Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་མང་ཉུང་གཉིས་ཉམས་སུ་ལེན་པའི་ཟིན་བྲིས་མདོར་བསྡུས།
   
   
   
   
   
   


 
previousཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་མང་ཉུང་གཉིས་ཉམས་སུ་ལེན་པའི་ཟིན་བྲིས་མདོར་བསྡུས།next

ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་མང་ཉུང་གཉིས་ཉམས་སུ་ལེན་པའི་ཟིན་བྲིས་མདོར་བསྡུས།


CMR007_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་མང་ཉུང་གཉིས་ཉམས་སུ་ལེན་པའི་ཟིན་བྲིས་མདོར་བསྡུས་བཞུགས་སོ༔


CMR007_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷ་ཀི་ནི་ཡེ༔ རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ལོ༔ གུ་རུའི་ཐུགས་བཅུད་ས་འོག་གཏེར་གཅིག་མ༔ ལུང་ཐོབ་ཙམ་གྱིས་གནས་ངན་སྐྱེ་བ་གཅོད༔ ཉམས་སུ་ལེན་རྣམས་ཚེ་གཅིག་སངས་རྒྱས་གསུངས༔ དེ་ཕྱིར་ཐུགས་སྒྲུབ་ཟིན་བྲིས་ཅུང་ཟད་བྲི༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ ཤེས་རབ་འབྱོར་བ་འཁོར་གཡོག་འཛོམ་པ་ན༔ སྒྲུབ་ཆེན་བྱས་ན་ཨོ་རྒྱན་དགོངས་པ་རྫོགས༔ ཤེས་རབ་ལྡན་པས་རང་དོན་ཉམས་ལེན་ནི༔ སྐུ་གསུམ་སྒྲུབ་པ་ལས་ལྷག་ཡོད་མ་ཡིན༔ ཤེས་རབ་དམན་དང་སྒྲུབ་ཆས་མི་འཛོམ་རྣམས༔ ཀུན་དྲིལ་ཡིད་བཞིན་ནོར་


CMR007_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བསྒྲུབས་པས་འཐུས༔ སྤྲོས་བཅས་མི་འདོད་སྒྲུབ་པ་འདོད་པ་ལ༔ འབྲུ་གསུམ་སྒྲུབ་པ་རིགས་གཉིས་གང་རུང་བྱ༔ དེ་དག་ཀུན་གྱི་གེགས་སེལ་ངར་འདོན་ནི༔ གུ་རུ་དྲག་མཐིང་ཧཱུཾ་སྒྲུབ་ཞོར་ལ་འབྱུང་༔ རྗེས་འཛོམ་ནུས་པར་ལྡན་པའི་གང་ཟག་གིས༔ ལྷ་མཉེས་རང་གཞན་ཀུན་ལ་ཕན་པའི་ཕྱིར༔ བདུད་རྩི་སྨན་གྱི་སྒྲུབ་པ་གཞུང་བཞིན་བྱ༔ དམ་ཚིག་ཉམས་ཆག་སྐྱོན་གྱིས་གོས་པ་ན༔ ཡང་དག་ཐུགས་ཀྱི་སྒྲུབ་པ་བྱས་པས་སེལ༔ དུས་མིན་ཚེ་ཡི་བར་ཆད་འབྱུང་དོགས་ན༔ ཚེ་སྒྲུབ་གསང་བ་བཀའ་རྒྱའི་སྒོམ་བཟླས་བྱ༔ རྫོགས་རིམ་གྲོལ་ལམ་ཉམས་སུ་ལེན་པ་


CMR007_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ སྔོན་འགྲོ་ཆོས་སྤྱོད་ལམ་རིམ་ཆེན་མོ་དང་༔ དངོས་གཞི་གསང་ཁྲིད་རིགས་ལྔ་ཉམས་སུ་ལོངས༔ གཏུམ་མོ་བསྒོམ་སྟེ་འཁྲུལ་འཁོར་ཉེར་ལྔ་བྱ༔ རབ་བྱུང་བསྙེན་རྫོགས་ལ་སོགས་མ་ཞུས་ཤིང་༔ གཏུམ་མོ་རྩ་རླུང་ནུས་པ་ཐོན་པ་ན༔ ཕྱག་རྒྱ་བརྟེན་ཐབས་བཞིན་དུ་མུ་དྲ་བཙལ༔ ཟུང་འཇུག་གསང་བའི་ཐེམ་སྐས་ཆགས་ལམ་སྦྱང་༔ ལུས་སྟོབས་རྒྱས་ཤིང་ཐིག་ལེ་འཕེལ་བའི་ཕྱིར༔ རྟག་ངུ་ལ་སོགས་བཅུད་ལེན་སྐོར་རྣམས་བྱ་ལོ་མང་ལུས་རྒུད་འཆི་ལ་ཉེ་བ་ན༔ ཚེ་ལམ་ལྡན་པའི་དྷ་ཀི་མཚན་ལྡན་བཙལ༔ གསང་བ་བཀའ་རྒྱ་མ་ལྟར་ལུས་སྟོབས་བསྐྱེད༔ དེ་དག་གེགས་དང་གོལ་ས་བྱུང་བ་ན༔ གེགས་སེལ་བཀའ་རྒྱ་མ་ལྟར་གེགས་སེལ་བྱ༔ ལྟ་སྒོམ་སྤྱོད་གསུམ་སྤྱི་ཡི་རྣམ་བཞག་རྣམས༔ ལང་གྲོའི་ཞུས་ལན་ལྟར་དུ་ཉམས་སུ་བླངས༔ ཁྱད་པར་རཏྟའི་སྙན་བརྒྱུད་སྙིང་ལ་འཆང་༔ བསྐང་གསོ་གླིང་བཞི་སྲིད་པའི་སྤྱི་མདོས་དང་༔ མཁའ་འགྲོའི་གཏོར་ཟློག་སུན་ཟློག་ལ་སོགས་པ༔ རང་གཞན་དོན་དུ་སྐབས་དང་སྦྱར་བར་བྱ༔ རབ་གནས་བདུན་ཚིགས་སྦྱིན་སྲེག་དེ་དང་འདྲ༔ ཞི་རྒྱས་རླུང་འཁོར་སཱཙྪ་ལ་སོགས་པ༔ རང་གཞན་དོན་དུ་གང་འགྱུར་བྱ་བ་ཡིན༔ འབྱོར་


CMR007_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལོངས་སྤྱོད་སྤེལ་བར་འདོད་པ་རྣམས༔ ཡེ་ཤེས་གྲགས་དང་ཐོད་སྒྲུབ་ཉམས་སུ་བླངས༔ བྱད་ཁ་དྲོད་གཏོང་ལ་སོགས་གནོད་པ་ན༔ མཁའ་འགྲོའི་ཡང་ཟློག་ཟ་ཡིག་བཏགས་དང་ཟ༔ གཞན་ཡང་བར་ཆད་རྐྱེན་སོགས་གང་ཟློག་ཀྱང་༔ མཁའ་འགྲོའི་གཏོར་ཟློག་ཁ་སྦྱོར་བདུན་མ་གཉིས༔ མ་བུ་སྤྱོད་ཤེས་གནམ་ལྕགས་ཐོག་དང་འདྲ། བསྙེན་སྒྲུབ་རྟགས་ཐོན་རྫས་རྣམས་འཛོམས་པ་ན༔ ལས་ཚོགས་བཅོ་ལྔ་གང་སྒྲུབ་འགྲུབ་མོད་ཀྱི༔ ནུས་པར་མི་ལྡན་རྫས་རྣམས་མི་ཚང་དང་༔ ཕྱག་ལེན་མི་ཤེས་རང་མགོ་རང་སྐོར་ཡིན༔ དྲག་པོའི་རླུང་འཁོར་འགོང་ཆོག་ལ་སོགས་པ༔ རང་ཉིད་དམྱལ་བར་ལྟུང་ཕྱིར་ལག་མི་བླང་༔ འོན་ཀྱང་ཚེ་གཅིག་ཐུགས་སྒྲུབ་ཉམས་བླངས་ཤིང་༔ རྒྱུན་དུ་མ་ནིང་གསོལ་མཆོད་རེམ་པ་ན༔ མ་བསྐུལ་པ་ཡང་བརྣག་པའི་དགྲ་བགེགས་བསྒྲལ༔ རང་ལ་མི་སྒྲིབ་དགྲ་ཡང་བསྒྲལ་བར་འགྱུར༔ སློབ་མ་ལ་སོགས་རྗེས་སུ་འཛིན་པ་ན༔ དབང་བསྐུར་རྒྱས་བསྡུས་གསུམ་པོ་སྐབས་དང་བསྟུན༔ བསྡུས་པ་གཏོར་དབང་མཛད་ཆོས་རྐྱང་པ་ནི༔ སྒྲུབ་པ་བྱེད་མཁན་ཡིན་ན་གོ་མི་ཀེག༔ རྫོགས་རིམ་སྐོར་རྣམས་ཉམས་སུ་ལེན་པ་ལ༔ མཆོག་


CMR007_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྐོར་གསུམ་བསྐུར་བ་གལ་ཆེའོ༔ ཚེ་སྒྲུབ་རྡོར་ཕྲེང་དཔལ་མགོན་མ་ནིང་གཉིས༔ པོད་ཆུང་གུད་དུ་སོ་སོར་ཡོད་མོད་ཀྱང་༔ ཐུགས་སྒྲུབ་ཆ་ལག་ཡིན་པ་ཤེས་པར་བྱ༔ ཀུན་དྲིལ་ཡིད་བཞིན་ནོར་བུའི་སྒྲུབ་པ་དང་༔ སྙན་བརྒྱུད་ཡིད་བཞིན་ནོར་བུ་གཉིས་པོ་ནི༔ ཞི་དྲག་ཐུན་མོང་ཡིན་པ་ཤེས་པར་བྱ༔ མཁའ་རིའི་སྒྲུབ་པ་ནོར་སྒྲུབ་བཅས་པ་ནི༔ ཐུགས་སྒྲུབ་ཐུགས་རྗེ་ཆེན་པོའི་ཐུན་མོང་ཡིན༔ ཞིང་སྐྱོང་སེང་གདོང་སྒྲུབ་པའི་སྐོར་རྣམས་ཀྱང་༔ སྐུ་གསུམ་སྒྲུབ་པའི་སྒེར་གྱི་སྲུང་མ་ཡིན༔ སྒྲུབ་ཆེན་མང་པོ་འཚོགས་ནས་སྔགས་རྒྱུན་བྱེད༔ དེ་ཚེ་ཚོམ་བུ་འབུམ་སྒྲུབ་ཅེས་བྱའོ༔ གང་ཟག་གཅིག་གིས་སྒྲུབ་པ་བྱེད་པ་ན༔ སྔགས་རྒྱུན་མེད་ཀྱང་དཔའ་བོ་གཅིག་སྒྲུབ་ཟེར༔ སྒྲུབ་ཆེན་སྐུ་གསུམ་སྒྲུབ་པ་གབ་སྤྱད་ལ༔ སྐུ་གསུམ་སྒྲུབ་ཆེན་ལྟར་སྒྲུབ་ཤིན་ཏུ་ཟབ༔ སྒྲུབ་ཆེན་མི་སབ་སྐུ་གསུམ་རང་གཞུང་དང་༔ སྤྲ་ཁྲིད་ལས་བྱང་གསུམ་པོ་གབ་སྤྱད་པ༔ སྐུ་གསུམ་སྒྲུབ་ཁྲིད་ལྟར་དུ་སྒྲུབ་པ་ཡིན༔ ལས་བྱང་མི་དགོས་ཆོས་སྤྱོད་ལམ་རིམ་དང་༔ སྐུ་གསུམ་སྒྲུབ་པའི་དམིགས་རིམ་གབ་སྤྲད་པ༔ སྐུ་གསུམ་ཁྲིད་རིམ་ལྟར་དུ་ཉམས་ལེན་ཡིན༔ དེ་ཡིས་ཐུགས་སྒྲུབ་པོ་ཏིའི་སྤྱི་ཆིང་ཚང་༔ དེ་


