཁྱུད་མོ་བཞིན་མཐའ་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ༔ རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས༔ འཆི་བ་མི་རྟག་པ་སྒོམ་པ་ནི༔ སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་རྣམས༔ ཇི་ཙམ་མཐོང་ཡང་མི་འཇིགས་སྙིང་སྲན་ཅན༔ ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད༔ མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས༔ མི་རྟག་བློ་གཏད་མེད་པར་མ་ཤེས་ནས༔ ད་དུང་འཁོར་བ་འདི་ལ་ཞེན་ཅིང་ཆགས༔ སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་འདས༔ འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས༔ སྣོད་ཀྱི་འཇིག་རྟེན་མི་རྟག་མེ་ཆུས་འཇིག༔ བཅུད་ཀྱི་སེམས་ཅན་མི་རྟག་ལུས་སེམས་བྲལ༔ དབྱར་དགུན་སྟོན་དཔྱིད་ནམ་ཟླ་དུས་མི་རྟག༔ སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས༔ ན་ཉིན་ད་ལོ་ནམ་ཟླའི་སྟོད་སྨད་དང་༔ ཞག་དང་ཉིན་མཚན་སྐད་ཅིག་དུས་མི་རྟག༔ ལེགས་པར་སོམས་དང་རང་ཉིད་འཆི་བས་གཏུག སྒྲུབ་ལ་སྙིང་རུས་ནུས་པར་


CMR007_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས༔ དལ་འབྱོར་རྙེད་དཀའ་བ་ནི༔ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ༔ འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ༔ ཆོས་མེད་འགྲོ་རྣམས་སྟོང་ལོག་སྙིང་རེ་རྗེ༔ ལོང་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས༔ ཀྱེ་མ་ཀྱི་ཧུད་དཀོན་མཆོག་ཐུགས་རྗེ་ཅན༔ རྒྱལ་བ་ཁྱེད་ལ་མཁྱེན་བརྩེའི་མཐུ་མངའ་བས༔ བདག་སོགས་རིགས་དྲུག་འཁོར་བའི་སྡུག་བསྔལ་ལས༔ ད་ལྟ་ཉིད་དུ་སྒྲོལ་བར་བྱིན་གྱིས་རློབས༔ ཞེས་ཐུན་མོང་གི་སྔོན་འགྲོ་བཞི་འདོན་བསྒོམ་བྱ༔ དེ་ཡང་གོང་གི་དུཋཁ་དེ་རྣམས་ལས་སྐྱོབ་ནུས་པ་དཀོན་མཆོག་གསུམ་མིན་པ་མེད་པས༔ མདུན་གྱི་ནམ་མཁར་སྐྱབས་ཡུལ་ཐམས་ཅད་སྤྲིན་ཕུང་བཞིན་དུ་གཏིབས་པར་བསམས་ལ༔ རང་དང་ཕ་མས་གཙོར་བྱས་སེམས་ཅན་ཐམས་ཅད་དགྲ་མི་ཤ་བཙོན་དོང་ནས་ཐར་བར་འདོད་པ་ལྟ་བུའི་གདུང་བས་ཁ་ཙམ་མ་ཡིན་པར་ཕྱིའི་སྐྱབས་འགྲོ་ནི༔ ན་མོ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་དུ༔ རྒྱུན་ཆད་མེད་པར་འགྲོ་ལ་དགོངས་མཛད་པའི༔ སངས་རྒྱས་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ རྐང་གཉིས་གཙོ་བོ་མཚན་དང་དཔེ་བྱད་བརྒྱན༔ ཕྲིན་ལས་མི་ཟད་ནམ་མཁའི་མཐའ་དང་མཉམ༔ སངས་རྒྱས་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཞི་བ་ཆགས་བྲལ་དོན་དམ་


CMR007_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་ཆོས༔ ཐེག་པ་གསུམ་གྱི་ཕྱིར་མི་ལྡོག་པའི་ལམ༔ དམ་པའི་ཆོས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ བཀའ་བརྒྱུད་ལུང་དང་མན་ངག་སྒྲུབ་པའི་ཚོགས། བསྟན་དང་བསྟན་འཛིན་ཉོན་མོངས་ཚོགས་བྲལ་བའི༔ དམ་པའི་ཆོས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ མ་ནོར་ལམ་གནས་ཚོགས་མཆོག་ཀུན་གྱི་ཞིང་༔ ཉོན་མོངས་དྲི་མས་རབ་དབེན་འཕགས་པའི་ཚོགས༔ དགེ་འདུན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ འཆད་རྩོད་རྩོམ་གྱིས་སངས་རྒྱས་བསྟན་འཛིན་ཅིང་༔ ལྷག་པའི་ཚོགས་མཆོག་ཕར་ཕྱིན་དྲུག་ལ་གནས༔ དགེ་འདུན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ གཉིས་པ་ནང་གི་སྐྱབས་འགྲོ་ནི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ གསང་བ་བླ་མེད་དཀྱིལ་འཁོར་ཀུན་གྱི་གཙོ༔ བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ཆེ༔ མཐོང་ཐོས་དྲན་པས་དངོས་གྲུབ་མཆོག་སྩོལ་བའི༔ བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང་༔ འགྲོ་བའི་དོན་དུ་ཞི་དང་ཁྲོ་གར་སྤྲུལ༔ ཡི་དམ་ལྷ་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཐུགས་རྗེའི་ངང་ནས་སྐྱ་མ་ཆུ་


CMR007_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བཞིན་མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་བའི༔ ཡི་དམ་ལྷ་ལ་ཕྱག་འཚལ་སྐྱབས་སུ་མཆི༔ འབྱུང་བ་ལྔ་ཉིད་ཡེ་ནས་རྣམ་པར་དག༔ ཆོས་དབྱིངས་སྐྱེ་མེད་ངང་ལས་སྣ་ཚོགས་སྤྲུལ༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ དག་པའི་གནས་མཆོག་བདེ་ཆེན་མཆོག་སྩོལ་ཅིང་༔ དམ་ཚིག་ཅན་ལ་དངོས་གྲུབ་སྟེར་མཛད་མ༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ གསུམ་པ་གསང་བའི་སྐྱབས་འགྲོ་ནི༔ ཡེ་ནས་སྟོང་ཉིད་སྤྲོས་དང་བྲལ་བ་ལ༔ སྤྲོས་མེད་སྤྲོས་བྲལ་འདུས་མ་བྱས་པའི་ངང་༔ འཛིན་མེད་བློ་འདས་ངང་དུ་སྐྱབས་སུ་མཆི༔ ངོ་བོ་རང་བཞིན་ཐུགས་རྗེ་ཀ་ནས་དག༔ མཉམ་རྫོགས་ཀློང་ཡངས་ཆེན་པོའི་རང་བཞིན་ལ༔ རྟོག་མེད་རང་གསལ་རྗེན་པར་སྐྱབས་སུ་མཆི༔ ལྷུན་གྲུབ་རང་བཞིན་ཡེ་ནས་སྐུ་ལྔའི་བདག༔ ཡེ་ཤེས་ལྔ་ལྡན་འོད་ཀྱི་རང་བཞིན་ལ༔ འཛིན་མེད་རང་གསལ་ངང་དུ་སྐྱབས་སུ་མཆི༔ དབྱིངས་རིག་གསལ་སྟོང་ཐིག་


CMR007_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལེའི་དཀྱིལ་འཁོར་དུ༔ རང་རིག་རང་གསལ་རྡོ་རྗེའི་ལུ་གུ་རྒྱུད༔ མངོན་སུམ་འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ མ་འགག་རང་གསལ་ཀུན་ཁྱབ་ཐུགས་རྗེ་ཅན༔ ཅིར་ཡང་སྤྲུལ་པ་བདེ་ཆེན་ཐུགས་རྗེའི་ལྷ༔ ཤར་གྲོལ་མཐའ་བྲལ་ཆེན་པོར་སྐྱབས་སུ་མཆི༔ ཐུགས་རྗེའི་རང་བཞིན་ཉི་མའི་འོད་ཟེར་གྱིས༔ རྟོག་མེད་ངང་ནས་འགྲོ་བའི་མུན་སེལ་བ༔ དུས་གསུམ་ཐོག་མཐའ་མེད་པར་སྐྱབས་སུ་མཆི༔ ཞེས་ལན་གསུམ་མམ་བདུན་ནམ་ཅི་རིག་བྱའོ༔ འགྲོ་དྲུག་ཕ་མ་འདི་རྣམས་ལ་སྙིང་རྗེ་བཟོད་བླག་མེད་པར་བསྒོམས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི༔ ན་མོ༔ འགྲོ་དྲུག་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ བྱང་ཆུབ་སེམས་མཆོག་དམ་པ་བསྐྱེད་པར་བགྱི༔ ཞེས་ལན་གསུམ་གལ་ཆེ༔ དེ་ནས་སྡོམ་པ་བཟུང་བ་ནི༔ སངས་རྒྱས་རྣལ་འབྱོར་སྡོམ་པའི་མཆོག་ཉིད་དང་༔ སྡོམ་པ་ཡི་ནི་ལྷག་པའི་ཚུལ་ཁྲིམས་དང་༔ དགེ་བའི་ཆོས་རྣམས་མ་ལུས་སྡུད་པ་དང་། འགྲོ་བ་སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ༔ བདག་གིས་རྟག་ཏུ་བརྟན་པོར་བཟུང་བར་བགྱི༔ འགྲོ་བ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་སྡོམ་པ་བརྟན་པོར་


