Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྙན་བརྒྱུད་ཡིད་བཞིན་ནོར་བུའི་ཟིན་བྲིས།
   
   
   
   
   
   
   
   
   


 
previousསྙན་བརྒྱུད་ཡིད་བཞིན་ནོར་བུའི་ཟིན་བྲིས།next

སྙན་བརྒྱུད་ཡིད་བཞིན་ནོར་བུའི་ཟིན་བྲིས།


CMR007_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་བརྒྱུད་ཡིད་བཞིན་ནོར་བུའི་ཟིན་བྲིས་བཞུགས་སོ།།


CMR007_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གུ་རུ་ཞི་དྲག་གཉིས་ཀ་སྙིང་པོ་ལྟ་བུ་བྱིན་རླབས་ཆེ་ཞིང་ཉམས་ལེན་བདེ་བ་ཚིག་ཉུང་ལ་དོན་ཆེ་བ་ཡིན། འདིར་གུ་རུ་ཞི་དྲག་གི་དབང་ཐོབ་ན་འདོན་རུང་བས་འདོན་དུ་འཇུག །ཨོ་རྒྱན་གྱི་གསུང་མ་བཅོས་པས་བྱིན་རླབས་ཆེ། འདི་བདག་ཉིད་གང་མོས་པའི་ཡི་དམ་ཟེར་བ་ནི། ཡི་དམ་གང་བསྒོམ་ཡང་རུང་ལ། རྟ་མགྲིན་ཡང་གསང་བསྒོམ་པ་ཁྱད་མེད་དེ། འདི་ཡི་ལུགས་ནི། བདག་ཉིད་དབང་ཆེན་ཡབ་ཡུམ་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ དབུ་གཙུག་རྟ་ཞལ་ཕག་གདོང་མཚན༔ གཡས་གཡོན་གྲི་ཁུག་ཐོད་ཁྲག་འཛིན༔ ཞབས་གཉིས་བརྐྱང་བསྐུམ་འཁྲིལ་སྦྱོར་ཚུལ༔ དུར་ཁྲོད་རུས་རྒྱན་མེ་ཀློང་བཞུགས༔ ཟེར་བ་འདི་ལྟར་


CMR007_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱའོ། །དེ་ཡང་རྟ་མགྲིན་དམར་པོ་གྲི་གུག་ཐོད་ཁྲག་འཛིན་པ་ཡུམ་ཕག་མོ་དམར་མོ་གྲི་གུག་ཐོད་ཁྲག་ཅན་ལ་འཁྱུད་པ། སྤྱི་བོར་རྟ་ཞལ་ཕག་གདོང་ཅན་ལ་འཁྱུད་པ་ཡེ་ཤེས་དང་དམ་ཚིག་པ་དབྱེར་མེད་དུ་བསྒོམ་སྟེ། དེའི་སྤྱི་བོར་ཨོ་རྒྱན་གཞུང་ལྟར། བསྒོམ་སྟེ། རྔ་ཡབ་ནས་ཨོ་རྒྱན་ཡིད་ཀྱིས་སྤྱན་དྲངས་ལ་བསྟིམ་སྟེ། ཚིག་བདུན་གསོལ་འདེབས་ནི། སྤྱན་འདྲེན་དང་གསོལ་འདེབས་གཉིས་ཀ་ཡིན་ནོ། །ཚིག་བདུན་གསོལ་འདེབས་འདི་ལ་ཉུང་བ་ཚིག་འབྲུ་བདུན་ཡོད་པ་དང་། དེ་ནས་རྒྱས་བསྡུས་གཉིས་ཡོད་པས་རྒྱས་པ་འདི་བྱ་སྟེ། དྷཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་


CMR007_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་གསོལ་འདེབས་སྤྱན་འདྲེན་གཉིས་ཀ་ཡིན་ནོ༔ ཨོ་རྒྱན་གྱི་དཔྲལ་བ་མགྲིན་པ་ཐུགས་ཀ་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཀྱི་ཐིག་ལེ་དཀར་པོ་ཨོཾ་གྱིས་མཚན་པ་དང་༔ ཐིག་ལེ་དམར་པོ་ཨཱས་མཚན་པ། ཐིག་ལེ་སྔོན་པོ་ཧཱུྃ་གིས་མཚན་པ་མང་པོ་བར་མ་ཆད་པར་བྱོན་ནས། རང་གི་དཔྲལ་བ་མགྲིན་པ་སྙིང་ག་གསུམ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་པར་བསྒོམ་ལ། བཛྲ་གུ་རུ་ཕྲེང་སྐོར་གཅིག་ཙམ་མམ། སྟོང་ཕྲག་ཙམ་མམ། སུམ་བརྒྱ་ལྔ་བརྒྱ་ཙམ་མམ༔ རང་གིས་ཅི་ཙམ་འདོད་པ་འདོན། དེ་ནས་ཨོ་རྒྱན་སྤྱི་བོ་ནས་མར་རང་གི་སྙིང་དཀྱིལ་དུ་བྱོན་པས། རང་གི་སྙིང་པདྨ་འདབ་མ་བརྒྱད་པ་ཁ་གྱེན་དུ་བྱེ་བའི་