CMR007_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྒྲུབ་ཐབས་རྣམ་གྲངས་མང་ན་ཡང་༔ དེང་སང་སྔགས་འཆང་གསར་བུ་ཕལ་ཆེར་གྱིས༔ ཉམས་སུ་མི་ལེན་དཔེ་ཆ་དད་རྟེན་ཙམ༔ ལས་བྱང་བློར་བཟུང་འདོན་མཁན་ཤིན་ཏུ་མང་༔ དེ་ལྟར་ལས་བྱང་ལ་བརྟེན་སྒྲུབ་པའི་ཐབས༔ དེ་ཡང་ཚིག་གི་ན་ཡམ་བཤད་པའི་སྐོར༔ འབྲུ་འགྲེལ་གསལ་ཕྱིར་འདི་རུ་བཤད་མི་དགོས༔ དང་པོ་དབང་ནི་ཐོབ་པ་གལ་ཆེ་སྟེ༔ དབང་མ་ཐོབ་པར་སྒྲུབ་པ་སྔགས་ལོག་ཡིན༔ དགོན་དང་རི་ཁྲོད་ཁང་པ་སྦྲ་གུར་སོགས༔ རང་ཉིད་གང་མོས་གནས་སུ་བསྒྲུབ་བྱ་སྟེ༔ ས་སྟེགས་སྒོ་ཁྲི་མཆོད་གཞི་གང་འཛོམ་སྟེ༔ འཛོམ་ན་དཀྱིལ་ཐང་བཏིང་བར་བྱ་བ་སྟེ༔ མ་འཛོམ་འབྲུ་ཡི་ཚོམ་བུ་ལྷ་གྲངས་བཀོད༔ པད་འབྱུང་རྟ་མགྲིན་བརྩེགས་མར་ཡོད་པ་ལ༔ ཚོམ་བུ་གཞན་ལས་སུམ་ལོག་ཆེ་བ་བྱ༔ དེ་དབུས་ཡོད་ན་བུམ་པ་སྤྱི་ལྟར་བཤམས༔ དེ་ཡི་སྟེང་ངམ་ཡང་ན་མདུན་ཡང་རུང་། སྒྲུབ་གཏོར་རིན་ཆེན་འབར་བ་ལེགས་པར་བཤམ༔ བུམ་པ་མེད་ན་གཏོར་མ་དབུས་དེར་བཤམ༔ ཡོད་ན་ཨོ་རྒྱན་ཞལ་ཐང་སྐུ་འདྲ་སོགས༔ དཀྱིལ་འཁོར་ནུབ་ནས་ཚུར་ལ་ཞལ་གཟིགས་བཤམ༔ མེད་ན་གཏོར་མའི་རྩེ་ལ་ཙཀ་ལི་འཛུགས༔


CMR007_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་སྐུ་དང་ཐུགས་སྒྲུབ་པོ་ཏིའམ༔ ཐུགས་སྒྲུབ་གཏེར་གཞུང་དཔེ་ཆ་རེ་ཟུང་དང་༔ ཤེལ་དང་རྡོ་རྗེ་རྩེ་ལྔ་ལ་སོགས་པ༔ ཡོད་ན་སྐུ་གསུང་ཐུགས་རྟེན་ཡིན་པས་བཤམས༔ དེ་དག་མེད་ཀྱང་ཐབས་ནི་ཆག་པ་མེད༔ བུམ་པའམ་གཏོར་མའི་གཡས་སུ་བདུད་རྩི་དང་༔ གཡོན་དུ་རིཀ་གཉིས་ནི་བཤམ་པར་བྱ༔ ཕུགས་གཏོར་ལོགས་སུ་གཏོར་སྒམ་བྱས་ཀྱང་རུང་༔ དཀྱིལ་འཁོར་སྟེང་དེར་བཤམ་ན་ལེགས་པ་སྟེ༔ ཤར་དུ་བླ་མ་ལྷོ་རུ་ཡི་དམ་དང་༔ ནུབ་ཏུ་མཁའ་འགྲོ་བྱང་དུ་ཆོས་སྐྱོང་བཤམ༔ མཚམས་བཞིར་ཆོས་སྐྱོང་དང་ནི་ནོར་ལྷ་སོགས༔ ཕུགས་གཏོར་གང་ཡོད་དེ་རུ་བཤམ་པར་བྱ༔ དེ་རྒྱབ་མཆོད་པ་སྣ་བདུན་བསྐོར་བཤམ་བྱ༔ ཤར་དུ་མཆོད་ཡོན་ཤར་ལྷོར་ཞབས་བསིལ་དང་༔ ལྷོ་རུ་མེ་ཏོག་ལྷོ་ནུབ་བདུག་སྤོས་དང་༔ ནུབ་ཏུ་མར་མེ་ནུབ་བྱང་དྲི་ཆབ་དང་༔ བྱང་དུ་ཞལ་ཟས་བྱང་ཤར་ཏིང་ཤག་གམ་མེད་ན་མཚམས་འཛིན་མེ་ཏོག་ནས་བཤམ་མོ༔ སྔོན་འགྲོ་དཀར་བགེགས་ཚོགས་དང་གཏོར་འབུལ་དང་༔ མཐེབ་སྐྱུ་ལ་སོགས་མཆོད་གཏོར་བཟང་དུ་བཤམ༔ དཀྱིལ་འཁོར་བཤམ་པའི་མཆོད་པ་མི་བརྗེ་ཞིང་༔ ཡོན་ཆབ་ལ་སོགས་སྐམ་ན་ཁ་གསོ་བྱ༔ མདུན་དུ་ཉིན་


CMR007_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བརྗེ་རྒྱུའི་མཆོད་པ་བཤམ༔ རིན་ཆེན་འབར་བ་དང་པོ་བྲན་པ་ནས༔ གསོ་བྲན་མི་དགོས་སྒྲུབ་རྟེན་ལྷ་བསྐྱེད་ཡིན༔ ཕུགས་གཏོར་རྣམས་ནི་ནམ་འདོད་གསོ་བྲན་བྱ༔ དཀར་བགེགས་དང་པོའི་ཉིན་པར་རྒྱས་པར་བཏང་༔ དེ་ནས་རྒྱུན་དུ་གཏོང་བར་མི་དགོས་སོ༔ ཚོགས་དང་བསྐང་བ་ཆད་མདོ་གཏོར་འབུལ་རྣམས༔ དང་པོ་ནུབ་དང་ཡར་མར་ཚེས་བཅུ་དང་༔ དགུ་གཏོར་གྲོལ་ནུབ་མ་གཏོགས་མི་དགོས་སོ༔ མལ་སྟན་དང་པོ་བཏིང་ནས་བསྒུལ་མི་རུང་༔ ཁའང་ལྷོ་ནུབ་ཨོ་རྒྱན་བཞུགས་ངོས་གྱུ༔ དཀྱིལ་འཁོར་མཆོད་པ་མདུན་ནམ་གཡས་སུ་བཤམ༔ སྒོ་རྩར་ཐོ་བརྩེགས་དེ་ལ་དཀར་གཏོར་འབུལ༔ གནས་བདག་དེ་ལ་བསྔོ་ཞིང་བཅོལ་གཏམ་ནི༔ སྒྲུབ་པ་འདི་ཉིད་མཐའ་རུ་མ་ཐོན་བར༔ བར་ཆད་མ་གཏོང་སྡོང་གྲོགས་གྱིས་ཞེས་བརྗོད༔ རང་ཉིད་ཁྲུས་བྱས་མལ་གོས་སྤོས་ཀྱིས་བདུག༔ མཚམས་གཡོག་གཅིག་ཀྱང་མི་གཏུགས་རྟགས་གསལ་ཏེ༔ མི་གཏུགས་ཀ་མེད་ཡོད་ན་མདུན་དེར་བཞག༔ རྗེས་ནས་གཏུགས་དགོས་ཡོད་ན་ཤོག་བུ་ལ༔ མིང་བྲིས་རྡེའུ་བསྟམ་ལ་མི་དེ་བསམ༔ དེ་ནས་བགེགས་གཏོར་བཏང་ལ་མཚམས་བཅད་དེ༔ སྒྲུབ་ཁང་ཐུན་


CMR007_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བྲབ་གུ་གུལ་དུད་པས་བདུག༔ དེ་ནས་སྲུང་བའི་འཁོར་ལོ་དྲག་ཏུ་བསྒོམ༔ མི་དང་ངོ་མི་གཏུགས་ཤིང་ངག་མི་བསྲེ༔ རྒྱུན་དུ་ངག་བཅད་ཐུབ་ན་མཆོག་ཡིན་ཏེ༔ ཕྱེད་ངག་ཅེས་པ་རླངས་པ་མ་ཤོར་བར་ཁ་བཙུམས་ངག་གཏམ་སྨྲ་བ་བསླབ་ན་གོ༔ མི་གཏོང་ཀ་མེད་ཡོད་ན་ཐུན་མཚམས་གཏོང་༔ གལ་ཏེ་མཚམས་གཡོག་ངག་གཏམ་མི་གོ་ན༔ གཞན་ལ་ངག་མི་བསྲེ་བའི་མཚམས་གཡོག་ནི༔ གཅིག་པུ་དེ་ལ་ངག་ནི་མི་གཅོད་པར༔ གསང་བ་སྤྱི་རྒྱུད་སོགས་ནས་བཤད་དང་མཚུངས༔ མཚམས་གཡོག་དམེ་ཡུགས་ནལ་གསུམ་ལ་སོགས་པ༔ གྲིབ་ཆེན་མི་རུང་གཙང་བ་གལ་ཆེའོ༔ སྒྲུབ་གཡོག་མཚན་ཉིད་རྒྱུད་སྡེ་རྣམས་ནས་བཤད༔ འབྱོར་པ་ཡོད་ན་སྒྲུབ་ཚེ་མཆོད་གཏོར་གཟབ༔ མེད་ན་ཅི་འབྱོར་དམིགས་རྟེན་ཙམ་གྱིས་ཆོག ཚོགས་འཁོར་མ་བྱས་པ་ཡི་ཤ་ཆང་སྤངས༔ གཙོང་བུ་སྒྲོག་པ་ཟ་བར་མི་བྱ་སྟེ༔ ལྕེ་ཡང་མི་ཟ་མེ་ལ་ཕུ་མི་བྱ༔ སྐ་སེན་མི་བྲེག་ལུས་ལ་ཁྲུས་མི་བྱ༔ སྟན་དྲོད་མ་ཡལ་མེ་ཉི་སྤངས་ན་ལེགས༔ གཟུངས་ཆུ་མ་ཡིན་ཆུ་ཡིས་ཁ་མི་བཤལ༔ དེ་ནས་ཐུན་ནི་དྲུག་གམ་བཞི་བྱ་སྟེ༔ བསྐྱེད་རིམ་མི་བརྟན་པ་ནི་ཐུན་དྲུག་བྱ༔ ཐོ་རངས་སྔ་དྲོ་ཉིན་ཕྱེད་དགོང་མོ་