CMR007_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བར་བགྱི༔ ལུས་དང་སྲོག་ལ་ལྟོས་པ་མེད་པར་ནི༔ ཁྱེད་ཀྱི་རྗེས་སུ་འཇུག་ཅིང་བདག་སློབ་ཅིང་༔ ཚད་མེད་ཐུགས་རྗེས་ཉེ་བར་དགོངས་ནས་ཀྱང༔ ཀུན་ནས་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ སེམས་བསྐྱེད་རིགས་ལྔའི་སྡོམ་པ་བཟུང་བ་ནི༔ ཨེ་མ་ངོ་མཚར་རྨད་དུ་བྱུང་༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་བསླབ་ཅིང་བསྒྲུབ༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང་༔ བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས༔ མ་གྲོལ་སྒྲོལ་དང་མ་བརྒལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ དཀོན་མཆོག་གསུམ་བང་མི་བཏང་ངོ་༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ་སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་


CMR007_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་བཤད༔ པདྨའི་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱེད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཡིན༔ བདག་ནི་དཔལ་ཆེན་རིགས་མཆོག་ས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྐྱབས་ཆེན་དཀོན་མཆོག་རྣམ་གསུམ་ལ༔ མི་འདའ་རྡོ་རྗེའི་དམ་ལ་གནས༔ ཡར་མཆོད་གུས་ཤིང་མར་ལ་བརྟེ༔ རྩ་བ་ཡན་ལག་དམ་ཚིག་བསྲུང་༔ རྩ་བ་བཞི་སོགས་དམ་ཚིག་ལ༔ ནམ་ཡང་མི་འདའ་བཟུང་བར་བྱའོ༔ རྡོར་སེམས་སྒོམ་བཟླས་ནི༔ རང་ཐ་མལ་པའི་སྤྱི་གཙུག་ཁྲུ་གང་ཙམ་གྱི་ནམ་མཁར་ཉི་ཟླ་དང་པདྨའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཤེལ་འདྲ་བ༔ རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པ༔ དར་དང་རཏྣའི་རྒྱན་གྱིས་སྤྲས་པ༔ དེའི་ཐུགས་ཀར་ཟླ་བའི་ལྟེ་བར་ཧཱུྃ་ལ་ཡིག་བརྒྱས་བསྐོར་བ༔ དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་སྤྱན་དྲངས༔ ཐུགས་ཀར་ཐིམ་བདུད་རྩིའི་རང་


CMR007_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཏུ་གྱུར་སྐུའི་ནང་ཐམས་ཅད་དྲི་མེད་ཡེ་ཤེས་ཀྱི་བདུད་རྩི་འོ་མ་ལྟ་བུས་གང་ནས༔ ཞབས་གཡས་པའི་མཐེ་བོང་ནས་ངང་ན་ར་ར་བབ༔ རང་གི་སྤྱི་བོ་ནས་རིམ་པར་བབ་ཅིང་ལུས་གང་བས༔ ལུས་ངག་ཡིད་གསུམ་གྱི་ཉམས་ཆག་སྡིག་སྒྲིབ་ཐམས་ཅད་ནག་ནུར་གྱིས་རྐང་མཐིལ་བཤང་ལམ་བ་སྤུའི་བུ་ག་ནས་ཐོན་ཏེ༔ ས་རིམ་པ་དགུའི་འོག་ན་མར་སོང་བར་གྱུར༔ ཨོཾ་བཛྲ་སཏཱ་ས་མ་ཡ་ནས། སཏཱ་ཨཱཿ ཞེས་གསུམ་བདུན་ཉེར་གཅིག་སོགས་ཅི་ལྕོགས་བཟླ༔ དེ་ནས་མཐར༔ སྣོད་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའ་ལ་ཐིམ༔ རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པའི་ཨ་ལ་ཐིམ༔ ཨ་ཡང་སྤྱི་བོ་ནས་མར་ཐིམ༔ སྙིང་གར་སླེབས་མཐའ་ནས་དབུས་སུ་ཧཱུཾ་ལ་ཐིམ༔ ཧཱུྃ་བདུད་རྩི་དཀར་མེར་གྱིས་ཞུ༔ རང་ལུས་རྩ་ཁམས་ཐམས་ཅད་དྲི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་༔ རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་ཕྲུག་གིས་འདྲེས་པར་གྱུར༔ མ་བཅོས་ཀ་དག་གི་ངང་ལ་དལ་ཅིག་བཞག དེ་ནས་མཎྜལ་ནི༔ ཨོཾ་ཨཱཧཱུྃ༔ ཨོཾ་སྭ་བྷ་ཝ་སོགས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་༔ གཞལ་ཡས་ཁང་ཆེན་པོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་


CMR007_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་བླ་མ་ལ་བཀའ་བརྒྱུད་ཀྱི་བླ་མ་དཔག་ཏུ་མེད་པས་བསྐོར་བ༔ གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔལ༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས་བསྐོར་བར་གྱུར༔ གུ་རུ་བུདྡྷ་བྷོ་དྷི་སཏ་དྷེ་ཝ་དྷཱ་ཀི་ནཱི་རཏྣ་མཎྜལ་བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ ཞེས་བསྟིམ་ལ་ནམ་མཁར་བཞུགས༔ མཎྜལ་ཚོམ་བུ་ལྔའམ་བཅུ་གཅིག་སྤྱི་དང་མཐུན་པར་བཀོད་གསུངས་པས༔ ཨོཾ་བཛྲ་བྷུ་མི་ཨཱ༔ ཧཱུྃ༔ གཞི་རྣམ་པར་དག་པ་རྡོ་རྗེའི་རང་བཞིན་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཧཱུྃ༔ ཕྱི་རྡོ་རྗེའི་རི་ཡི་ཁོར་ཡུག་གི་ར་བས་ཡོངས་སུ་བསྐོར་བའི་དབུས་སུ༔ རི་ཡི་རྒྱལ་པོ་རི་བོ་མཆོག་རབ༔ ཤར་ལུས་འཕགས་པོ༔ ལྷོ་འཛམ་བུ་གླིང་༔ ནུབ་བ་ལང་སྤྱོད༔ བྱང་སྒྲ་མི་སྙན༔ བྱང་ཤར་དུ་ཟླ་བ༔ ལྷོ་ནུབ་ཏུ་ཉི་མ་དབུས་སུ་ལྷ་དང་མི་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ༔ མ་ཚང་བ་མེད་པ༔ རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པ་མངོན་པར་བཀོད་པ་འདི་ཉིད༔ བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་


CMR007_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཅེས་དང་༔ ཕྱི་ཡི་མཎྜལ་ནི༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་སུ༔ རི་རབ་གླིང་བཞི་རྡུལ་སྙེད་མཆོད་སྤྲིན་གཏིབས༔ ལྷ་མའི་འདོད་ཡོན་དཔག་མེད་ཇི་སྙེད་ཀུན༔ བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ༔ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་༔ འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་སྐྱེ་བར་ཤོག༔ ནང་གི་མཎྜལ་ནི༔ ཨོཾ་ཨཱཧཱུྃ༔ རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ༔ དབང་པོ་རྣམ་ལྔ་བཀྲག་དང་མདངས་ཀྱིས་བརྒྱན༔ ཁམས་དང་སྐྱེ་མཆེད་ཡོངས་སུ་དག་པ་འདི༔ བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ༔ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་༔ འགྲོ་ཀུན་ལོངས་སྐུའི་ཞིང་དུ་སྐྱེ་བར་ཤོག གསང་བའི་མཎྜལ་ནི༔ ཨོཾ་ཨཱཿཧཱུྃ༔ སེམས་ཉིད་ཆོས་སྐུ་དག་པའི་གཞལ་ཡས་སུ༔ སྤྲོས་མེད་སྟོང་གསལ་འཛིན་མེད་ངང་དུ་གནས༔ གདོད་ནས་དག་པའི་སྤྲོས་བྲལ་གཉུག་མ་འདི༔ བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ༔ ཐུགས་རྗེས་བརྩེ་བས་དགོངས་ཏེ་བཞེས་ནས་ཀྱང་༔ འགྲོ་ཀུན་ཆོས་སྐུའི་ཞིང་དུ་སྐྱེ་བར་ཤོག༔ ཨོ་གུ་རུ་དྷེ་ཝ་དྷཀི་ནི་