CMR007_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་བཞུགས་པས། ཨོ་རྒྱན་དེ་ཉིད་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་དྲིལ་བུ་དཀུ་ལ་བརྟེན་པ། ཡུམ་མཁའ་འགྲོ་མཚོ་རྒྱལ་མ་དཀར་མོ་གཅེར་བུ་གྲི་ཐོད་འཛིན་པས་འཁྱུད་པ། དེ་ལྟར་ཡབ་ཡུམ་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་ཚུར་བསྡུས་ནས་རོང་གི་བ་སྤུའི་བུ་ག་ནས་ཞུགས། སྙིང་དཀྱིལ་རྡོ་རྗེ་འཆང་ཡབ་ཡུམ་ལ་ཐིམ་པར་བསྒོམ་ལ། སྔགས་ཐོད་ཕྲེང་རྩལ་དེ་བཛྲ་གུ་རུ་ཇི་ཙམ་བཏོན་པ་དེ་བས་ཅུང་ཟད་མང་ཙམ་འདོན། དེ་ནས་ཨོ་རྒྱན་རྡོ་རྗེ་འཆང་དེ་འོད་དུ་ཞུ་ནས་རང་གི་ལུས་ངག་ཡིད་གསུམ་དང་དབྱེར་མེད་དུ་གྱུར་པར་བསྒོམ། དེ་ནས་རང་ཡི་དམ་རྟ་མགྲིན་གྱི་དཔྲལ་བ་མགྲིན་པ་ཐུགས་ཀ་ལྟེ་བ་གསང་གནས་རྣམས་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས་འོད་དཀར་པོས་ནད་གདོན་ཞི། སེར་པོས་བསོད་ནམས་རྒྱས། དམར་པོས་སྣང་སྲིད་ལྷ་འདྲེ་ཐམས་ཅད་དབང་དུ་སྡུས་ལྗང་གུས་གནོད་བྱེད་ཐམས་ཅད་ཚར་བཅད་པར་བསྒོམ། སྔགས་ཐོད་ཕྲེང་རྩལ་དང་། ཧྲིམ་ཧ་རི་ནི་ས་གཉིས་སྦྲེལ་ལ་ཅུང་ཟད་ཅིག་འདོན། ཐོད་ཕྲེང་རྩལ་ཅི་ཙམ་བཏོན་པ་དེའི་བཅུ་ཆ་སྟེ། དཔེར་ན་


CMR007_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་ཧས་བཏབ་པ་དེ་ཡལ་བ་ལྟར་བསྒོམ། དེ་རང་གི་སེམས་དེ་ལ་ཅི་འདྲ་ཞིག་གདའ་ལེགས་པར་བལྟ། གཟུགས་ཁ་དོག་ཅི་འདུག་ལུས་ཀྱི་ཕྱི་ནང་གར་འདུག་བལྟ། མ་རྙེད་ན་མ་རྙེད་བསམ་མཁན་ལ་བལྟ། དེ་མ་རྙེད་ན་སྟོང་པ་ཉིད་ཟུར་ཙམ་ཞིག་མཐོང་བ་ཡིན་པས། མ་རྙེད་བསམ་པའི་སྡུག་སྣང་དང་སེམས་འཛེར་བྱེད་མི་དགོས། དེར་ཡང་ཡང་འདྲིས་བཅུག་ནས་སེམས་ལ་གཟུགས་དངོས་པོ་མེད་ཀྱང་། མི་དྲན་དགུ་དྲན་གྱི་རིག་པ་ཞིག་ཡོད། དེ་ལ་ཡང་ཡང་བལྟ་ཞིང་གོམས་བཅུག་ན། ཨོ་རྒྱན་རིན་པོ་ཆེའི་དགོངས་པ་རྟོགས་པར་འགྱུར་རོ། །གོང་དུ་གསོལ་འདེབས་བྱེད་དུས་ཨོ་རྒྱན་ལ་བློ་གདེང་གཏད་ནས་ཅི་མཛད་ཁྱེད་ཤེས་ཀྱི་མོས་གུས་དྲག་པོ་བྱས་ན། བྱིན་རླབས་མྱུར་བའི་གནད་དམ་པ་ཡིན། རྗེས་ལ་བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །པདྨ་འབྱུང་གནས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སྨོན་ལམ་བྱའོ། །དེ་ལྟར་ནངས་སྔ་ནུབ་ཕྱི་ཐུགས་དམ་གཙོར་མཛད་པར་ཞུ། གནས་སྐབས་ནད་གདོན་བར་ཆད་ཞི་བ་དང་། མཐར་ཐུག་བྱང་ཆུབ་འགྲུབ་པ་སོགས་ཡོན་ཏན་མཐའ་ཡས་པས། འདི་ཉུང་བས་ཐུགས་དམ་གཞན་མི་ཆག །ཞལ་ཤེས་ཞུ་མིས་གོ་བདེ་བར་དགེ་སློང་ཨ་རཱ་གས་སོ།། །།


previousསྙན་བརྒྱུད་ཡིད་བཞིན་ནོར་བུའི་ཟིན་བྲིས།next