CMR007_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ སྲོད་དང་ནམ་ཕྱེད་དྲུག་ལ་ལས་བྱང་བཏང་༔ ཅུང་ཙམ་བརྟན་ན་ཐུན་བཞི་བྱ་བ་སྟེ༔ སྔ་དྲོ་ཉིན་གུང་དགོང་མོ་མཚན་ཐུན་བཞི༔ བསྐྱེད་རིམ་རབ་ཏུ་བརྟེན་ན་ཐུན་གསུམ་སྟེ༔ སྔ་དྲོ་དགོང་མོ་མཚན་དང་གསུམ་ཡིན་ནོ༔ བསྐྱེད་རིམ་བརྟན་ཅིང་སྔགས་གྲངས་མང་འདོད་ན༔ ཉིན་ཐུན་མཚན་ཐུན་གཉིས་ཀྱིས་ཆོག་པ་སྟེ༔ འདི་ནི་མ་ཧཱ་ཡོ་གའི་ལུགས་ཡིན་པས༔ སྒྲུབ་ཚེ་ལས་བྱང་ཐུན་གཉིས་མེད་ཐབས་མེད༔ ལས་བྱང་རྒྱས་བསྡུས་གཉིས་པོ་གང་འདོད་ཆོག བསྡུས་པ་བྱེད་ན་མངོན་རྟོགས་སབ་དགོས་སོ༔ རྒྱས་བསྡུས་འདོན་རེས་བྱས་ན་ཤིན་ཏུ་ལེགས༔ དེ་ཡིས་མཚམས་སྒྲུབ་བྱེད་ལུགས་སྤྱི་ཙམ་ཚང་༔ མཚམས་སྒྲུབ་མ་ཡིན་རྒྱུན་ཁྱེར་ཉམས་ལེན་ན༔ ལས་བྱང་རྒྱས་བསྡུས་གཉིས་པོ་གང་རེད་གཅིག༔ ཞག་གཅིག་ནང་དུ་ཚར་གཅིག་མ་ཚིག་པར༔ དེ་ཡི་རྒྱུན་དུ་དམིགས་རིམ་བསྒོམ་ཞིང་བཟླ༔ དེ་ནས་ལས་བྱང་འདོན་ཚེ་སྒོམ་རིམ་ནི༔ གཞུང་དུ་གསལ་ཕྱིར་འདི་རུ་ཡི་གེར་འཇིགས༔ འོན་ཀྱང་མདོར་བསྡུས་ཙམ་ཞིག་བརྗོད་པ་ནི༔ སྐྱབས་འགྲོ་སེམས་བསྐྱེད་དཀར་བགེགས་རང་གཞུང་ངམ༔ གསང་སྔགས་སྤྱི་གཞུང་གང་རུང་བྱས་པས་འཐུས༔ དེ་ནས་


CMR007_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྟ་མགྲིན་ལྗང་གུ་གྲི་གུག་ཐོད་ཁྲག་འཛིན༔ རྟ་སྐད་ལྷང་ལྷང་འཚེར་བ་ཅིག་ཏུ་བསྒོམ༔ བགེགས་ལ་བཀའ་བསྒོའི་ཚིག་རྣམས་བརྗོད་པར་བྱ༔ དེ་ཡིས་བགེགས་རྣམས་ཐམས་ཅད་དེངས་པར་བསམ༔ བཀའ་ལ་མི་ཉན་མི་འགྲོ་འདུག་གྱུར་ན༔ རང་དབང་མེད་པར་དྲག་པོས་བསད་པའི་ཕྱིར༔ རང་གི་སྐུ་ལས་སྤྲུལ་པ་རང་འདྲ་བའི༔ ཁྲོ་ཆུང་ནམ་མཁའ་ས་གཞི་ཁྱབ་པར་འཕྲོས༔ བགེགས་རྣམས་བྱ་སྤུ་རླུང་གིས་གཏོར་བ་བཞིན༔ ཕྱི་རོལ་རྒྱ་མཚོའི་ཕ་རོལ་བསླད་པར་དམིགས༔ ཁྲོ་ཆུང་ཚུར་འདུས་སྲུང་བའི་གུར་ཁང་ནི༔ སྟེང་འོག་ཐམས་ཅད་རྡོ་རྗེའི་གུར་ས་གཞི༔ འཁོར་ལོ་རལ་གྲི་རྒྱ་གྲམ་ཕུར་པ་དང་༔ མེ་རིའི་གུར་ཁང་སྲ་ཞིང་བརྟན་པར་དམིགས༔ དེ་ནས་ལས་བྱང་རྒྱས་བསྡུས་གཉིས་པོ་ཡི༔ སོ་སོའི་གཞུང་བཞིན་གྱེར་བསྒོམ་སྦྲག་པར་བྱ༔ ལས་ཀྱང་ཆེ་བར་ཏིང་འཛིན་རྣམ་གསུམ་སྟེ༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་སེམས་ངོར་ལྟ༔ ཀུན་སྣང་ཏིང་ངེ་འཛིན་ལ་སྙིང་རྗེ་བསྒོམ༔ རྒྱུ་ཡི་ཏིང་འཛིན་སྟོང་ཉིད་སྙིང་རྗེའི་ངང་༔ རང་སེམས་རྡོ་རྗེ་གྷིཡིས་མཚན་པ་ལས༔ ཨེ་ཡཾ་ར་སུཾ་ཀེ་རཾ་ཧཱུྃ་འཕྲོས་པས༔ འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་བསྐྱེད་བྱ༔ ལས་


CMR007_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་བསྡུས་པར་དེ་རྣམས་མ་གསུངས་ཕྱིར༔ སྣོད་བཅུད་རྣམ་དག་གཞལ་ཡས་དྲན་རྫོགས་བསྐྱེད༔ རྒྱས་བསྡུས་མཚུངས་པར་གྲུ་བཞི་སྒོ་བཞི་སྟེ༔ རྟ་བབས་ཆོས་འཁོར་གདུགས་དང་བཅས་པ་བཞི༔ དབུས་ནི་ཕྱུར་བུར་མཆོད་རྟེན་ཁོག་སྟོང་འདྲ༔ ཕྱི་རོལ་པད་འདབ་དེ་འོག་དམའ་བའི་སར༔ དུར་ཁྲོད་བརྒྱད་པོ་མཚོ་རྣམས་སྤང་ཐང་བརྒྱད༔ མེ་དང་རི་དང་ཤིང་དང་མཆོད་རྟེན་དང་༔ ཕྱོགས་སྐྱོང་ཞིང་སྐྱོང་གྲུབ་ཐོབ་བརྒྱད་བརྒྱད་དེ༔ ཕྱི་རིམ་རྡོ་རྗེའི་རྭ་བ་ཟླུམ་པོ་ནི༔ དགོན་པའི་མཐའ་ཡི་ལྕགས་རི་ལྟ་བུའོ༔ དེ་རྒྱབ་མེ་དཔུང་ཁ་དོག་ལྔ་ཡི་ཕྲེང་༔ མེ་རི་རྡོ་རྭ་ཧད་པོའི་གུར་གྱི་ཚུལ༔ བདག་མདུན་གཙོ་ནི་གང་ཆེའི་ཁྱད་པར་ཏེ༔ སྒྲུབ་དུས་དཀྱིལ་འཁོར་ཡོད་ན་མདུན་བསྐྱེད་གཙོ༔ རྒྱུན་ཁྱེར་དཀྱིལ་འཁོར་མེད་དུས་བདག་བསྐྱེད་གཙོ༔ གཙོ་བོ་གང་བྱེད་རྡོ་རྗེའི་རྭ་བ་ཡི༔ ནང་དུ་ཚུད་པའི་རྡོ་རྗེའི་གུར་ཕུབ་སྟེ༔ མེ་རི་བར་མཚམས་མེད་པ་སྒོ་ང་བཞིན༔ གུར་གྱི་ལོགས་སུ་རྡོ་རྗེའི་མདའ་ཡི་དྲ༔ གུར་ནང་སྟེང་དུ་རྡོ་རྗེའི་བླ་བྲེ་བྲེས༔ དེ་ནང་བདག་མདུན་བུམ་པའི་དཀྱིལ་འཁོར་ཀུན༔ སྒྲུབ་དུས་མདུན་བསྐྱེད་དཀྱིལ་འཁོར་གཙོ་བོ་སྟེ༔ ཤར་སྒོའི་གཡོན་ཟུར་


CMR007_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྐྱེད་དཀྱིལ་འཁོར་བསྒོམ༔ དེ་ཡི་རྡོ་ར་མེ་རི་སྟེང་ཧད་པོ༔ ཤར་སྒོའི་གཡས་ཟུར་བུམ་ནང་དཀྱིལ་འཁོར་གཅིག༔ གསུམ་ཀ་མཚུངས་པར་དཀྱིལ་འཁོར་དབུས་སུ་ནི༔ སྣ་ཚོགས་པདྨ་འདབ་མ་བཅུ་དྲུག་པ་དེ་སྟེང་རིན་ཆེན་ཟུར་བརྒྱད་ནོར་བུའི་མཚན༔ དེ་སྟེང་པདྨ་འདབ་བརྒྱད་བརྡལ་བའོ༔ དེ་སྟེང་པདྨ་འདབ་བཞི་དབུས་དང་ལྔ༔ དབུས་དང་འདབ་མ་རེ་རེའི་སྟེང་དུ་ཡང་༔ པདྨ་ཉི་ཟླ་བརྩེགས་པའི་གདན་རེ་བསྒོམ༔ དེ་ཡི་དབུས་སུ་བདུད་བཞི་བསྣོལ་བའི་གདན༔ ལྷ་བུའི་བདུད་དཀར་ཕུང་པོའི་བདུད་ནི་སེར༔ ཉོན་མོངས་བདུད་དམར་འཆི་བདག་བདུད་ནི་ནག༔ དེ་སྟེང་རང་སེམས་དང་པོ་བསྒོམ་པ་ཡི༔ རྡོ་རྗེ་ཧཱུྃབཅས་བབ་པ་འོད་དུ་ཞུ༔ རང་ཉིད་དབང་ཆེན་ཡབ་ཡུམ་གཞུང་ལྟར་བསྒོམ༔ རྟ་མགྲིན་སྤྱི་བོར་པདྨ་ཉི་ཟླའི་གདན༔ ཨོ་རྒྱན་སྤྲུལ་སྐུ་གཞུང་ལྟར་བསྒོམ་པ་སྟེ༔ བསྙེན་དུས་ཆོས་སྐུར་མི་སྒྱུར་སྤྲུལ་སྐུར་བཞག༔ སྒྲུབ་པའི་དུས་སུ་ཆོས་སྐུར་སྒྱུར་བ་ཡིན༔ ཚེ་སྒྲུབ་འདོན་ན་དེ་ཉིད་ལོངས་སྐུར་སྒྱུར༔ དེ་ནས་སྐུ་ལྔ་མཚན་བརྒྱད་བསྒོམ་པའི་ཚུལ༔ གཏེར་ཁ་གཞན་གྱི་ལུགས་དང་རང་ལུགས་གཉིས༔ གུ་རུ་ཆོས་དབང་ལ་སོགས་གཞན་གྱི་ལུགས༔ སྐུ་ལྔ་


CMR007_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བརྒྱད་ལ་སོགས་རྟ་མགྲིན་གྱི༔ དབུ་གཙུག་པད་འདབ་རྣམས་ལ་བསྒོམ་པ་སྟེ༔ རྟ་མགྲིན་འཁོར་ལ་སྐུ་ལྔ་མཚན་བརྒྱད་མེད༔ རང་ལུགས་རཏཱའི་ལུགས་ལ་དེ་ལྟར་མིན༔ རྟ་མགྲིན་དབུ་གཙུག་ཨོ་རྒྱན་རྐྱང་པ་སྟེ༔ རྟ་མགྲིན་ཐུགས་ཀར་བུདྡྷ་ཐོད་ཕྲེང་རྩལ༔ རྟ་མགྲིན་ཕྱོགས་བཞིར་ཐོད་ཕྲེང་རིགས་བཞི་དང་༔ དེ་རྒྱབ་རིན་ཆེན་ཟུར་བརྒྱད་འདབ་བརྒྱད་སྟེང་༔ གུ་རུ་མཚན་བརྒྱད་བསྒོམ་ཚུལ་མངོན་རྟོགས་ལྟར༔ དེ་ཡི་ཕྱི་རིམ་འདབ་མ་བཅུ་དྲུག་ལ༔ མཁའ་འགྲོ་སྡེ་བཞི་ཡབ་བཞི་ཡུམ་བཞི་བརྒྱད༔ གིང་ཆེན་སྡེ་བཞི་ཡབ་བཞི་ཡུམ་བཞི་བརྒྱད༔ ཡབ་རྣམས་ཐོར་ཚུགས་ཡུམ་རྣམས་དབུ་སྐྲ་གྲོལ༔ ཡབ་རྣམས་གཡས་བརྐྱང་ཡུམ་རྣམས་གཡོན་བརྐྱང་སྟེ༔ རུས་རྒྱན་ལ་སོགས་དུར་ཁྲོད་ཆས་རྣམས་རྫོགས༔ རང་རྟགས་གྲི་གུག་ཐོད་ཁྲག་ཁ་ཊཾ་བསྣམས༔ ཤར་སྒོར་ལྭ་གདོང་དཀར་མོ་ལྕགས་ཀྱུ་གཡས༔ ལྷོ་སྒོར་ཕག་གདོང་སེར་མོ་ཞགས་པ་གཡས༔ ནུབ་སྒོར་ཁྱི་གདོང་དམར་མོ་ལྕགས་སྒྲོག་གཡས༔ བྱང་སྒོར་འུག་གདོང་ལྗང་མོ་དྲིལ་བུ་གཡས༔ ཀུན་ཀྱང་ཕྱག་གཡོན་སྡིགས་མཛུབ་མཛད་པའོ༔ ཕྱི་རོལ་དུར་ཁྲོད་གནས་བརྒྱད་ནང་དུ་ཡང་༔ བསྐང་བའི་