CMR007_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་མཎྜལ་པུཙྩ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ དེ་ཡན་བླ་མ་སྐུ་གསུམ་སྒྲུབ་པའི་ཁྲིད༔ གསང་ཁྲིད་རིམ་ལྔ་སོགས་དྲག་པོའི་ཐུགས་ཁྲིད་ཡིད་བཞིན་ནོར་བུ་གང་བྱས་ཀྱང་ཐུན་མོང་གི་ཆོས་སོ༔ ཞི་དྲག་གང་བྱེད་ཀྱང་ངར་འདོན་ཧཱུྃ་སྒྲུབ་གལ་ཆེ་བས༔ འདི་དྲན་རྫོགས་སུ་དམ་ཚིག་ཡེ་ཤེས་དབྱེར་མེད་ཡིན་པས་ཡེ་ཤེས་སྤྱན་དྲངས་སོགས་མི་དགོས་གསུངས་སོ༔ དང་པོ་ཚད་མེད་སྟོང་ཉིད་ཡུད་ཙམ་ཞིག་བསྒོམ་གསུངས་པས༔ འགྲོ་ཀུན་བདེ་ལྡན་སྡུག་བསྔལ་ཀུན་བྲལ་ཞིང་༔ བདེ་ལས་ཉམས་མེད་བཏང་སྙོམས་ལ་གནས་ཤོག༔ ཆོས་རྣམས་དམིགས་མེད་ཡེ་ནས་སྟོང་པ་ཉིད༔ མཁའ་ལ་ཉི་ཤར་ཆུ་བུར་རྡོལ་བ་ལྟར༔ སྟོང་པའི་ངང་ལས་རང་ཉིད་ཐོད་ཕྲེང་རྩལ༔ རྡོ་རྗེ་གྲོ་ལོད་སྐུ་མདོག་དམར་སྨུག་ནག༔ གཅེར་བུ་རྒྱན་དྲུག་དུར་ཁྲོད་ཆས་བརྒྱད་གསོལ༔ དབུ་གཙུག་རྟ་མགོ་ལྗང་ཞུར་ཙེ་རེ་རེ༔ སྣ་སྒྲ་ཕྲིལ་ཕྲིལ་བག་ཆགས་ནད་རྣམས་གཏོར༔ སྤྱན་མིག་ཁྲུམ་ཁྲུམ་དྲེགས་པ་ཟིལ་གྱིས་གནོན༔ འཇིགས་པའི་ཆ་ལུགས་རྣོ་དབལ་མཆེ་བ་གཙིགས༔ སྤྱི་བོར་བླ་མ་ལོངས་སྤྱོད་རྫོགས་པའི་ཚུལ༔ མགྲིན་པར་ཐུགས་རྗེ་ཆེན་པོ་གསལ་བར་བསྐྱེད༔ ཕྱག་ཞབས་བཞི་ལ་མཁའ་འགྲོ་སྡེ་བཞི་བསྐྱེད༔ སྐུ་ལུས་མ་ལུས་སྤྱན་མིག་སྟོང་


CMR007_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གཏམས༔ ཐུགས་རྗེས་ཉེ་རིང་མེད་པར་ཀུན་ལ་ཁྱབ༔ མི་རོ་བསྣོལ་བའི་གདན་ལ་བརྗིད་ཅིང་འགྱིང་༔ གར་དགུའི་ཚུལ་གྱིས་ཧཱུྃ་སྒྲ་འབྲུག་སྟོང་ལྡིར༔ སྐུ་ནི་རྒྱལ་བ་ཀུན་མཉམ་རི་རབ་འདྲ༔ གསུང་ནི་རྔམ་པའི་ང་རོ་དྲག་ཧུར་ཅན༔ ཐུགས་ནི་མཉམ་ཉིད་གསལ་སྟོང་འགག་པ་མེད༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་ནམ་མཁའ་ཕྱར༔ གདོན་བགེགས་མ་ལུས་ཐལ་བ་ཐུལ་ཐུལ་སྲེག༔ གཡོན་པས་ཕུར་བུ་དགྲ་བགེགས་སྙིང་ལ་འདེབས༔ སྐུ་ལུས་འོད་ཟེར་ཚྭ་ཚྭ་ཁྲོ་ཆུང་འཕྲོས༔ ཐུགས་ཀར་ཉི་སྟེང་ཧཱུྃ་ཆེན་མཐིང་ནག་ལས༔ མེ་འབར་ཁམས་གསུམ་མ་ལུས་ཐམས་ཅད་སྲེག༔ སྲིད་གསུམ་ཟིལ་གནོན་རང་ལས་ཆེ་བཙན་མེད༔ སྡེ་བརྒྱད་དྲེགས་པ་འདུལ་ཞིང་འདར་ནས་བསྔངས༔ ཅི་གསུངས་བཀའ་ཉན་ལས་ལ་བཀོལ་བ་ན༔ མཁའ་འགྲོ་འབུམ་གྱི་འཁོར་གྱིས་རང་ཉིད་བསྐོར༔ འཇིག་རྟེན་ཁམས་ཀུན་འུར་འུར་ཤིག་ཤིག་སྡིག༔ ཧཱུྃ་གི་སྒྲ་ཡིས་ཀུན་ཀྱང་གང་བར་གྱུར༔ ཧཱུཾ་ཧཱུཾ་ཧཱུྃ༔ ཞེས་བརྒྱའམ་སྟོང་བཟླའོ༔ བདག་ཉིད་པདྨ་དབང་ཆེན་རྡོ་རྗེ་གྲོ་ལོད་སྐུ་ཆེ་ལ་ཡན་ལག་རགས་པ་ཁྲོ་ཞིང་རྔམས་པ༔ དེའི་སྤྱི་བོ་ནས་རྟ་སྐད་དྲག་པོ་སྟོང་གསུམ་ཁེངས་པར་བཏོན་


CMR007_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལྷ་དང་མཁའ་འགྲོ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དབང་དུ་འདུས་པར་གྱུར༔ ཡང་ཐང་ཅིག་སྟོན་པས་ཐམས་ཅད་བཀའ་དང་དམ་ལ་བཏགས་པར་གྱུར༔ ཐང་གསུམ་སྟོན་པས་གདུག་པ་ཅན་དམ་ལ་མི་གནས་ཤིང་བར་དུ་གཅོད་པ་ཐམས་ཅད་རྡུལ་ཕྲན་རླུང་གིས་ཁྱེར་བ་ལྟར་གཏོར་བར་གྱུར༔ དེ་ནས་བདག་གི་ཐུགས་ཀ་ནས་འོད་ཟེར་མཚོན་ཆའི་ཚུལ་དུ་འཕྲོས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད༔ རྡོ་རྗེ་དང་འཁོར་ལོ་དང་རལ་གྲི་དང་དབྱུག་ཏོ་དང་རྒྱ་གྲམ་ལ་སོགས་པའི་མཚོན་ཆའི་གུར་དུ་གྱུར༔ ཡང་བདག་གི་ཐུགས་ཀ་ནས་མེ་ཁ་དོག་ལྔ་འཕྲོས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་མེ་དཔུང་འབར་བའི་གུར་དུ་གྱུར་ཏེ༔ གདོན་བགེགས་ཐམས་ཅད་སྐྲག་ཅིང་བསྔངས་ནས་ཕྱིའི་རྒྱ་མཚོའི་འགྲམ་དུ་བྲོས་ཤིང་བྱེར་ནས་བསྐད་པར་གྱུར༔ བསྐལ་པའི་རླུང་ཡང་མི་ཐར་བར་བར་མཚམས་ཐམས་ཅད་དང་༔ བདག་གི་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་མཚོན་ཆ་ཐོགས་པ་མང་པོ་སྐར་ལྟར་འཁྲུག་ཅིང་བསྲུང་བར་གྱུར༔ ཨོཾ་བཛྲ་ཙཀྲ་ཏིཀ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་རཾ་བཛྲ་བྷི་ཤྭ་ཀྲོ་དྷ་ཛྭ་ལ་མཎྜལ་ཧཱུྃ་ཕཊ༔ དེས་སྒྲུབ་ལ་བར་ཆད་ཀྱིས་མི་ཚུགས་ཏེ་ཤིན་ཏུ་ཟབ་སྟེ་སྲུང་བའི་


CMR007_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་རོ༔ དེ་ནས་བླ་མ་སྤྲུལ་སྐུའི་རྣལ་འབྱོར་ནི༔ རང་ཡི་དམ་ལྷར་གསལ་བའི་སྤྱི་གཙུག་སེངྒེ་བརྒྱད་ཀྱིས་བཏེག་པའི་དབུས་སུ༔ པདྨའི་སྡོང་པོ་མེ་ཏོག་འདབ་མ་སྟོང་དང་ལྡན་པའི་དབུས་སུ་ཉི་མ་དང་ཟླ་བའི་སྟེང་དུ༔ རང་གི་རྩ་བའི་བླ་མ་དང་ཨོ་རྒྱན་དབྱེར་མེད་པའི༔ ཨོ་རྒྱན་སྤྲུལ་སྐུའི་ཆ་ལུགས་ཆོས་གོས་གསུམ་དང་ལྡན་པ་ཟ་འོག་གི་བེར་ཆེན་གསོལ་བ་ལ་སྟག་ལྤགས་ཀྱི་གོང་ལག མུ་ཏིག་གི་ཆུན་འཕྱང་༔ ནོར་བུའི་མགུལ་རྒྱནུ༔ གསེར་གྱི་སྙན་ཆ༔ ཤ་བའི་སྙན་ཞུ་ལ་རྩེ་རྒྱལ་དང་དར་སྣ་མེ་ལོང་གསེར་གྱི་ཉི་ཟླས་བརྒྱན་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གཡོན་བྷནྡྷའམ་དྲིལ་བུ་བསྣམས་པ༔ ཁ་ཊ་ཐོད་མཁར་མཆན་དུ་བཅུག་པ་པད་སྡོང་དང་ཉི་ཟླའི་གདན་ལ་བཞུགས་པ༔ དཀར་དམར་འཛུམ་པའི་མདངས་དང་ལྡན་པ༔ བླ་མ་དང་བཀའ་བརྒྱུད་རྒྱལ་བ་རྒྱ་མཚོ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་ནམ་མཁའ་གང་བ༔ གཟི་བརྗིད་འོད་དུ་འབར་བའི་དཔྲལ་བར་ཟླ་བའི་སྟེང་དུ་ཨོ་དཀར་པོ་སྐུའི་རང་བཞིན༔ མགྲིན་པར་པདྨ་དམར་པོའི་དཀྱིལ་དུ་གསུང་གི་རང་བཞིན་ཨཱདམར་པོ༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་