CMR007_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ལྟར་དུར་ཁྲོད་མཁའ་འགྲོ་བརྒྱད༔ ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་ན༔ མི་ཕྱེད་རྡོ་རྗེ་མཁའ་འགྲོ་མ༔ ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ན༔ རིན་ཆེན་མཁའ་འགྲོ་གཟི་བརྗིད་ཅན༔ ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ན༔ དྲི་མེད་པདྨ་མཁའ་འགྲོ་མ༔ བྱང་ཕྱོགས་ཀཱི་ལའི་དུར་ཁྲོད་ན༔ ལས་ཀྱི་མཁའ་འགྲོ་བདེ་བ་ཅན༔ ཤར་ལྷོ་རབ་འཇིགས་དུར་ཁྲོད་ན༔ དམ་ཚིག་མཁའ་འགྲོ་དམིགས་པ་ཅན༔ ལྷོ་ནུབ་གཏུམ་པོའི་དུར་ཁྲོད་ན༔ སྣ་ཚོགས་མཁའ་འགྲོ་མི་ཐུབ་མ༔ ནུབ་བྱང་རབ་རྒྱུའི་དུར་ཁྲོད་ན༔ ཐམས་ཅད་མཁའ་འགྲོ་ཀུན་རྒྱུ་མ༔ བྱང་ཤར་དྲག་ཤུལ་དུར་ཁྲོད་ན༔ རྒྱུད་འཛིན་འཇིག་རྟེན་མཁའ་འགྲོ་མ༔ རང་རང་འཁོར་ཡང་འབུམ་ཕྲག་རེ་རེས་བསྐོར༔ དེ་ནས་ལས་བྱང་མང་བའི་ནང་ན་ནི༔ ཕྱི་རིམ་བར་ཁྱམས་འཁོར་ཡུག་ལ༔ བདག་སྐྱོབ་ལྷ་དང་རིག་འཛིན་ཚོགས༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྣམས༔ དེ་བཞིན་ལས་བྱང་ཉུང་བའི་ནང་ན་ཡང་༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་དང་༔ ཕྱོགས་བཅུའི་བྱང་སེམས་རྒྱལ་བ་སྲས་བཅས་རྣམས༔ མ་འདྲེས་རང་གསལ་གཙོ་དང་འཁོར་དུ་བཅས༔ སྒྱུ་མ་ཆུ་ཟླ་མེ་ལོང་བཞིན་དུ་བསྐྱེད༔ ཅེས་གསུངས་


CMR007_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དོན་ཚིག་ཉུང་དོན་ཆེ་བ༔ དེང་སང་ཕལ་གྱིས་རྟོགས་པར་མ་གྱུར་པས༔ ལས་བྱང་རེ་རེ་མཐའ་རུ་མ་རྫོགས་བར༔ ལས་བྱང་གཞན་ཞིག་གཏོང་ཐབས་མ་རྙེད་ནས༔ ལས་བྱང་སྔོན་མའི་ཚོགས་དང་གཏོར་འབུལ་རྣམས༔ བསྡུ་ཆོག་ཚར་ཏེ་སླར་ཡང་གཞན་མགོ་བཙུགས༔ དེ་འདྲ་བྱས་ན་ལས་བྱང་ཆག་མེད་ཡང་༔ སྒྲུབ་པ་ཆེན་པོ་བྱེད་ཐབས་མེད་པར་འགྱུར༔ དེ་ལྟར་མ་ཡིན་དཀྱིལ་འཁོར་གཅིག་གིས་ཁོག༔ ལས་བྱང་མང་པོ་བཅུག་ནས་འདོན་ཆོག་སྟེ༔ དེ་དོན་ཨོ་རྒྱན་ཆེན་པོའི་ཞལ་ནས་ཀྱང་༔ རྒྱལ་བ་གཅིག་གི་དཀྱིལ་འཁོར་དུ༔ རྒྱལ་བ་ཀུན་གྱི་ལས་གཞུང་བསྲངས༔ བདེ་གཤེགས་གཅིག་བསྒྲུབ་ཀུན་གྱི་ངང་༔ གསུངས་པའི་གནད་ཀྱི་མན་ངག་ནི༔ མདུན་བསྐྱེད་ཤར་དང་ཤར་ལྷོ་བྱང་ཤར་གྱི་ཕྱི་ཡི་ཁྱམས་ནས་ནུབ་ཏུ་ཞལ་གཟིགས་ནས༔ བདག་བསྐྱེད་མང་པོ་གྲལ་འགྲིགས་བཞིན་དུ་བསྒོམ༔ མདུན་བསྐྱེད་དཀྱིལ་འཁོར་དེ་ཡི་ནུབ་ཕྱོགས་དང་༔ ལྷོ་ནུབ་ནུབ་བྱང་ཕྱོགས་ནས་ཚུར་གཟིགས་པའི༔ མདུན་བསྐྱེད་དཀྱིལ་འཁོར་མང་པོ་གྲལ་འགྲིགས་བསྒོམ༔ མདུན་བསྐྱེད་དེ་དག་བར་མཚམས་རྣམས་སུ་ཡང་༔ གཏོར་མགྲོན་ཆོས་སྐྱོང་ནོར་ལྷ་ཐམས་ཅད་


CMR007_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ༔ རྩ་བ་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་ལ༔ རྒྱུན་ཁྱེར་ཆག་མེད་ལས་བྱང་དཀྱིལ་འཁོར་ཀུན༔ གུར་ཆེན་ཅོག་པུས་བསྐོར་བ་ལྟ་བུ་ཡིན༔ བདག་བསྐྱེད་དཀྱིལ་འཁོར་མང་པོ་ཡོད་ན་ཡང་༔ ཐམས་ཅད་བདག་ཉིད་ཡིན་པར་བསམ་པས་ཆོག༔ དེ་དོན་ཀུན་རིག་ལ་སོགས་བདག་བསྐྱེད་སྐབས༔ གཙོ་བོ་ཐམས་ཅད་བདག་ཉིད་ཡིན་བསྒོམ་གསུངས༔ དེ་བཞིན་བཀའ་བརྒྱད་དགོངས་འདུས་སྐབས་སུ་ཡང་གཙོ་བོ་དགུ་ཀ་བདག་ཉིད་ཡིན་བསྒོམ་གསུངས༔ བདག་བསྐྱེད་མང་པོ་རུང་བ་དེ་ཡིས་ཤེས༔ འོན་ཀྱང་སོ་སོའི་སྔགས་ནི་བཟླ་བའི་ཚེ༔ སོ་སོའི་ལྷ་ཡི་ང་རྒྱལ་བཟུང་བ་ཡིན༔ དེ་ནས་སོ་སོའི་གནས་གསུམ་ཡིག་འབྲུ་གསུམ༔ ཁྱད་པར་ཐུགས་ཀར་ཐུགས་སྲོག་ཧྲུལ་སོགས༔ གཞུང་དུ་མི་གསལ་ན་ཡང་ཡིད་ཀྱིས་བསྒོམ༔ དེ་ནས་སྤྱན་འདྲེན་མཆོད་བསྟོད་ལ་སོགས་པ༔ གཞུང་དུ་གསལ་ཕྱིར་རྒྱས་པར་བཀྲོལ་མི་དགོས༔ འོན་ཀྱང་ཐུགས་ལས་སྤྲུལ་པའི་མཆོད་པ་ཡི༔ ལྷ་མོ་གྲངས་མེད་ནམ་མཁའ་ཁྱབ་པར་འཕྲོས༔ བདག་མདུན་སོ་སོར་མཆོད་བསྟོད་འབུལ་བར་བསམ༔ དེ་ནས་བསྟོད་པ་ཡན་ཆད་གཞུང་ལྟར་རོ༔ སྨན་མཆོད་སྐབས་སུ་མཚན་ནས་བརྗོད་པ་དང་༔


CMR007_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་སྐབས་སུ་གཏོར་བསྔོས་བཅུག་སྲོལ་ཡོད༔ མ་བཅུག་ན་ཡང་གམ་གཙང་ལེགས་པ་ཡིན༔ ཅི་ཕྱིར་གཞུང་འདིར་སྣོན་དང་འཕྲི་བ་འཕང་༔ རྡོ་རྗེའི་གསུང་འདི་བཅོས་སླད་མེད་པ་ཟབ༔ སྒྲུབ་པ་ཡིན་ན་ཐུན་སྐབས་འགའ་རེ་ལ༔ རིག་འཛིན་བྱིན་འབེབས་བཏོན་པས་བྱིན་རླབས་ཆེ༔ དེ་ཚེ་རོལ་མོ་དབྱངས་དང་སྤོས་དུད་བྱ༔ དགོང་མོའི་ཐུན་མཚམས་ཧཱུྃ་སྒྲུབ་དམིགས་པ་བཟུང་༔ ཧཱུྃ་གི་དབྱངས་སྒྲོགས་འཆམས་པས་གེགས་སེལ་མཆོག དེ་ནས་དང་པོ་བསྙེན་པའི་དམིགས་པ་ནི༔ རང་ཉིད་རྟ་མགྲིན་གསལ་བའི་ཐུགས་ཀ་རུ༔ བུདྡྷ་ཐོད་ཕྲེང་ཐུགས་ཀར་ཉི་མའི་སྟེང་༔ ཧཱུྃཡིག་དམར་པོ་འགྲེང་སྟེ་གནས་པའི་མཐར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་པའི་སྔགས་ཕྲེང་གཡས་སུ་འཁོར་བར་བསམ༔ སྤྱི་གཙུག་ཨོ་རྒྱན་སྤྲུལ་སྐུའི་ཐུགས་ཀ་རུ༔ ཟླ་སྟེང་ཧཱུྃཡིག་དཀར་པོའི་མཐའ་མ་རུ༔ བཛྲ་གུ་རུའི་སྔགས་ཀྱི་ཕྲེང་བ་ནི༔ དཀར་དམར་མདངས་ལྡན་གཡས་སུ་འཁོར་བར་བསམ༔ བཛྲ་གུ་རུ་གསོལ་འདེབས་ཚུལ་དུ་བཟླས༔ གུ་རུའི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་ནི༔ ཁ་དོག་སྣ་ཚོགས་ནམ་མཁའ་ཁྱབ་པར་འཕྲོས༔ ནམ་མཁའི་མཐར་ཐུག་


CMR007_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་རབ་འབྱམས་ཀྱི༔ བླ་མ་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་དང་༔ ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ཐམས་ཅད་དང་༔ དཔའ་བོ་མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་རྣམས༔ ཁ་བ་བུ་ཡུག་བཞིན་དུ་སྤྱན་དྲངས་ཏེ༔ སྤྱི་བོའི་གུ་རུའི་སྐུ་ལ་སིབ་སིབ་ཐིམ༔ ཁྱད་པར་སྲིན་ཡུལ་ཟངས་མདོག་དཔལ་རི་ནས༔ ཨོ་རྒྱན་རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས༔ འཇའ་འོད་སྤོས་དུད་རོལ་མོའི་སྒྲ་དང་བཅས༔ བར་སྣང་ལམ་ནས་སྤྱན་དྲངས་དབྱེར་མེད་བསྟིམ༔ བག་དྲོ་བྱིན་ཆགས་སྣང་བ་འགྱུར་བ་དང་༔ ངེས་པར་སྤྱི་བོར་ཨོ་རྒྱན་ཕེབས་སྙམ་པའི་ངེས་ཤེས་མ་སྐྱེས་བར་དུ་བཟླས་པ་བྱ༔ དེ་ཚེ་གུ་རུའི་དཔྲལ་བའི་ཨོ་ཡིག་ལས༔ ཐིག་ལེ་དཀར་པོ་ཨོ་ཡིག་གིས་མཚན་པ༔ བར་མ་ཆད་པ་གཅིག་རྗེས་གཉིས་རྗེས་འཕྲོས༔ རང་གི་དཔྲལ་བའི་གནས་སུ་ཐིམ་པ་ཡིས༔ ལུས་ཀྱི་སྒྲིབ་དག་སྐུ་ཡི་བྱིན་རླབས་ཞུགས་འགྱུར་མེད་སྐུ་ཡི་དངོས་གྲུབ་ཐོབ་པར་བསྒོམ༔ གུ་རུའི་མགྲིན་པའི་ཨཱཡིག་དམར་པོ་ལས་འོད་ཀྱི་ཐིག་ལེ་དམར་པོ་ཨཱུས་མཚན་པ༔ རིམ་པར་འཕྲོས་ནས་རང་གི་མགྲིན་པར་ཐིམ༔ ངག་གི་སྒྲིབ་དག་གསུང་གི་བྱིན་རླབས་ཞུགས༔ འགག་མེད་གསུང་གི་དངོས་གྲུབ་ཐོབ་པར་


CMR007_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ༔ གུ་རུའི་ཐུགས་ཀའི་ཧཱུཾ་ཡིག་སྔོན་པོ་ལས༔ ཐིག་ལེ་སྔོན་པོ་ཧཱུྃ་གིས་མཚན་པ་འཕྲོས༔ རང་གི་སྙིང་གར་རིམ་བཞིན་ཐིམ་པ་ཡིས༔ སེམས་ཀྱི་སྒྲིབ་དག་ཐུགས་ཀྱི་བྱིན་རླབས་ཞུགས༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསྒོམ༔ ལྟེ་བ་ཕྱག་ཞབས་ལ་སོགས་དམིགས་པ་ནི༔ སྐུ་གསུམ་སྒྲུབ་པའི་དུས་ཡིན་འདིར་མ་གསུངས༔ དེ་ལྟར་དམིགས་པ་དེ་བཞིན་རྩེ་གཅིག་ཏུ༔ བསྒོམ་ཞིང་བཛྲ་གུ་རུའི་བཟླས་པ་ནི༔ མི་ཆེ་མི་ཆུང་བུང་བའི་སྐད་ཙམ་བྱ༔ ཨོཾ་ཨཱཿཧཱུྃ་ནི་རྒྱལ་བའི་སྐུ་གསུང་ཐུགས༔ བཛྲ་གུ་རུ་རྡོ་རྗེ་སློབ་དཔོན་ཏེ༔ པདྨ་ཞེས་པ་ཨོ་རྒྱན་མཚན་ཡིན་ལ༔ སིདྡྷི་ཧཱུཾ་ནི་དངོས་གྲུབ་སྩོལ་ཞེས་སོ༔ དེ་ནས་རིགས་དྲུག་འདུལ་བའི་གུ་རུ་དྲུག གཅིག་ཏུ་བསྡུས་པའི་སྙིང་པོ་ཡིན་པའི་ཕྱིར༔ འདི་བཟླས་རིགས་དྲུག་སྐྱེ་སྒོ་གཅོད་པའི་ཚུལ༔ པདྨ་བཀའ་ཐང་སོགས་ལས་གསུངས་པ་ཡིན༔ ཡིག་འབྲུ་བཅུ་གསུམ་སྔགས་ཀྱི་ཕྲེང་བ་འདི༔ ཕྱི་ལྟར་གསོལ་བ་འདེབས་པའི་སྙིང་པོ་ཡིན༔ བསྙེན་དུས་བླ་མ་སྤྱི་བོར་བསྒོམ་པ་འདི༔ གསོལ་འདེབས་ཚུལ་དུ་བཟླས་ཞེས་གསུངས་པ་ཡི༔ དོན་གྱི་རྩ་བ་དམིགས་པ་དེ་ལ་འདུས༔ མདུན་གྱི་དཀྱིལ་འཁོར་


CMR007_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་ལ་སོགས་ལྷ༔ མཆོད་ཡུལ་ཙམ་ཡིན་སྔགས་ཕྲེང་བསྒོམ་མི་དགོས༔ དགོས་པ་སྐུ་གསུམ་ཀུན་དྲིལ་སྐབས་སུ་ཡིན༔ མཚམས་ལ་བདུན་གསུམ་ཙམ་ལ་འདུག་པ་ན༔ བསྙེན་པ་འདི་ལ་ཞག་བདུན་ཙམ་ཞིག་བྱ༔ མདོར་ན་མཚམས་ལ་རིང་ཐུང་ཅི་འདུག་གི༔ བསྙེན་པ་རུ་གཅིག་སྒྲུབ་པ་རུ་གཉིས་ཡིན༔ དེ་གཉིས་ཀྱི་ནི་བཅུ་ཆ་ལས་སྦྱོར་ཡིན༔ རྒྱུན་ཁྱེར་ཡིན་ན་བསྙེན་པ་ཕྲེང་སྐོར་གཅིག སྒྲུབ་པ་ཕྲེང་སྐོར་གཉིས་བྱ་ལས་སྦྱོར་སྔགས༔ ཚར་གྲངས་སུམ་ཅུ་ཙམ་ཞིག་འདོན་པའོ༔ དེ་ཡི་རིམ་པ་མཉུག་གི་རིང་ཐུང་ནི༔ རང་གི་རིག་པས་དཔག་སྟེ་བྱ་ཆོག་གོ༔ དེ་ལྟར་བསྙེན་པ་རྫོགས་ནས་སྒྲུབ་པ་ནི༔ ཐུན་སོགས་འདོན་ལུགས་གོང་དང་འདྲ་བ་ལས༔ མངོན་རྟོགས་སྐབས་སུ་སྤྱི་བོའི་ཨོ་རྒྱན་དེ༔ སྤྲུལ་སྐུ་ཆོས་སྐུར་བསྒྱུར་བ་ལས་བྱང་ལྟར༔ དེ་ཡི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་སྟེང་༔ ཧཱུྃ་ཡིག་ཐ་མར་ཐོད་ཕྲེང་སྔགས་གཡས་འཁོར༔ དེ་ནས་བསྙེན་པའི་སྐབས་བར་ལས་བྱང་ལྟར༔ བསྙེན་པའི་སྐབས་སུ་སྤྱི་བོའི་ཆོས་སྐུ་དེ༔ རང་ཉིད་རྟ་མགྲིན་སྤྱི་བོའི་ཚངས་བུག་ནས༔ མར་ཞུགས་ཐུགས་ཀའི་བུདྡྷ་ཐོད་ཕྲེང་༔ ཚངས་བུག་ནས་ཞུགས་བུདྡྷའི་ཐུགས་ཀ་རུ༔ རང་གི་སྙིང་དེ་


CMR007_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་དམར་པོ་ནི༔ ཁ་ནི་གྱེན་བསྟན་བྱེ་ལ་ཁད་པ་དེ༔ ཁ་བྱེ་དེ་ཡི་ཟེའུ་འབྲུའི་སྟེང་ཉིད་དུ༔ བླ་མ་གསང་འདུས་ཡབ་ཡུམ་བཞུགས་པར་བསྒོམ༔ བདག་བསྐྱེད་མདུན་བསྐྱེད་གཙོ་འཁོར་ཐམས་ཅད་ཀྱིས༔ རང་གི་སྙིང་དབུས་བླ་མ་གསང་འདུས་ལ༔ མཆོད་བསྟོད་ཚུལ་དུ་ཛབ་དབྱངས་འུར་དི་རེ༔ སྔགས་སྒྲས་སྟོང་གསུམ་འཇིག་རྟེན་གཡོ་བར་ནུས༔ དེ་ཡིས་རྐྱེན་བྱས་གསང་འདུས་ཐུགས་རྒྱུད་བསྐུལ༔ སྔགས་ཕྲེང་མཐིང་ཁ་གཡས་སུ་དྲག་ཏུ་འཁོར༔ དེ་ལས་འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས༔ རང་དབང་མེད་པར་འོད་ཟེར་དེར་བསྡུས་ཏེ༔ དཔེར་ན་ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བཞིན༔ སིབ་སིབ་བསྡུས་ནས་སྙིང་གའི་བླ་མར་ཐིམ༔ ཁྱད་པར་སྲིན་ཡུལ་ཟངས་མདོག་དཔལ་རི་ནས༔ ཨོ་རྒྱན་སྐུ་ལྔ་མཚན་བརྒྱད་རྗེ་འབངས་ཚོགས༔ དཔག་མེད་སྤྱན་དྲངས་སྙིང་གའི་བླ་མར་ཐིམ༔ བདག་དང་དབྱེར་མེད་སེམས་རྒྱུད་བྱིན་རླབས་ཤིང་༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་བསྒོམ༔ ཐོད་ཕྲེང་རྩལ་གྱི་སྔགས་ལ་བསྙེན་པ་བྱ༔ ཨོ་ནི་ཆོས་སྐུ་ལོངས་སྐུ་


CMR007_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ༔ ངོ་བོ་ཉིད་སྐུ་བདེ་བ་ཆེན་པོའི་སྐུ༔ ལོངས་སྐུ་ཐོད་ཕྲེང་རིགས་ལྔའི་སྙིང་པོ་ཚང་༔ ཨཱནི་གསུང་དབྱངས་ཡན་ལག་དྲུག་ཅུ་སྟེ༔ གསུང་གི་དབང་ཕྱུག་སྣང་བ་མཐའ་ཡས་ཡིན༔ ཆོས་དབྱིངས་མེ་ལོང་མཉམ་ཉིད་སོར་རྟོག་དང་༔ བྱ་གྲུབ་ཡེ་ཤེས་ལྔ་ནི་ཧཱུཾ་ལ་ཚང་༔ ཁྲོ་བོ་ཀུན་གྱི་ཐུགས་ཀྱི་ས་བོན་ཏེ༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྤྲུལ་པ་སྟེ་སྤྲུལ་སྐུ་པདྨ་འབྱུང་གནས་ཐུགས་སྲོག་སོགས༔ བཛྲ་སྲ་བརྟན་མི་ཤིགས་རྡོ་རྗེའི་སྐུ༔ གུ་རུ་པདྨ་ཨོ་རྒྱན་ཉིད་ཀྱི་མཚན༔ དེ་དག་རྒྱ་གར་ལེགས་སྦྱར་སྐད་དང་མཚུངས༔ ཐོད་ཕྲེང་རྩལ་ནི་བོད་སྐད་ཡིན་པ་སྟེ༔ ཨོ་རྒྱན་ཆེན་པོའི་གསང་བའི་མཚན་ཡིན་ནོ༔ གསར་མའི་རྒྱུད་སྡེ་སངས་རྒྱས་ཐོད་པ་དང་༔ དགོངས་འདུས་དཀྱིལ་འཁོར་ཐོད་པ་རྩལ་ཆེན་དང་བཀའ་བརྒྱད་དཀྱིལ་འཁོར་རིག་འཛིན་ཐོད་པ་རྩལ༔ འདི་ཡི་ཐོད་ཕྲེང་རྩལ་རྣམས་དོན་གཅིག་གོ༔ ཨོ་རྒྱན་མཚན་གྱི་རྣམ་གྲངས་ཡིན་ཞེས་བྱ༔ བཛྲ་ས་མ་ཡ་ཛཞེས་བྱ་བ༔ རྡོ་རྗེའི་དམ་ཚིག་ཅེས་ནི་བྱ་བའོ་སིདྡྷི་ཕ་ལ་དངོས་གྲུབ་བཟང་པོ་སྟེ༔ ཧཱུྃ་ཨཱསྩོལ་དང་ཆོས་སྐུར་རྒྱས་ཐོབ་ཡིན༔ དེ་ཉིད་བཟླས་པའི་ཕན་ཡོན་ཨོ་རྒྱན་གསུངས༔ དེ་བཟླས་སྣང་སྲིད་གཡོ་བར་