CMR007_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོའི་དཀྱིལ་དུ་ཐུགས་ཀྱི་རང་བཞིན་ཧཱུྃ་མཐིང་ག ལྟེ་བར་སྐྱེད་བྱེད་རྩའི་འཁོར་ལོའི་དཀྱིལ་དུ་ཧྲིལྗང་གུ་ཕྲིན་ལས་ཡོངས་རྫོགས་ཀྱི་ངོ་བོ༔ ཕྱག་ཞབས་བཞི་ལ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་གཉིས་གཉིས་སུ་གསལ་བར་གྱུར༔ གནས་གསུམ་འབྲུ་གསུམ་གསལ་བ་ལས་འོད་ཟེར་དཀར་དམར་ལྕགས་ཀྱུ་ལྟར་འཕྲོས་པས༔ ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས་གུ་རུ་པདྨ་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་བླ་མ་སྤྲུལ་སྐུའི་ཆ་ལུགས་སུ་འཁོར་རིག་འཛིན་དྷ་ཀི་རྣམས་དང་བཅས་པ་རྩ་བརྒྱུད་བླ་མ་ཐམས་ཅད་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲུལ་སྐུའི་ཆ་ལུགས་ཅན་ཐམས་ཅད་བླ་མ་ལ་ཐིམ༔ གཞན་ཡང་རང་གི་རྩ་བའི་བླ་མས་གཙོར་བྱས་རེ་ལྟོས་སུ་གྱུར་པ་ཐམས་ཅད་དང་༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱང་དེ་ལ་འདུས་ཤིང་ཐིམ་པར་གྱུར༔ ན་མོ༔ ཨོ་རྒྱན་པདྨ་རིག་འཛིན་ཐོད་ཕྲེང་རྩལ༔ ཐུགས་རྗེས་སེམས་ཅན་དོན་ཕྱིར་འདིར་བྱོན་ལ༔ བདག་གཞན་འཁོར་བའི་སྡུག་བསྔལ་སྒྲོལ་བ་དང་༔ ད་དུས་བསྐལ་པ་སྙིགས་མའི་དུས་མཐའ་འདིར༔ མཐོང་ཐོས་དྲན་པས་བྱིན་རླབས་དཔག་མེད་ཕྱིར༔ བདག་ཅག་གསོལ་


CMR007_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས་པའི་དོན་སླད་དུ༔ སྤྱི་གཙུག་པད་ཟླའི་གདན་ལ་བཞུགས་སུ་གསོལ༔ མ་ཧཱ་གུ་རུ་བཛྲ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛ༔ ཨཱ་བེ་ཤ་ཡ་ཨ་ཨཱཿ ནམ་མཁའ་གང་བར་ཡོད་པའི་ཡེ་ཤེས་པ་རྣམས་ཆུ་ལ་ཆུ་བཞག་ཏུ་ཐིམ་ཞིང་དབྱེར་མེད་དུ་གྱུར༔ ང་ཡི་བླ་མ་ནི་དུས་གསུམ་གྱི་སངས་རྒྱས༔ ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ༔ རིགས་འདུས་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད༔ སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས༔ འགྲོ་ཀུན་ཐམས་ཅད་ཀྱི་སྐྱབས་མགོན༔ ངའི་ཚེ་འདི་ཕྱི་བར་གསུམ་ལ༔ མཐོ་བཏང་དམའ་བཏང་བླ་མ་མཁྱེན༔ བླ་མ་མཁྱེན༔ རྗེ་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ མ་རིག་མུན་པ་སངས་བར་བྱིན་གྱིས་རློབས༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས༔ ཏིང་འཛིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཉམས་དང་རྟོགས་པ་འཆར་བར་བྱིན་གྱིས་རློབས༔ བླ་མ་རྒྱལ་བ་རྒྱ་མཚོའི་སྐུ་ལ་གསོལ་བ་འདེབས༔ བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས༔ དཔལ་ལྡན་བླ་མའི་སྐུ་ལ་གསོལ་བ་འདེབས༔ ལུས་ལ་


CMR007_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་དྲོད་འབར་བར་བྱིན་གྱིས་རློབས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བླ་མའི་གསུང་ལ་གསོལ་བ་འདེབས་༔ ངག་ལ་ནུས་པ་འབར་བར་བྱིན་གྱིས་རློབས༔ ཚངས་པའི་དབྱངས་ཀྱི་དངོས་གྲུབ་སྩོལ༔ བླ་མའི་ཐུགས་ལ་གསོལ་བ་འདེབས༔ སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་རློབས༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ བླ་མའི་ཡོན་ཏན་ཕྲིན་ལས་ཚོགས་ལ་གསོལ་བ་འདེབས༔ དབང་བཞི་ཡོངས་རྫོགས་ཐོབ་པར་བྱིན་གྱིས་རློབས༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ༔ ཞེས་བླ་མ་སྤྲུལ་སྐུར་སྒྲུབ་པའི་གསོལ་འདེབས་གསུམ་མམ་བདུན་སོགས་གང་འགྲུབ་བྱ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྒྱ་གར་རིག་འཛིན་བརྒྱད་པོ་ལ་གསོལ་བ་འདེབས༔ ལྷ་ལྕམ་མནྡཱ་ར་བ་ལ་གསོལ་བ་འདེབས༔ བལ་མོ་ཤཱཀྱ་དྷེ་བ་ལ་གསོལ་བ་འདེབས༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ བོད་ཀྱི་རིག་འཛིན་བརྒྱད་པོ་ལ་གསོལ་བ་འདེབས༔ རྗེ་འབངས་ཉི་ཤུ་རྩ་ལྔ་ལ་གསོལ་བ་འདེབས༔ གཏེར་སྟོན་བརྒྱ་དང་


CMR007_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བརྒྱད་ལ་གསོལ་བ་འདེབས༔ གཏེར་སྟོན་རཏྣ་གླིང་པ་ལ་གསོལ་བ་འདེབས༔ རྒྱལ་སྲས་ཚེ་དབང་གྲགས་པ་ལ་གསོལ་བ་འདེབས༔ སྐལ་ལྡན་སྐྱེས་བུ་རྣམ་གསུམ་ལ་གསོལ་བ་འདེབས༔ ངོ་མཚར་མཆོག་གི་བུ་ལྔ་ལ་གསོལ་བ་འདེབས་སྟོབས་ལྡན་སྐྱེས་བུ་རྣམ་ལྔ་ལ་གསོལ་བ་འདེབས༔ བཀའ་བབས་བརྒྱུད་འཛིན་བུ་ལྔ་ལ་གསོལ་བ་འདེབས༔ ཐུགས་སྲས་བརྒྱུད་འཛིན་བུ་ལྔ་ལ་གསོལ་བ་འདེབས༔ དཀྱིལ་འཁོར་འཛིན་པའི་བུ་ལྔ་ལ་གསོལ་བ་འདེབས༔ སྐུ་སྲས་རིགས་ཀྱི་བུ་ལྔ་ལ་གསོལ་བ་འདེབས༔ ཐུགས་སྲས་ཉེ་བའི་བུ་བཞི་ལ་གསོལ་བ་འདེབས༔ དཀྱིལ་འཁོར་འཛིན་པའི་སྲས་བརྒྱད་ལ་གསོལ་བ་འདེབས༔ གྲུབ་ཆེན་རྟོགས་ལྡན་བཅུ་གསུམ་ལ་གསོལ་བ་འདེབས༔ སྐལ་ལྡན་སྐྱེས་བུ་བཅུ་གཉིས་ལ་གསོལ་བ་འདེབས༔ ཆོས་བདག་སྐལ་ལྡན་བཅོ་ལྔ་ལ་གསོལ་བ་འདེབས༔ ཆོས་བདག་ཉི་ཤུ་རྩ་ལྔ་ལ་གསོལ་བ་འདེབས༔ སྐལ་བར་ལྡན་པ་བརྒྱད་ཅུ་ལ་གསོལ་བ་འདེབས༔ གཏེར་མ་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ དྲིན་ཐོབ་རྩ་བའི་བླ་མ་ལ་གསོལ་བ་འདེབས༔ ཡི་དམ་ཞི་དྲག་ལྷ་ཚོགས་ལ་གསོལ་བ་


CMR007_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས༔ ཞེས་ཚར་གཅིག་དང་༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ༔ ཞེས་ཚར་ཅི་མང་དུ་བྱའོ༔ དེ་ལྟར་གསོལ་བ་བཏབ་པས་གུ་རུའི་དཔྲལ་བའི་ཨོ་ལས་འོད་ཟེར་དཀར་པོ་ཨོཾ་གྱི་རང་བཞིན་དཔག་ཏུ་མེད་པ་བྱུང་ནས་རང་གི་དཔྲལ་བར་ཐིམ་པས་ལུས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་སྟེ་འཆི་མེད་ཚེའི་རང་བཞིན་སྐུའི་དངོས་གྲུབ་ཐོབ་པར་གྱུར༔ གུ་རུའི་མགྲིན་པའི་ཨཱལས་འོད་ཟེར་དམར་པོ་ཨཱཡི་རང་བཞིན་གྲངས་མེད་པ་བྱུང་ནས་རང་གི་མགྲིན་པར་ཐིམ༔ བྱང་སེམས་དཀར་དམར་གྱི་རང་བཞིན་གྱིས་རྩ་ཁམས་ཐམས་ཅད་གང་གསུང་གི་དངོས་གྲུབ་ཐོབ་པར་གྱུར༔ གུ་རུའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་མཐིང་སྔོན་ཧཱུཾ་གི་རང་བཞིན་གྲངས་མེད་པ་བྱུང་ནས་རང་གི་སྙིང་ཁར་ཐིམ་པས༔ སྤྲོས་བྲལ་གྱི་རྟོགས་པ་ཤར་ཏེ་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐོབ་པར་གྱུར༔ བླ་མའི་ལྟེ་བའི་ཧྲིལས་ཧྲིལྗང་གུ་གྲངས་མེད་པ་བྱུང་ཞིང་རང་གི་ལྟེ་བར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་བྱིན་རླབས་དངོས་གྲུབ་ཐོབ་


CMR007_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར༔ གུ་རུའི་ཕྱག་ཞབས་བཞིའི་ཡིག་འབྲུ་བརྒྱད་ལས་འོད་ཟེར་ཁ་དོག་སྣ་ཚོགས་དཔག་ཏུ་མེད་པ་བྱུང་༔ རང་གི་ཕྱག་ཞབས་ཡན་ལག་བཞི་ལ་ཐིམ་པས༔ མཆོག་ཐུན་མོང་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཐོབ་པར་གྱུར༔ མདོར་ན་བྱིན་རླབས་དང་དངོས་གྲུབ་ཀྱི་དབྱིག་ཆེན་པོ་ཐོབ་པར་གྱུར༔ ཅེས་དམིགས་པ་ཙམ་གྱིས་ཆོག་གོ༔ དམིགས་པ་མ་ཟིན་བར་དུ་བཛྲ་གུ་རུ་ཤུབ་བུར་བཟླའོ༔ རླུང་ཕར་བུས་པས་སྒོ་གསུམ་གྱི་སྡིག་སྒྲིབ་མར་སངས་ཀྱིས་དག་པར་བསམ༔ ཚུར་རྔུབ་པའི་ཚེ་གུ་རུའི་སྐུའི་གནས་རྣམས་ནས་ཐིག་ལེ་ཡིག་འབྲུ་ཅན་བྱུང་ནས་གནས་སོ་སོར་ཐིམ་པས་དབང་བཞི་ཐོབ་པར་བསྒོམ་ལ་རླུང་དང་བསྲེ་བ་གསུམ་གང་འདོད་བྱའོ༔ དེ་ནས་གུ་རུ་རིན་པོ་ཆེ་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་མར་ཐིམ༔ སྙིང་གར་བྱོན་ནས་རང་དང་དབྱེར་མེད་དུ་འདྲེས༔ བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བསྲེས་ལ༔ མ་བཅོས་གནས་ལུགས་ཀྱི་ངང་ལ་ལྷོད་དེ་ཀློད་ལ་བཞག་གོ༔ ཨོ་རྒྱན་རིན་པོ་ཆེས་རཏྣ་གླིང་པ་ལ་སྙན་བརྒྱུད་དུ་གསུངས་པ་ནི༔ ལུས་གནད་ཆོས་བདུན་ལྡན་པ་ཡིས༔ ལྟ་སྟངས་རིག་པ་རང་སར་ཞོག༔ དུས་གསུམ་བྱ་བྲལ་ཆོས་ཀྱི་སྐུ༔ སྒོམ་བྱེད་བློ་ཡི་གཟེབ་ལས་གྲོལ༔ སྒོམ་བྱུང་གཉེན་པོས་དྲན་ཐག་ཆོད་


CMR007_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་ཉམས་ལ་མ་ཞེན་ཅིག༔ འགྱུ་བའི་རང་རྩལ་མ་དགག་ཅིག༔ མ་བཅོས་ངང་ནས་རང་རྩལ་འཕྱོ༔ ཀ་དག་ཀློང་ཡངས་ཟང་ཐལ་ཡིན༔ གཏད་མེད་ངང་ནས་རྒྱ་ཡན་རོལ༔ གདོད་མའི་རང་བཞིན་ཡེ་ཡིན་ལ༔ ཡེ་བཅོས་མ་བྱེད་རང་བབ་ཞོག༔ མ་བཅོས་གཉུག་མ་རྫོགས་པ་ཆེ༔ ཀ་དག་ངང་དུ་འཇོགས་ཤེས་ན༔ ཚེ་གཅིག་སངས་རྒྱས་ས་ལ་འགྲོ༔ ཞེས་དབྱངས་དང་བཅས་ངག་གིས་གསལ་བཏབ་བོ༔ དེ་ནས་བླ་མ་ལོངས་སྐུའི་རྣལ་འབྱོར་ནི༔ རང་ཉིད་ཡི་དམ་དུ་གསལ་བའི་སྤྱི་བོར་པདྨ་དམར་པོ་འདབ་མ་སྟོང་ལྡན་གྱི་སྟེང་ཉི་ཟླའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཞིག དེ་ལས་འོད་ཟེར་ཕར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཧྲིལ་ཐིམ་བྷིཡོངས་སུ་གྱུར་པ་ལས་བླ་མ་ཚེ་དཔག་མེད་གསང་འདུས་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན་ཕྱག་ན་ཆེའི་བུམ་པ་བསྣམས་པ༔ ཡུམ་པདྨ་མཁའ་འགྲོ་གཅེར་བུ་རྒྱན་དང་ལྡན་པ༔ གྲི་གུག་དང་བུམ་པ་བསྣམས་ནས་འཁྲིལ་བ༔ དར་དང་རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་བརྒྱན་པ༔ བླ་མ་བཀའ་བརྒྱུད་རྒྱལ་བ་རྒྱ་མཚོ༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་


CMR007_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཚོགས་ཀྱིས་བསྐོར་བ༔ ནམ་མཁའ་གང་བ་གསལ་ལ༔ དེའི་སྤྱི་བོར་པདྨ་དཀར་པོ་འདབ་མ་བརྒྱད་པའིདབུས་སུ་སྐུ་ཡི་ངོ་བོ་ཨོ་དཀར་པོ༔ མགྲིན་པར་པདྨ་དམར་པོའི་དབུས་སུ་གསུང་གི་ངོ་བོ་ཨཱདམར་པོ༔ ཐུགས་ཀར་པདྨ་སྔོན་པོའི་ལྟེ་བར་ཐུགས་ཀྱི་རང་བཞིན་ཧཱུྃ་མཐིང་ག༔ ལྟེ་བར་པདྨ་ལྗང་གུའི་དཀྱིལ་དུ་ཕྲིན་ལས་ཡོངས་རྫོགས་ཀྱི་ངོ་བོ་ཧྲིལྗང་གུ༔ ཕྱག་ཞབས་བཞི་ལ་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་བཞི་བཞི་གསལ་བ༔ སྐུའི་གནས་གསུམ་ནས་འོད་ཟེར་དཀར་དམར་ལྕགས་ཀྱུ་ལྟ་བུ་འཕྲོས་ནས༔ བདེ་བ་ཅན་དང་ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཚེ་དཔག་མེད་དང་གུ་རུའི་པདྨའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ༔ བླ་མ་ལོངས་སྐུའི་ཆ་ལུགས་སུ་འཁོར་རིག་འཛིན་དྷ་ཀི་རྣམས་དང་བཅས་པ་གཞན་ཡང་རང་གི་རྩ་བའི་བླ་མས་གཙོར་བྱས་རེ་ལྟོས་སུ་གྱུར་པ་ཐམས་ཅད་དང་༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱང་དེ་ལ་འདུས་ཤིང་ཐིམ་པར་གྱུར༔ ན་མོ༔ ཨོ་རྒྱན་པདྨ་ལོངས་སྐུ་ཚེ་དཔག་མེད༔ ཐུགས་རྗེས་སེམས་ཅན་དོན་ཕྱིར་འདིར་བྱོན་ལ༔ བདག་གཞན་འཁོར་བའི་སྡུག་བསྔལ་བསྒྲལ་བ་


CMR007_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ ད་དུས་བསྐལ་པ་སྙིགས་མའི་དུས་མཐའ་འདིར༔ མཐོང་ཐོས་དྲན་པས་བྱིན་རླབས་དཔག་མེད་ཕྱིར༔ བདག་ཅག་གསོལ་བ་འདེབས་པའི་དོན་སླད་དུ༔ སྤྱི་གཙུག་པད་ཟླའི་གདན་ལ་བཞུགས་སུ་གསོལ༔ ཨོཾ་གུ་རུ་ཨཱ་ཡུཛྙཱ་ན་ཧཱུཾ་ཧཱུཾ་ཏྲཾ་ཛསིདྡྷི་ཕ་ལ་ཧཱུྃ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ལོངས་སྤྱོད་རྫོགས་པ་རྒྱལ་བ་རིགས་ལྔའི་ཚུལ་དུ་བྱོན་ནས་བླ་མ་ལ་ཐིམ༔ ནམ་མཁའ་གང་བ་ལ་མོས་གུས་རྩེ་གཅིག་པས༔ དྷཱི༔ འགྲོ་བའི་བླ་མ་ཨོ་རྒྱན་ཚེ་དཔག་མེད༔ མི་འགྱུར་མི་ཤིགས་འཇིག་མེད་རྡོ་རྗེའི་སྐུ༔ ལྷག་པའི་སྨོན་ལམ་ལས་གྲུབ་འོད་དཔག་མེད༔ སྔོན་ལས་འཕྲལ་རྐྱེན་ཚེ་ལ་གནོད་པའི་བགེགས༔ མི་མཐུན་བར་ཆད་ཞི་བར་གསོལ་བ་འདེབས༔ བླ་མ་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ བདེ་སྟོང་ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས༔ མཉམ་ཉིད་སྤྲོས་བྲལ་རྟོགས་པར་བྱིན་གྱིས་རློབས༔ མ་བཅོས་རང་གསལ་རྟོགས་པར་བྱིན་གྱིས་རློབས༔ གནས་ལུགས་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་