CMR007_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར༔ དུས་གསུམ་རྒྱལ་བ་གཅིག་ཏུ་སྡུད༔ བླ་མ་ཀུན་དང་འདུ་འབྲལ་མེད༔ འབྱུང་པོ་དྲི་ཟ་བརྒྱལ་ཞིང་འབྲོས༔ མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འདུ༔ གསུངས་པའི་བཀའ་ལ་ངེས་ཤེས་བསྐྱེད༔ སྔགས་སྒྲ་བུང་བའི་སྐད་ཙམ་སྟེ༔ སྐབས་སུ་ཛབ་དབྱངས་བྱ་ཞིང་འཆམ༔ གང་ཤར་ཉམས་ཀྱི་སྣ་མི་གསལ༔ བག་དྲོ་བྱིན་འཐིབས་ཉམས་འབར་ཚེ༔ སྨྱོ་སྤྱོད་གཅེར་རྒྱུག་བྱ་ཞིང་འཁྲབ༔ སྣང་བ་ཝར་མ་ཝུར་མར་བསྐྱེད༔ ཉམས་ལ་གང་ཤར་བྱུང་རྒྱལ་བཏང་༔ དེ་ཡིས་བྱིན་འབེབས་དངོས་གྲུབ་ཐོབ༔ ཉམས་རྟོགས་བོགས་སྐྱེད་ཆེན་པོ་འབྱུང་༔ རབ་ནི་བདུན་འབུམ་ཉི་ཁྲི་སྟེ༔ ཐ་མ་འབུམ་ཕྲག་གསུམ་གྱིས་འགྲུབ༔ ཉི་ཤུ་གཅིག་ཙམ་ཞག་བདུན་ན༔ འདི་ལ་ཞག་པོ་བདུན་གཉིས་ཏེ། ཟླ་གཅིག་འདུག་ན་བདུན་གསུམ་ཙམ༔ དེ་ཡིས་གྲུབ་པ་ཐོབ་པ་ཡིན༔ དེ་ཡིས་བསྙེན་དང་སྒྲུབ་པའི་ཚེ༔ རྟགས་ནི་རྒྱས་པར་རྟགས་ཡིག་བཞིན༔ རབ་དངོས་འབྲིང་ཉམས་ཐ་མ་ཡང་༔ རྨི་ལམ་རྟགས་མཚན་འབྱུང་བར་གསུངས༔ དངོས་སུ་ཞལ་མཐོང་གསུང་ཐོས་སོགས༔ དུས་ཀྱི་སྟབས་ཀྱིས་འབྱུང་དཀའ་ཡང་༔ དངོས་སུ་མར་མེ་འཛིན་པ་དང་༔ གཏོར་


CMR007_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡོན་ཆབ་འཛིན་པ་དང་༔ བདུད་རྩི་ཁོལ་དང་འཕྱུར་བ་དང་༔ བུམ་པ་ཁོལ་དང་རླངས་པ་འཐུལ༔ རོལ་མོའི་སྒྲ་ཐོས་དྲི་བཟང་འཐུལ༔ སྔགས་སྒྲ་ཐོས་དང་ཡིག་འབྲུ་མཐོང་ཉམས་དགའ་བྱིན་ཆགས་རིག་པ་དྭངས༔ དད་པ་དག་སྣང་མོས་གུས་སྐྱེས༔ བྱམས་དང་སྙིང་རྗེ་འཆི་བ་དྲན༔ ཉམས་རྟོགས་བོགས་ཐོན་དངོས་སུ་འབྱུང་༔ གཞན་ཡང་སྒྲུབ་གནས་འཇའ་ཟུག་དང་༔ རང་ཐདེ་བར་སྣང་འཇའ་སྤྲིན་འཁྲིགས༔ བསྐྱེད་རིམ་གསལ་ཞིང་ཡིད་ཡུལ་དུ༔ ཨོ་རྒྱན་དངོས་སུ་མཇལ་སྙམ་བྱེད་༔ ཉམས་ཞེས་བྱ་བ་དངོས་མིན་ཅིང་༔ གཉིད་པ་མ་ཡིན་བར་སྐབས་དེར༔ ལྷ་ཞལ་མཐོང་དང་ལུང་སྟོན་དང་༔ མཁའ་འགྲོའི་ཚོགས་ཀྱིས་དངོས་གྲུབ་སྟེར༔ རྨི་ལམ་ཉི་ཟླ་ཤར་བ་དང་༔ ཁྲུས་བྱེད་ནམ་མཁར་འཕུར་བ་དང་༔ དམར་པོ་ཁོ་ན་མ་ཡིན་པའི༔ མེ་ཏོག་ཐང་ལ་ཕྱིན་པ་དང་༔ མེ་ཏོག་ཆར་པ་འབབ་པ་དང་༔ རུས་རྒྱན་གྱོན་དང་རྡོ་དྲིལ་ཐོགས༔ ཞིང་ཁམས་སམ་ནི་གནས་རི་མཐོང་༔ རང་གི་བླ་མའམ་གྲུབ་ཆེན་གྱིས༔ དབང་བསྐུར་ཆོས་གསུངས་ལུང་བསྟན་པ༔ དེ་སོགས་ཡ་མཚན་རྨིས་རྟགས་འབྱུང་༔ བྱིན་རླབས་ཞུགས་པའི་རྟགས་ཡིན་ཀྱང་༔ ཧ་ཅང་དགའ་ཚོར་བྱ་མི་


CMR007_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རུང་༔ དགའ་བྲོད་བདུད་ཀྱིས་འཁྱེར་ཉན་ཡོད༔ རྨི་ལམ་རྩུབ་ཅིང་ཅི་ངན་ཡང་༔ རྣམ་རྟོག་ཐེ་ཚོམ་བྱ་མི་རུང་༔ ལྟ་བའི་གདེང་བསྐྱེད་བཏང་སྙོམས་བཞག༔ ནད་སོགས་རྐྱེན་ངན་བྱུང་ན་ཡང་༔ ལྷ་ལ་ལོག་ལྟ་མི་བྱ་སྟེ༔ སྣོད་བཀྲུས་དྲི་མ་ལངས་བ་ལྟར༔ སྒྲིབ་པ་དག་པའི་སློང་ཡིན་ཕྱིར༔ སྡིག་སྒྲིབ་དག་པའི་དགའ་བ་སྒོམ༔ དམ་སེལ་ཅུང་ཟད་ཡིན་དོགས་ན༔ ཐུན་མཚམས་ཞི་བའི་བསྐང་བ་འདོན༔ བར་ཆད་མི་འཇུག་གནད་ཟབ་ལ༔ སྒྲུབ་ཚེ་མ་ནིང་ལས་བྱང་དང་༔ ཞིང་སྐྱོང་མཁའ་རི་གཉིས་པོ་ལ༔ རྒྱུན་དུ་གཏོར་བསྔོས་བྱ་བ་གཅེས༔ སྒྲུབ་པའི་གཉེར་འདི་ཁོ་ལ་ཡོད༔ དེ་ཡི་བར་ཆད་སེལ་བ་ལ༔ ཁོང་གསུམ་བསྐོས་ནས་བཞག་ཕྱིར་རོ༔ ཁྱད་པར་མ་ནིང་གལ་ཆེའོ༔ དེ་དག་ཞག་རེ་ཚར་རེའི་ཆོག ཐུན་རྣམས་ཀུན་ལ་མི་དགོས་སོ༔ གཞན་ཡང་ཐུགས་དམ་ཆག་མེད་ཀྱི༔ ལས་བྱང་ཐུགས་དམ་གང་ཡོད་རྣམས༔ ཐུན་མཚམས་ཞིག་ལ་འདོན་པར་བྱ༔ གློ་བུར་དུས་མིན་ཤ་ཆང་སོགས༔ བྱུང་ན་ཚོགས་འཁོར་བྱས་ལ་རོལ༔ དེ་ནི་སྒྲུབ་པའི་རིམ་པའོ༔ ༈ དེ་ལྟར་བསྙེན་སྒྲུབ་གཉིས་པོ་ལ༔ གྲངས་བསྙེན་ནམ་ནི་དུས་ཐེམ་ནས༔ ལས་


CMR007_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཐུན་བཟུང་གོང་འདྲ་ལས༔ མངོན་རྟོགས་སྐབས་སུ་རྟ་མགྲིན་གྱི༔ སྤྱི་བོར་སྤྲུལ་སྐུ་བསྒོམ་པ་དང་༔ དེ་ཉིད་ཆོས་སྐུར་བསྒྱུར་བའང་འདྲ༔ བསྙེན་པའི་སྐབས་སུ་ཕྱིན་པ་དང་༔ ཆོས་སྐུ་རྟ་མགྲིན་ཐུགས་ཀར་ཞུགས༔ སྒྲུབ་དུས་དམིགས་པ་དེ་བྱས་ལ༔ ཐོད་ཕྲེང་རྩལ་ལ་ཕྲེང་བསྐོར་བསྙེན༔ དེ་ནས་ཐུགས་ཀའི་བླ་མ་དང་༔ བུདྡྷ་ཐོད་ཕྲེང་གཉིས་ཀ་ནི༔ འོད་དུ་ཞུ་ནས་རང་ཉིད་ནི༔ རྟ་མགྲིན་གསལ་དང་དབྱེར་མེད་གྱུར༔ རང་ཉིད་རྟ་མགྲིན་སྐུ་ཡི་ནང་༔ སྐུ་ཡི་གནས་བཞིར་ལྷ་བཞི་བསྒོམ༔ རྩ་ཡི་འཁོར་ལོ་མ་གསུངས་པས༔ རྩ་འཁོར་བསྒོམ་ནི་མི་དགོས་སོ༔ སྤྱི་བོ་ཀླད་པ་དུང་ཁང་ན་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར༔ མགྲིན་པ་ལོངས་སྤྱོད་གནས་སུ་ནི༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར༔ སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས༔ པདྨ་མཁའ་འགྲོ་ཡབ་ཡུམ་དམར༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལྗང་༔ སངས་རྒྱས་མཁའ་འགྲོ་ཡབ་ཡུམ་མེད༔ རྟ་ཕག་གཉིས་ཀྱིས་གོ་ཆོད་ཡིན༔ ཡབ་ཡུམ་བརྒྱད་ཀ་མཚུངས་པ་རུ༔ རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་མཚན་པའི་གྲི་གུག་གཡས༔ གཡོན་རྣམས་ཐོད་


CMR007_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་དང་བཅས་འཁྱུད༔ ཡབ་རྣམས་གཡས་བསྐུམ་གཡོན་བརྐྱང་དང་༔ ཡུམ་རྣམས་གཡས་བརྐྱང་གཡོན་བསྐུམ་འཁྱུད༔ དུར་ཁྲོད་ཆས་དང་རུས་པའི་རྒྱན༔ ཡབ་རྣམས་ཐུགས་ཀར་ཟླ་བ་དང་༔ ཡུམ་རྣམས་ཐུགས་ཀར་ཉི་མའི་སྟེང་༔ རང་རང་ས་བོན་འགྲེང་སྟེ་གནས༔ རྡོ་རྗེ་དཔའ་བོའི་ཐུགས་ཀར་ར༔ རྡོ་རྗེ་མཁའ་འགྲོའི་ཐུགས་ཀར་རིན་ཆེན་དཔའ་བོའི་ཐུགས་ཀར་པ༔ རིན་ཆེན་མཁའ་འགྲོའི་ཐུགས་ཀར་རི༔ པདྨ་དཔའ་བོའི་ཐུགས་ཀར་ཧཱུྃ༔ པདྨ་མཁའ་འགྲོའི་ཐུགས་ཀར་ནི༔ ལས་ཀྱི་དཔའ་བོའི་ཐུགས་ཀར་ཡ༔ ལས་ཀྱི་མཁའ་འགྲོའི་ཐུགས་ཀར་ས༔ དེ་དག་རང་རང་མདོག་དང་མཚུངས༔ བསྐྱེད་རིམ་ཧ་ཅང་མི་གསལ་ན༔ ས་བོན་རྐྱང་པ་བསྒོམས་པས་ཆོག༔ ཐུགས་ཀར་པདྨ་དཔའ་བོ་ཡི༔ དབུ་གཙུག་པདྨ་ཉི་ཟླའི་སྟེང་༔ རྟ་མགྲིན་ས་བོན་ཧྲིདམར་པོ༔ འོད་འཕྲོས་གཟི་བརྗིད་ལྡན་པར་བསྒོམ་ཡུམ་ནི་ཕག་མོའི་ཐུགས་ཀ་རུ༔ ཉི་སྟེང་མ་ཡིག་བཀྲག་མདངས་ཅན༔ དེ་ཙམ་གྱིས་ཀྱང་ཆོག་པ་སྟེ༔ རྒྱས་པར་སྤྲོ་ན་རྟ་མགྲིན་གྱི༔ ཧྲི༔ ཡིག་མཐའ་རུ་རྟ་མགྲིན་སྔགས༔ ཕག་མོའི་ཐུགས་ཀར་མ་ཡིག་མཐར༔ ཨོཾ་བཛྲ་བྷ་རཱ་ཧི་སརྦ་བུདྡྷ་