CMR007_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ༔ ཞེས་དང་༔ བསྙེན་དུས་བླ་མ་སྤྱི་བོར་བསྒོམ༔ གསོལ་འདེབས་ཚུལ་དུ་འདི་འཛབ་བཟླ༔ གསུངས་པ་ལྟར༔ ཨོཾ་གུ་རུ་ཨཱ་ཡུ་ཛྙཱ་ན་ཧཱུཾ་ཧཱུཾ་ནི་ཛ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་ཅི་ནུས་བཟླས་ལ་རླུང་རོ་བུས་པ་དང་བསྟུན་ནས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག ༔ ཚུར་རྔུབ་པ་དང་དམིགས་པ་འདི་བསྟུན༔ བླ་མའི་སྤྱི་བོར་ཨོཾ་ལས་འོད་ཟེར་དཀར་པོ་ཐིག་ལེའི་རང་བཞིན་བར་མ་ཆད་པ་རང་གི་དཔྲལ་བར་ཐིམ༔ བླ་མའི་སྐུ་ཡི་བྱིན་རླབས་ཞུགས༔ བུམ་པའི་དབང་ཐོབ༔ ལུས་སྒྲིབ་དག་ནས་སྐུ་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་བླ་མའི་མགྲིན་པའི་ཨཱལས་འོད་ཟེར་དམར་པོ་ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་མགྲིན་པར་ཐིམ༔ བླ་མའི་གསུང་གི་བྱིན་རླབས་ཞུགས༔ གསང་བའི་དབང་ཐོབ༔ ངག་སྒྲིབ་དག་ནས་གསུང་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར༔ བླ་མའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔོན་པོ་ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་ཐུགས་ཀར་ཐིམ་བླ་མའི་ཐུགས་ཀྱི་བྱིན་རླབས་ཞུགས༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་སྒྲིབ་དག་ནས་ཐུགས་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར༔ བླ་མའི་ལྟེ་བའི་ཧྲཱིཿལས་


CMR007_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ལྗང་གུ་ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་ལྟེ་བར་ཐིམ༔ བླ་མའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་བྱིན་རླབས་ཞུགས༔ ཚིག་དབང་རིན་པོ་ཆེ་ཐོབ༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་གྱུར༔ བླ་མའི་ཕྱག་ཞབས་ཀྱི་ཡིག་འབྲུ་བརྒྱད་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་ཡན་ལག་བཞི་ལ་ཐིམ་པས་མཆོག་ཐུན་མོང་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཐོབ་པར་གྱུར༔ མདོར་ན་བྱིན་རླབས་དང་དངོས་གྲུབ་ཀྱི་དབྱིག་ཆེན་པོ་ཐོབ་པར་གྱུར༔ སླར་ཡང་བླ་མའི་གནས་གསུམ་དུ་ཡིག་འབྲུ་གསུམ་གསལ་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་མཉམ་བཞག་གི་བུམ་པར་སིབ་སིབ་ཐིམ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་འོ་མ་ལྟ་བུས་གང་༔ དེ་ལས་འོད་ཟེར་འཕྲོས་པས་ལྷ་དང་དྲང་སྲོང་གྲུབ་ཐོབ་ཚེ་ལ་དབང་བ་འགྲོ་བ་མིའི་ཚེ་སྲོག་གྲོགས་འབྱུང་བ་བཞིའི་བཅུད་ནམ་མཁའ་ཐམས་ཅད་སིབ་སིབ་འདུས་ནས་བུམ་


CMR007_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཁྱིལ་བུམ་པ་ཆི་ལི་ལི་ཁོལ༔ འདིར་རླུང་རོ་ལན་གསུམ་བུས་པས་ནད་གདོན་ཚེའི་བར་ཆད་ཐམས་ཅད་སངས་ཀྱིས་དག་སྟེ་ལུས་སྟོང་སང་ངེ་བར་བསྒོམས་ལ༔ སྤྱི་བོའི་བླ་མ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ཁོལ་ཞིང་ལུད་པ་དང་༔ ཡབ་ཡུམ་བདེ་བས་བསྐུལ་བའི་སྦྱོར་མཚམས་ནས་དྭངས་མ་དཀར་དམར་ན་ར་ར་བབ༔ རང་གི་སྤྱི་གཙུག་དང་ཁའི་ནང་ནས་མར་བྱུང་༔ ལྟེ་བ་སྙིང་ག་མགྲིན་པ་ཁེངས་ནས་སྤྱི་བོར་ཆིལ་ཆིལ་གྱིས་ལུད་པ་དང་༔ ལུས་ཕྱི་ནང་མེད་པར་དཀར་ཤལ་གྱིས་བྱུང་༔ སྤྱི་བོའི་བླ་མ་ཚེ་དཔག་མེད་རང་གི་སྙིང་གར་བྱོན༔ དེའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྒྱ་གྲམ་ལྟེ་བར་མཆོང་གི་བུམ་པ་ཞིག དེའི་བུམ་པར་བདག་གི་སྲོག་གི་ངོ་བོར་ནི་ལྗང་གུ་ཞིག དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་སིབ་སིབ་བསྡུས་ནས་ལུས་ཀྱི་ནང་ཐམས་ཅད་དཀར་མེར་གྱིས་གང་ནས༔ ལུས་ཀྱི་ཕྱི་ནང་བ་སྤུའི་བུ་ག་ཐམས་ཅད་ནས་སྐྱ་ཕྲོམ་མེ་བྱུང་༔ དེ་ནས་སྙིང་གའི་ཚེ་དཔག་མེད་འོད་དུ་ཞུ་ནས༔ བླ་མའི་ཐུགས་ཡེ་ཤེས་ལྔའི་ངོ་བོ་དང་༔ རང་གི་སེམས་དབྱེར་མེད་དུ་བསྲེས་ཏེ༔ གསལ་རིག་སྟོང་གསལ་གྱི་སྟེང་ན་རྗེན་ལྷང་ངེའི་ངང་ལ་མཉམ་པར་


CMR007_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཞག ཚིག་འདིས་གསལ་བཏབ་ལ༔ སེམས་ཉིད་ཡེ་ནས་རྣམ་པར་དག མ་འགག་རང་རྩལ་ཅིར་ཡང་སྣང་༔ མེ་ལོང་ནང་གི་གཟུགས་བརྙན་ལྟར༔ སྤང་བླང་གཉིས་ཀྱི་བློ་ལས་འདས༔ མ་སྐྱེས་མི་འགྱུར་སྤང་བླང་བྲལ༔ གསལ་ལ་རྟོག་ཚོགས་ངང་གིས་དྭངས༔ རྟོག་ཚོགས་རང་ཤར་རང་བྱུང་གསལ༔ འདི་ཞེས་བརྗོད་བྲལ་འདི་ངོ་གསལ༔ དཔེར་ན་ལྐུགས་པའི་རྨི་ལམ་བཞིན༔ འདི་ཞེས་བརྗོད་ཚིག་སྨྲ་མི་ཤེས༔ དེ་ཉིད་རང་གི་ཡིན་ལུགས་ལ༔ ས་ལེ་སིང་ངེ་ཧྲིག་གེ་བ༔ ཝལ་ལེ་རྗེས་མེད་སང་ངེ་བ༔ གནས་ལུགས་ཉམས་སུ་མྱོང་ཞིང་གསལ༔ ཞེས་བརྗོད༔ དེ་ནས་བླ་མ་ཆོས་སྐུའི་རྣལ་འབྱོར་ནི༔ རང་ཉིད་ཡི་དམ་ལྷར་གསལ་བའི་སྤྱི་གཙུག་སོར་བརྒྱད་པདྨ་སྟོང་ལྡན་ཉི་མའི་དཀྱིལ་འཁོར་གྱི་གདན་ལ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལི་ལཱི༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཟླ་བའི་དཀྱིལ་འཁོར་གྱི་གདན་ལ༔ ཀ་ཁ་ག་གྷ་ང་ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧཀྵ༔ རྣམས་ཀྱིས་བསྐོར་བ༔ དེའི་སྟེང་དུ་བླ་མ་དང་ཨོ་རྒྱན་དབྱེར་མེད་པའི་རྡོ་རྗེ་འཆང་སྐུ་


CMR007_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་མཐིང་ག་ཕྱག་གཡས་རྡོ་རྗེ་གཡོན་དྲིལ་བུ༔ ཡུམ་གྱི་གཡས་ཀྱིས་ཡབ་ལ་འཁྱུད་པ༔ གཡོན་དྲིལ་བུ་དཀུ་ལ་བརྟེན་པ༔ ཡབ་ཡུམ་གཉིས་ཀའི་སྐུ་ལ་རུས་པའི་རྒྱན་གྱིས་བརྒྱན་པ༔ ཞལ་འཛུམ་བག་ཅན་བདག་ལ་སྤྱན་གྱིས་གཟིགས་པ༔ བླ་མ་བཀའ་བརྒྱུད་རྒྱལ་བ་རྒྱ་མཚོ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་ནམ་མཁའ་གང་བར་གསལ་དེའི་གནས་གསུམ་ཡིག་འབྲུ་གསུམ་དང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་ནས༔ འོག་མིན་དང་ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས༔ རྡོ་རྗེ་འཆང་གུ་རུ་པདྨའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་བླ་མ་ཆོས་སྐུའི་ཆ་ལུགས་འཁོར་རིག་འཛིན་དྷ་ཀི་རྣམས་དང་བཅས་པ༔ གཞན་ཡང་རང་གི་རྩ་བའི་བླ་མས་གཙོར་བྱས་རེ་ལྟོས་སུ་གྱུར་པ་ཐམས་ཅད་དང་༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱང་དེ་ལ་འདུས་ཤིང་ཐིམ་པར་གྱུར༔ ན་མོ༔ ཨོ་རྒྱན་པདྨ་ཆོས་སྐུ་རྡོ་རྗེ་འཆང་༔ ཐུགས་རྗེས་སེམས་ཅན་དོན་ཕྱིར་འདིར་བྱོན་ལ༔ བདག་གཞན་འཁོར་བའི་སྡུག་བསྔལ་སྒྲོལ་བ་དང་༔ ད་དུས་བསྐལ་པ་སྙིགས་མའི་དུས་མཐའ་འདིར༔ མཐོང་


CMR007_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་དྲན་པས་བྱིན་རླབས་དཔག་མེད་ཅིང་༔ བདག་ཅག་གསོལ་བ་འདེབས་པའི་དོན་སླད་དུ༔ སྤྱི་གཙུག་པད་ཟླའི་གདན་ལ་བཞུགས་སུ་གསོལ༔ ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་འཆང་གི་ཆ་ལུགས་སུ་བྱོན་ནས་བླ་མ་ལ་ཐིམ་ཞིང་དབྱེར་མེད་དུ་གྱུར༔ ང་ཡི་བླ་མ་ནི་སྟོང་ཉིད་སྙིང་རྗེའི་བདག་ཉིད༔ སྤྲོས་བྲལ་ཆོས་སྐུའི་ངོ་བོ༔ མཐའ་བྲལ་ཡེ་ཤེས་ཆེན་པོའི་ངང་ལ་རང་མཚན་གང་ཡང་མ་ཡིན་བདག་ལ་དེ་ལྟ་བུའི་སྟོང་པ་ཆོས་སྐུའི་ངོ་བོ་འཕྲོད་པར་བྱིན་གྱིས་བརླབ་ཏུ་གསོལ༔ ན་མོ༔ བདེ་ཆེན་རྒྱལ་པོ་འདུས་མ་བྱས་པའི་སྐུ༔ མ་བཅོས་སྤྲོས་བྲལ་སྟོང་ཉིད་སྙིང་རྗེའི་བདག༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ རང་རིག་བླ་མར་འཆར་བར་བྱིན་གྱིས་རློབས༔ ཟག་མེད་བདེ་ཆེན་སྐད་ཅིག་གཅིག་གི་ངང་༔ རང་བྱུང་ཡེ་ཤེས་བླ་མ་ཆོས་ཀྱི་སྐུ༔ ཀ་དག་སྤྲོས་བྲལ་ངང་དུ་གསོལ་བ་འདེབས༔ གཅིག་ཆོད་བློ་འདས་གྲོལ་བར་བྱིན་གྱིས་རློབས༔ ཐམས་ཅད་རིགས་འདུས་བླ་མ་ཆོས་ཀྱི་སྐུ༔ ལྷུན་གྲུབ་


CMR007_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་སྨྲར་མེད་སྟོང་པའི་ངང༔ རྟོག་མེད་བྱ་བྲལ་ངང་དུ་གསོལ་བ་འདེབས༔ སྐུ་གསུམ་སྐད་ཅིག་གྲོལ་བར་བྱིན་གྱིས་རློབས༔ ཞེས་དང་༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ༔ ཞེས་གྲངས་མང་བརྗོད་ནས༔ བླ་མ་རིན་པོ་ཆེ་བདག་ལ་ད་ལྟ་ཉིད་དུ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ དབང་བཞི་རྫོགས་པར་བསྐུར་དུ་གསོལ༔ ཅེས་གསོལ་བ་བཏབ་པས༔ བླ་མ་ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་དུ་ན་ར་ར་བབས་པས་ཚངས་བུག་ནས་མར་བྱུང་༔ སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཐམས་ཅད་གང་བས་ལུས་སྒྲིབ་དག་བུམ་དབང་ཐོབ༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཐམས་ཅད་གང་བས་ངག་སྒྲིབ་དག་གསང་དབང་ཐོབ༔ སྙིང་ག་ཆོས་ཀྱི་འཁོར་ལོ་ཐམས་ཅད་གང་བས་ཡིད་སྒྲིབ་དག་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ཐམས་ཅད་གང་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ཚིག་དབང་རིན་པོ་ཆེ་ཐོབ༔ དམིགས་པ་དེ་དག་བསྒོམ་ཞིང་སྔགས་འདི་མང་དུ་བཟླ༔ ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ དེ་


CMR007_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བླ་མ་ཡང་སྤྱི་བོ་ནས་མར་ཐིམ་སྙིང་གའི་དཀྱིལ་དུ་བྱོན༔ ཙིཏྟ་གྱེན་ལ་བསྟན་པ་པདྨ་འདབ་བརྒྱད་ཀྱི་དབུས་སུ༔ བླ་མ་གསང་འདུས་ཡབ་ཡུམ་དེའི་གནས་གསུམ་ལས་འོད་ཟེར་ཕར་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ ཚུར་འདུས་ཕྱོགས་བཅུའི་རྒྱལ་བ་རྣམས་ཐུགས་ཀའི་བླ་མ་ཉིད་ལ་ཐིམ༔ བླ་མ་ཡབ་ཡུམ་འོད་དུ་ཞུ་རང་དང་གཉིས་མེད་དུ་ཕྲུག་གིས་འདྲེས་སྤྲོས་མེད་དོན་གྱི་བླ་མ་དང་མཇལ༔ བདག་དང་བླ་མ་དབྱེར་མེད་འོད་ཀྱི་རང་བཞིན་དུ་ཡལ་བར་གྱུར༔ གཉིས་མེད་ཐུགས་རྒྱུད་འཕོས་པའི་ངང་དེ་ལ༔ སྟོང་གསལ་ནམ་མཁའ་བཞིན་དུ་གསལ་དྭངས་བཞག སྨར་མེད་ཡིད་ཆོས་འདི་ཞེས་བརྗོད་བྱ་བྲལ༔ འདི་འདྲའི་ཡིན་ལུགས་མ་མཐོང་མཐོང་རྒྱུ་ཞིག ས་ལེ་རང་གསལ་རྟོག་མེད་རྗེན་ནེ་བ༔ སྤང་བླང་མེ་ལོང་ནང་གི་གཟུགས་བརྙན་ལྟར༔ དེ་ཚེ་རང་བྱུང་བླ་མའི་རང་ཞལ་མཇལ༔ འགྲོ་མགོན་བླ་མའི་བྱིན་རླབས་དེ་ཆེ་ཞུགས༔ དེ་ཡི་དོན་རྟོགས་རྒྱུན་ཏུ་དེ་ལྟར་བསྒོམ༔ ཞེས་ཚིག་གིས་གསལ་བཏབ་ལ་བསྒོམས་ནས༔ འདི་ལྟར་བསྐྱེད་རྫོགས་སྒོམ་བཟླས་བྱས་པ་སོགས༔ དུས་གསུམ་བསགས་པའི་དགེ་བ་ཅི་བསགས་མཐུས༔ ཚེ་


CMR007_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ༔ ནམ་ཞིག་འཕོས་ཚེ་བདེ་ཆེན་ཞིང་སྐྱེས་ནས༔ ཆོས་སྐུ་འོད་དཔག་མེད་པའི་ཞལ་མཐོང་སྟེ༔ ས་བཅུ་ཐོབ་ནས་ཕྱོགས་བཅུའི་ཞིང་ཁམས་སུ༔ སྤྲུལ་པས་འགྲོ་བ་མ་ལུས་འདྲེན་པར་ཤོག ཅེས་བསྔོ་བས་རྒྱས་གདབ་བོ༔ འདི་ལྟར་ཐུན་བཞིའམ༔ ཐུན་གསུམ་མམ༔ ཐུན་གཉིས་སམ༔ ཐུན་རེ་མ་ཆག་པར་བྱའོ༔ འདི་ནི་གུ་རུ་དྲག་པོའི་ཐུགས་ཁྲིད་ཀྱི་རྒྱུན་ཁྱེར་ཉམས་སུ་ལེན་བྱ་ཡིན་ཀྱང་༔ སྐུ་གསུམ་སྒྲུབ་པ་སྤྲོས་མེད་རྒྱུན་ཁྱེར་དང་༔ གསང་ཁྲིད་རིམ་ལྔའི་སྔོན་འགྲོ་དང་༔ མདོར་ན་གུ་རུ་ཞི་དྲག་གི་རྫོགས་རིམ་ཉམས་ལེན་བསྡུས་པ་ཡིན་ནོ༔ ཐུན་མཚམས་ཐམས་ཅད་ལ་ཡང་སྟོང་ཉིད་ཀྱི་རྩི་དང་མ་བྲལ་བར་སྤྱོད་ལམ་བྱ་ཞིང་༔ འགྲོ་བའི་ཚེ་གཡས་ཕྱོགས་ཀྱི་ནམ་མཁར་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པའིདབུས་སུ་བླ་མ་བཀའ་བརྒྱུད་རྒྱལ་བ་རྒྱ་མཚོས་བསྐོར་བ༔ དེའི་མཐར་ཕྱོགས་བཅུའི་སངས་རྒྱས་དཔག་ཏུ་མེད་པ༔ དེའི་མཐར་ཡི་དམ་ལྷ་ཚོགས༔ དེའི་མཐར་བྱང་ཆུབ་སེམས་དཔའི་ཚོགས་དང་༔ དེའི་མཐར་སྐུ་གདུང་རིང་བསྲེལ་མཆོད་རྟེན་གསུང་རབ༔ དེའི་ཕྱི་སྐོར་དུ་མཁའ་འགྲོ་ཆོས་སྐྱོང་དཔག་ཏུ་མེད་པས་བསྐོར་བར་བསམས་ལ༔ དེ་རྣམས་ལ་བདག་གིས་གཙོར་བྱས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་སྐོར་བ་བྱེད་པར་བསྒོམས་ལ༔ འགྲོ་བའི་ཡོན་ཏན་དཔག་ཏུ་མེད་དེ་འགྲོ་བའི་རྣལ་འབྱོར་རོ༔ བདག་ཉིད་གང་དུ་འདུག་པའི་ས་ཕྱོགས་དེ་ཉིད་གཞལ་ཡས་ཁང་