CMR007_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱཀི་ནི་ཧཱུྃ་ཕཊ༔ རྡོ་རྗེ་གིང་ཆེན་ཐུགས་ཀ་རུ༔ ཨོཾ་བཛྲ་དཔའ་བོ་ཧཱུཾ་རྡོ་རྗེ་མཁའ་འགྲོའི་ཐུགས་ཀ་རུ༔ ཨོཾ་བཛྲ་ཌཱཀི་ནཱི་ཧཱུྃ་ཛ༔ རཏྣ་གིང་ཆེན་ཐུགས་ཀ་རུ༔ ཨོཾ་རཏྣ་དཔའ་བོ་ཧཱུཾ་ཛ༔ རིན་ཆེན་མཁའ་འགྲོའི་ཐུགས་ཀ་རུ༔ ཨོཾ་རཏྣ་ཊཱ་ཀི་ནཱི་ཧཱུྃ་ཛ༔ པདྨ་གིང་ཆེན་ཐུགས་ཀ་རུ༔ ཨོཾ་པདྨ་དཔའ་བོ་ཧཱུྃ་ཛ༔ པདྨ་མཁའ་འགྲོའི་ཐུགས་ཀ་རུ༔ ཨོཾ་པདྨ་ཊཱ་ཀི་ནཱི་ཧཱུྃ་ཛ༔ ལས་ཀྱི་གིང་ཆེན་ཐུགས་ཀ་རུ༔ ཨོཾ་ཀརྨ་དཔའ་བོ་ཧཱུྃ་ཛ༔ ལས་ཀྱི་མཁའ་འགྲོའི་ཐུགས་ཀ་རུ༔ ཨོཾ་ཀརྨ་ཊཱ་ཀི་ནི་ཧཱུྃ་ཛ༔ སོ་སོའི་ཐུགས་སྲོག་མཐའ་རུ་བསྐོར༔ ཡབ་རྣམས་སྔགས་ཕྲེང་གཡས་སུ་འཁོར༔ ཡུམ་རྣམས་སྔགས་ཕྲེང་གཡོན་དུ་འཁོར༔ སྔགས་ཕྲེང་མདོག་ཀྱང་སྐུ་མདོག་མཚུངས༔ བདག་ཉིད་དབང་ཆེན་ལུས་ལྷར་བཅས༔ འཁོར་གྱི་ཐོད་ཕྲེང་སྡེ་བཞི་དང་༔ མཚན་བརྒྱད་གིང་ཆེན་བཅུ་དྲུག་སོགས༔ བདག་མདུན་ལྷ་ཚོགས་ཐམས་ཅད་ཀྱིས༔ རིམ་བུའི་ཚུལ་དུ་སྔགས་བཟླས་པས༔ སྔགས་སྒྲ་འབྲུག་ལྟར་འུར་ཆེན་སྒྲོག༔ དེ་ཡིས་རྐྱེན་བྱས་ཐུགས་རྒྱུད་བསྐུལ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་དང་༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་དང་༔ ལྷ་འདྲེ་མི་གསུམ་སྣང་སྲིད་རྣམས༔ ཤ་རུལ་སྦྲང་མ་འདུས་པ་


CMR007_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན༔ ཐམས་ཅད་བདག་ལ་འདུས་པར་བསྒོམ༔ དེ་ནས་སྔགས་བཟླས་མན་ངག་དང་༔ ཐོད་ཕྲེང་རྩལ་དང་སྦྲེལ་བཟླས་ན༔ སྟོབས་ནི་ཆེ་སྟེ་རྣོ་མྱུར་མེད༔ མ་སྦྲེལ་རྐྱང་པར་བཟླས་པ་ན༔ རྣོ་མྱུར་ཆེ་སྟེ་བཀྲ་མི་ཤིས༔ དེ་ཕྱིར་ཕྲེང་སྐོར་རེ་རེའི་མགོར༔ ཐོད་ཕྲེང་རྩལ་ནི་རེ་རེ་སྦྱར༔ ཧྲཱིཿཙམ་ཧ་རི་ནི་སའི་སྔགས་བཟླས་ཏེ༔ ཧཱུྃནི་དབང་ཆེན་རྟ་མགྲིན་ཡིན༔ མ་ནི་རྡོ་རྗེ་ཕག་མོ་སྟེ༔ ཧ་རི་ནི་ས་མཁའ་འགྲོ་བཞི༔ ར་ཙ་ཧྲཱིཿཡ་དཔའ་བོ་བཞི༔ ཙིཏྟ་དེ་རྣམས་སྲོག་ཡིན་ཏེ༔ ཧྲི་ཧྲི་གནད་ནས་སྤྱན་འདྲེན་པ༔ ཛཛཁུག་ཅིག་བསྡུས་ཤིག་ཡིན༔ ནམ་ལངས་ནས་ནི་ཉི་དྲོས་བར༔ སྤྱི་བོའི་དཔའ་བོ་ཡབ་ཡུམ་ལ༔ དམིགས་པ་གཏད་དེ་སྔགས་བཟླས་པས༔ ཐུགས་ཀའི་ས་བོན་སྔགས་ཕྲེང་ལས༔ འོད་ཟེར་དཀར་པོ་འཕྲོས་པ་ཡིས༔ བདག་གི་ལུས་ཀྱི་ནང་ཀུན་གང་༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི༔ ཕྱིར་འཕྲོས་ཟླ་བའི་འོད་ཕོག་བཞིན༔ འོད་ཟེར་དཀར་པོས་འཇིག་རྟེན་གང་༔ འགྲོ་བ་ཀུན་གྱི་སྡིག་སྒྲིབ་དག བསྲུང་བྱའི་ནད་གདོན་ཐམས་ཅད་ནི༔ བ་མོར་ཉི་ཟེར་ཕོག་ལྟར་བསྒོམ༔ ཕྲེང་སྐོར་རེ་རེའི་མཇུག་ཏུ་ནི༔ ནད་གདོན་སྡིག་སྒྲིབ་སརྦ་


CMR007_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་པའི་ཤམ་བུ་རེ་རེ་བཏགས༔ ཉི་དྲོས་ནས་ནི་ཕྱེད་ཡོལ་བར༔ མགྲིན་པའི་དཔའ་བོ་ཡབ་ཡུམ་གྱི༔ སྔགས་འཁོར་དམིགས་པ་གཏད་ལ་བཟླས༔ དེ་ལས་འོད་ཟེར་གསེར་མདོག་འཕྲོས༔ བདག་གི་ལུས་ཀུན་གང་བ་ཡིས༔ ཚེ་བསོད་ཡེ་ཤེས་ཡོན་ཏན་རྒྱས༔ ཕྱིར་འཕྲོས་ཉི་མའི་འོད་བཞིན་ཕོག༔ འོད་ཟེར་སེར་པོས་འཇིག་རྟེན་གང་༔ འགྲོ་བ་ཀུན་གྱི་ཡེ་ཤེས་རྒྱས༔ བདག་དང་བསྲུང་བྱའི་བསོད་ནམས་དང་༔ སྟོབས་དང་འབྱོར་པ་རྒྱས་པར་བསྒོམ༔ ཚེ་བསོད་དཔལ་འབྱོར་པུཏྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པའི་ཤམ་བུ་རེ་རེ་སྦྱར༔ དགོང་ཀ་ནས་ནི་མུན་རུབ་བར༔ སྙིང་གའི་དཔའ་བོ་ཡབ་ཡུམ་ལ༔ དམིགས་པ་གཏད་ལ་སྔགས་བཟླས་པས༔ འོད་ཟེར་དམར་པོས་བདག་ལུས་གང་༔ ། རླུང་སེམས་སྣང་བ་དབང་དུ་འདུས༔ ཕྱིར་འཕྲོས་འོད་ཟེར་དམར་པོ་ནི༔ གློག་ཞགས་ལྟ་བུ་ཕྱོགས་བཅུར་འཕྲོས༔ འདོད་པའི་དངོས་གྲུབ་ཐམས་ཅད་ནི༔ རང་དབང་མེད་པར་དབང་བསྡུས་ནས༔ རང་ལ་ཐིམ་པས་དངོས་གྲུབ་ཐོབ༔ སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པའི་ཤམ་བུ་རེ་རེ་སྦྱར༔ མུན་རུབ་ནས་ནི་མ་གཉིད་བར༔ ལྟེ་བའི་ཡབ་ཡུམ་


CMR007_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་གཏད༔ འོད་ཟེར་ལྗང་ནག་བདག་ལུས་གང་༔ བདུད་བཞི་ཉོན་མོངས་ཚར་བཅད་གྱུར༔ ཕྱིར་འཕྲོས་འོད་ཟེར་ལྗང་ནག་ནི༔ ཤིན་ཏུ་ཚ་བའི་རེག་བྱ་ཅན༔ བདག་དང་བསྲུང་བྱ་ཐམས་ཅད་ལ༔ གནོད་པའི་དགྲ་བགེགས་ལོག་འདྲེན་ཀུན༔ བྱ་སྒྲོ་མེ་ལ་སྲེག་བཞིན་བསྒོམ༔ གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པའི་ཤམ་བུ་བཏགས་པར་བྱ༔ དེ་ལྟར་སྔགས་ཀྱི་གྲངས་ཀ་ནི༔ བསྙེན་སྒྲུབ་གཉིས་པོ་ཅི་སོགས་གི༔ ཅི་ཆའི་ཆ་གཅིག་ཚད་ཡིན་ཏེ༔ དེ་བས་མང་ན་བསྙེན་སྒྲུབ་ཉམས༔ ཉུང་ན་ཕྲིན་ལས་མི་འགྲུབ་བོ༔ དུས་ཀྱི་བསྙེན་པའི་དབང་བྱས་ན༔ བསྙེན་པ་ཞག་བདུན་སྒྲུབ་པ་ནི༔ ཞག་པོ་བདུན་གཉིས་བྱས་ནས་ཀྱང་༔ ལས་སྦྱོར་ཞག་པོ་གཉིས་བཟླ་ཞིང་༔ དེ་ཡི་ཕྱིར་ཉིན་སྔ་དྲོ་ལ༔ ལས་སྦྱོར་ཅུང་ཙམ་བཟླས་བྱས་ཏེ༔ ཚོགས་བྱས་བསྐང་གསོ་ཚར་མང་འདོན༔ དེ་ནས་ཚེ་གཏོར་བཤམས་བྱས་ལ༔ ལས་བྱང་མང་བའི་ཚེ་འགུགས་བྱ༔ ཚེ་ཡི་བསྙེན་པ་སྟོང་ཙམ་བཟླ༔ དེ་ནས་དངོས་གྲུབ་ལེན་ཆོག་ནི༔ ཡོད་ན་བུམ་པ་གཏོར་མ་གཉིས༔ ལག་པ་གཉིས་ཀས་མཉམ་དུ་བཟུང་༔ མེད་ན་སྒྲུབ་གཏོར་ཁོ་ན་བཟུང་༔ མདུན་གྱི་ལྷ་