CMR007_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྒོམ༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ མ་བཅོས་ཕྱག་རྒྱ་ཆེན་པོའི་ངང་དུ་འཁོར་བ་མ་སྟོངས་བར་དུ་བཞུགས་པར་བསྒོམ་ལ་འདུག་པའི་རྣལ་འབྱོར་རོ༔ བདག་ཉིད་ཡི་དམ་ལྷར་གསལ་བའི་བདེ་བའི་མལ་དུ་འོད་གསལ་དང་རྨི་ལམ་འཛིན་པའི་འདུན་པ་དང་བཅས་པས་སྙིང་གར་བླ་མ་ཨོ་རྒྱན་དེ་ཉིད་ཡེ་ཤེས་སེམས་དཔའ་སྐུ་ཚོན་བ་གང་འོད་ཀྱིས་འཇིག་རྟེན་ཐམས་ཅད་དཀར་ས་ལེ་གསལ་བ་ལ་སེམས་གཏད་དེ་བསྒོམས་ལ༔ གཞོགས་གཡས་ས་ལ་ཕབ་སྟེ་ཉལ་ན་གཉིད་འོད་གསལ་ཟིན་ནོ༔ ༈ ལངས་བའི་ཚེ་དམིགས་མེད་སྟོང་པའི་ངང་ལས་ཐུགས་རྗེ་སྒྱུ་མའི་སྐུར་བཞེངས་ཏེ༔ གདུལ་བྱ་སེམས་ཅན་གྱི་དོན་ལ་འཇུག་པར་བྱ་སྙམ་དུ་ལངས་ནས་གོས་ཚག་རྣམས་རིམ་པར་བསྡམ་མོ༔ ཟས་བཟའ་བའི་ཚེ་རང་ཡི་དམ་དུ་གསལ་བས་སྣོད་དེ་ཉིད་ཐོད་པ་ཡངས་ཤིང་རྒྱ་ཆེ་བ༔ བཟའ་བཏུང་དེ་ཉིད་ཤ་ལྔ་བདུད་རྩི་ལྔ་ཟག་མེད་ཀྱི་ཚོགས་སུ་བསྒོམ་ལ་ལག་པ་རྡོ་རྗེའི་སྐྱ་བར་བསམས་ལ༔ ཨོཾ་ཨཱཿཧཱུྃ་གསུམ་བརྗོད་ཅིང་དཀྲུག་སོ། །དེ་ནས་རང་གི་མགྲིན་པར་བླ་མ་བཀའ་བརྒྱུད་ཀྱི་ཚོགས་དང་བཅས་པ༔ སྙིང་གར་ཡི་དམ་ཞི་ཁྲོའི་ལྷ་ཚོགས༔ ལྟེ་བར་མཁའ་འགྲོ་ཆོས་སྐྱོང་༔ གཞན་ཡང་རྩ་གནས་སུ་དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་བསྐྱེད་ལ༔ དེ་རྣམས་ལ་ཚོགས་ཀྱི་འཁོར་ལོ་བསྐོར་བར་བསྐྱེད་ལ༔ ཨོཾ་ཨཱཧཱུྃ་བརྗོད་ཅིང་བཟའོ༔ དེ་ནས་ལྷག་མ་རིགས་དྲུག་ལན་ཆགས་ལ་དམིགས་ལ་སྦྱིན༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ༔ ཞེས་སོགས་བསྔོ་བ་བྱའོ༔


CMR007_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བཏུང་གི་རྣལ་འབྱོར་རོ༔ ༈ རང་ཉིད་གསེར་གྱི་བུམ་པ་དྲི་མ་མེད་པར་བསྒོམ༔ དེའི་ནང་ནས་བདུད་རྩི་འོ་མ་ལྟ་བུ་ཡི་དྭགས་ཀྱི་གནས་སུ་ན་ར་ར་རྒྱུན་མི་ཆད་དུ་བབས་པས་ཡི་དྭགས་ཀྱི་བཀྲེས་སྐོམ་ཐམས་ཅད་ཞི་ནས་ལོངས་སྤྱོད་དང་ལྡན་པར་བསྒོམས་ལ༔ ཨོཾ་ཨཱནུཏྟ་ཨ་ཧ་རེ་བྱཱ་སྭཱ་ཧཱ༔ དྲི་ཆུ་ལ་ལོངས་སྤྱོད་པ་ཐམས་ཅད་ཚིམ་པར་གྱུར་ཅིག༔ ཅེས་བརྗོད་དོ༔ ༈ རང་སྐད་ཅིག་སྤྱན་རས་གཟིགས་སུ་བསྐྱེད་ལ༔ དྲི་མ་ཟས་ཀྱི་ཚོགས་དཔག་ཏུ་མེད་པར་བསྒོམ་ལ༔ ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབས༔ ཨོཾ་སརྦ་པྲ་ཏ་ནཾ་ཁཱ་ཧི་ཁཱ་ཧི༔ ཡི་དྭགས་དྲི་ཆེན་ལ་ལོངས་སྤྱོད་པ་རྣམས་ཚིམ་པར་གྱུར་ཅིག༔ ཅེས་བརྗོད་དོ༔ ནམ་ལངས་འགྲོ་དང་ནུབ་ཉལ་ཁ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་ཚར་གསུམ་བརྗོད་ན་ངག་བྱིན་རླབས་དང་བཟླས་བརྗོད་ཀྱི་ལྷག་ཆད་ཁ་བཀང་བས་རབ་གནས་སུ་འགྲོ་བས་ནུས་པ་ཆེ་བ་དང་མི་ཉམས་པའི་གནད་ཟབ་བོ༔ དེ་ལྟར་རྫོགས་རིམ་ཉམས་ལེན་བལྟས་ཆོག་ཏུ་བཀོད་པ་ལ༔ འགལ་འཁྲུལ་བསྲེ་བསླད་སྦ་འོས་གསལ་བཀོད་སོགས་ཉེས་པ་ཅི་མཆིས་ན༔ ཐུགས་རྗེ་ཆེན་པོ་དང་ལྡན་པ་པད་འབྱུང་རྩ་གསུམ་ཆོས་བདག་སྲུང་མ་དང་བཅས་པ་ལ་མཐོལ་ཞིང་བཤགས་སོ༔ འདི་ཕྱིའི་སྒྲིབ་པར་མ་གྱུར་ཅིག༔ འདི་བྲིས་དགེ་བས་འདི་ཉིད་མཐོང་ཐོས་དྲན་རེག་གིས་གཙོར་བྱས་སེམས་ཅན་ཐམས་ཅད་བསྐྱེད་


CMR007_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལ་བརྟན་པ་ཐོབ་ནས༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག༔ སྐྱེས་མ་ཐག་ཏུ་མེ་ཏོག་པདྨ་ཁ་བྱེ་སྟེ༔ སངས་རྒྱས་སྣང་བ་མཐའ་ཡས་མཇལ་བར་གྱུར་ཅིག དེར་བྱང་ཆུབ་ཏུ་ལུང་བསྟན་ནས་ས་བཅུ་ཐོབ་པར་གྱུར་ཅིག ཅེས་པ་འདི་རང་གཞན་ལ་ཕན་པའི་བསམ་པ་ཁོ་ནས༔ ༧ སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ༔ འདི་གཞུང་པོད་ཁོ་ན་རྡོ་རྗེའི་གསུང་ཚིག་ཡིན་གྱི༔ བདག་རང་གི་ཚིག་འདྲེས་པ་མེད་པས་ཐམས་ཅད་ཀྱིས་དད་གུས་ཆེན་པོ་ནས་ཉམས་སུ་ལོངས་ཤིག༔ དགེའོ༔ ༈ ཚེ་དབང་གྲགས་པ་ནས། མཚུངས་མེད་ངག་དབང་གྲགས་པ། རིག་འཛིན་ཀུན་དགའ་གྲགས་པ། གར་དབང་ཀུན་དགའ་བསྟན་འཛིན། རིག་འཛིན་ཀརྨ་དོན་ཡོད། མཚུངས་མེད་ཀརྨ་ཆགས་མེད། རིག་འཛིན་མི་འགྱུར་རྡོ་རྗེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་དྲག་པོའི་རྫོགས་རིམ་བླ་མའི་ཐུགས་ཁྲིད་ཡིད་བཞིན་ནོར་བུའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།next