CMR007_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཐམས་ཅད་ཀྱི༔ དཔྲལ་མགྲིན་ཐུགས་ཀ་ལྟེ་བ་རུ༔ སྐུ་ཡི་ཆ་ནི་ཐམས་ཅད་ནས༔ ཨོ་དཀར་ཨཱཿདམར་ཧཱུཾ་མཐིང་ག ཧིལྗང་འོད་ཟེར་སྣ་ཚོགས་ནི༔ འཕྲོས་ནས་རང་ལ་ཐིམ་པ་ཡིས༔ དབང་དང་དངོས་གྲུབ་ཐོབ་པར་བསྒོམ༔ དངོས་གྲུབ་ལེན་ཆོག་དབྱངས་དང་བཅས༔ སྔགས་བརྗོད་རང་གི་གནས་བཞིར་གཏུགས༔ སྒྲུབ་གཏོར་ཅུང་ཟད་དངོས་གྲུབ་བྱ༔ བུམ་ཆུ་བཏུང་དང་ཁྲུས་བྱའོ༔ དེ་ནས་ཆེད་མདོ་བརྟན་སྐྱོང་དང་༔ བསྡུ་ཆོག་བཀྲ་ཤིས་ལ་སོགས་བྱ༔ ལས་བྱང་མཇུག་དེ་རྫོགས་པས་འཐུས༔ དེ་ནུབ་གནས་སྲུང་གར་མི་འགྲོ༔ དཀྱིལ་འཁོར་མཆོད་གཏོར་རྣམས་ནི་བསྡུ༔ དེ་ནས་ལས་བྱང་ལ་བརྟེན་པ༔ གུ་རུ་ཞི་བའི་སྒྲུབ་པ་ཚང་༔ སྒྲུབ་པ་མིན་པའི་རྒྱུན་ཁྱེར་ལ༔ བསྙེན་སྒྲུབ་ལས་སྦྱོར་གསུམ་ཀ་ཡང་༔ གོང་གི་དམིགས་པ་དེ་རྣམས་བྱ༔ ཉིན་རེ་བཞིན་དུ་བསྙེན་སྒྲུབ་དང་༔ ལས་སྦྱོར་གསུམ་ཀ་ཚང་བར་བྱ༔ སྔགས་ནི་མང་ཉུང་དལ་ཁོམ་བསྟུན༔ ད་ནངས་ལས་བྱུང་བཏང་ནས་ཀྱང༔ ཁ་ཅིག་འདུག་རྒྱུ་མ་བྱུང་ཡང་༔ འགྲོ་འདུག་བྱེད་ཅིང་བསྙེན་སྒྲུབ་རུང་༔ དེ་ཡང་བདེ་མཆོག་རྒྱུད་ལས་བཤད༔ དེ་ཡི་མན་ངག་ཟབ་གནད་ལ༔ མདུན་བསྐྱེད་


CMR007_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་མི་བྱ་ཞིང་༔ བདག་བསྐྱེད་ཁོ་ན་བསྒོམས་བྱས་ལ༔ གཏོར་བསྔོས་བྱེད་པའི་སྐབས་དེ་རུ༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ གཏོར་མགྲོན་ལྷ་རྣམས་སྤྱན་དྲངས་ལ༔ གཏོར་མ་གསོལ་བའི་རྗེས་དེ་རུ༔ གཏོར་མགྲོན་ཡེ་ཤེས་རང་ལ་བསྟིམ༔ འཇིག་རྟེན་པ་རྣམས་རང་གནས་སུ༔ སོང་བར་བསྒོམ་པ་ཁོ་ནས་ཆོག༔ དེ་ནས་བདག་བསྐྱེད་ཏིང་འཛིན་དང་༔ འགྲོ་འདུག་སྤྱོད་ལམ་ཀུན་ཏུ་བཟླས༔ ནུབ་མོ་ཉལ་བའི་ཚེ་ན་ཡང་༔ རྡོ་ར་མེ་རི་སྲུང་འཁོར་ནི༔ བསྡུ་བར་མི་བྱེད་དེ་གར་བཞག༔ དེ་མིན་གཞལ་ཡས་འཁོར་གྱི་ལྷ༔ བདག་ཐིམ་བདག་ཉིད་ཐུགས་ཀ་ཡི༔ ཧྲིར་ཐིམ་དེ་ཡང་མི་དམིགས་པ༔ སྟོང་ཉིད་ཉམས་ལེན་ངང་ལ་ཉལ༔ འོད་གསལ་བཟུང་བའི་དམིགས་པའམ་ཡིན༔ མཚམས་སྒྲུབ་དུས་སམ་རྒྱུན་ཁྱེར་དུས༔ ལྟ་སྒོམ་སྤྱོད་གསུམ་བྱ་ལུགས་ནི༔ ཨོ་ཆོས་སྐུ་མི་འགྱུར་རྡོ་རྗེ་ཡི༔ པདྨ་རྒྱལ་པོས་འདི་སྐད་སྨྲས༔ དང་པོ་ཆོས་རྣམས་དམིགས་མེད་ཅིང་༔ སྨྲ་བརྗོད་བྲལ་བ་རྫོགས་པ་ཆེ༔ བློ་འདས་ཆོས་སྐུ་མི་འགྱུར་བའི༔ དེ་བཞིན་ཉིད་ཅེས་གསུངས་པའི་དོན༔ ལྟ་བའི་མཐར་ཐུག་ཡིན་པའོ༔ སྣང་སྲིད་འཁོར་འདས་ཐམས་ཅད་


CMR007_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན༔ སངས་རྒྱས་ཐུགས་དང་སེམས་ཅན་སེམས༔ རང་དང་གཞན་དང་གྲུབ་པའི་མཐ༢༔ འཁྲུལ་དང་མ་འཁྲུལ་བཟང་དང་ངན༔ ཐམས་ཅད་དབྱེར་མེད་རོ་གཅིག་སྟེ༔ འདི་ཡིན་འདི་མིན་སྨྲ་བརྗོད་བྲལ༔ དེ་ཉིད་ཉམས་སུ་ལེན་པའི་ཚུལ༔ རང་གི་སེམས་ལ་ཚུར་བལྟས་པས༔ བཟུང་བའི་ཡུལ་དང་འཛིན་པའི་སེམས༔ དབྱེར་མེད་ངོ་བོ་སྟོང་པར་མཐོང་༔ སྣང་བ་མཐའ་ཡས་དགོངས་པ་ཡིན༔ ཅི་ཡང་མེད་པའི་སྟོང་པ་ཉིད༔ མ་འགགས་རང་གསལ་ཅི་ཡང་འཆར༔ དེ་ཡང་ངག་ཏུ་བརྗོད་མི་ཤེས༔ ཐུགས་རྗེ་ཆེན་པོའི་དགོངས་པ་ཡིན༔ དྲན་པའི་རྣམ་རྟོག་སྣ་ཚོགས་འདི༔ གང་ཤར་ངོ་བོར་བལྟས་པའི་ཚེ༔ རང་གྲོལ་ཆུ་དང་ཆུ་རླབས་བཞིན༔ སེམས་ལས་བྱུང་ཞིང་སེམས་ལ་ཐིམ༔ པདྨ་འབྱུང་གནས་དགོངས་པ་ཡིན༔ སེམས་ཀྱི་ངོ་བོ་སྟོང་པ་དང་༔ རང་བཞིན་གསལ་རིག་རྗེན་པ་དང་༔ འགགས་མེད་ཅི་ཡང་འཕྲོ་བ་གསུམ༔ དོན་ལ་བླ་མ་སྐུ་གསུམ་སྟེ༔ གཞན་དུ་མ་ཚོར་རང་སེམས་ལྟོས༔ དེ་ལ་རྒྱུན་དུ་གོམས་འཇུག་པ༔ སྒོམ་ཡིན་ཉམས་ལེན་སྐྱོང་བའང་ཡིན༔ དེ་ཡི་ངང་ལ་སྡིག་སྤངས་ཤིང་༔ དགེ་བ་བསྙེན་སྒྲུབ་ཚོགས་བསགས་འབད༔ དེ་


CMR007_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱོད་པ་ཞེས་བྱ་འོ༔ རང་སེམས་བླ་མ་སྐུ་གསུམ་ལ༔ བརྟན་པ་ཐོབ་ཅིང་གདེང་ལྡན་ན༔ འབྲས་བུ་དེ་ཉིད་ཡིན་པ་འོ༔ གལ་ཏེ་འབྲས་བུ་ཐོབ་ན་ཡང་༔ སྲིད་པ་བར་དོའི་གནས་སྐབས་ནས༔ རབ་ཏུ་སྣང་བ་མཐའ་ཡས་ཞིང་༔ སྐྱེས་ནས་ཕྱིར་མི་ལྡོག་པ་ཐོབ༔ འབྲིང་དུ་རྔ་ཡབ་གླིང་དུ་སྐྱེ༔ ཨོ་རྒྱན་ཆེན་པོས་རྗེས་སུ་བཟུང་༔ ཐ་མ་མི་ལུས་ཆོས་ལྡན་དུ༔ སྐྱེ་བ་གསུམ་མམ་བདུན་རྒྱུད་ནས༔ ཆོས་འདི་ཉམས་ལེན་གྲོལ་བར་འགྱུར༔ དེ་རྟགས་འདི་ཉིད་ཉམས་ལེན་མཁན༔ འདས་ནས་གདུང་སོགས་བཞུས་པ་ན། འཇའ་འོད་རིང་བསྲེལ་སྐུ་གཟུགས་དང་༔ ཡིག་འབྲུ་ཕྱག་མཚན་ལ་སོགས་པ༔ སྣ་གཅིག་མི་འབྱུང་མི་སྲིད་དེ༔ ཚུལ་བཞིན་ཉམས་སུ་མ་བླངས་དང་༔ དམ་ཚིག་ཉམས་པ་མ་གཏོགས་སོ༔ གོང་གི་ལས་སྦྱོར་སྔགས་དེ་ཡི༔ ཕན་ཡོན་ཨོ་རྒྱན་ཆེན་པོས་གསུངས༔ དཔའ་བོ་ཕོ་ཚོགས་མོ་ཚོགས་རྣམས༔ རང་དབང་མེད་པར་མདུན་དུ་འོང་༔ ལུང་སྟོན་ཆོས་འཆད་ལེགས་ཉེས་སྨ༔ བསྟོད་ཅིང་གསོལ་འདེབས་བསྒོ་བ་ཉན༔ ལྷ་འདྲེ་མི་གསུམ་དབང་དུ་སྡུད༔ བསམ་པ་ཀུན་འགྲུབ་ཐེ་ཚོམ་མེད༔ རྟེན་འབྲེལ་ལེགས་ཚོགས་ཀུན་འགྲུབ་


CMR007_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར༔ ཐུགས་སྒྲུབ་འདི་ཡི་བསྙེན་སྒྲུབ་ལ༔ ཚན་ཆེན་ཐུགས་དམ་བྱས་པ་ན༔ དེ་ཡི་ཕན་ཡོན་ཨོ་རྒྱན་གསུངས༔ ལུས་ལ་བདེ་བའི་དངོས་གྲུབ་འབྱུང་༔ ལུས་ཀྱི་རྫུ་འཕྲུལ་སྟོན་པར་ནུས༔ ཌཱ་ཀི་དབང་དུ་འདུ་བའི་རྟགས༔ བུད་མེད་རིགས་གྱུར་ཀུན་ཀྱང་འདུ༔ དཔའ་བོ་དབང་དུ་འདུ་བའི་རྟགས༔ སྔགས་བཙུན་སྐྱེ་བོ་ཐམས་ཅད་འདུ༔ སྣང་བ་ཐམས་ཅད་བླ་མར་འཆར༔ སྣང་སྲིད་ཀུན་གྱི་ཆོས་རྣམས་སྟོན༔ བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་རབ་དངོས་འབྲིང་ཉམས་ཐ་མ་ཡང་༔ ལུང་སྟོན་ཆོས་འཆད་ལེགས་ཉེས་སྨྲ༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ རིགས་གང་དབང་དུ་འདུ་བའི་སར༔ གདུལ་བྱ་རྒྱ་མཚོ་མ་ལུས་འབྱུང་༔ ངག་ལ་ནུས་པ་ཐོགས་མེད་འབྱུང་༔ མ་བསླབ་ཆོས་སྒོ་སྨྲ་བར་ནུས༔ དམོད་པ་བཙན་ཞིང་སྨོན་ལམ་འགྲུབ༔ ཡིད་ལ་དག་སྣང་དཔག་མེད་འཆར༔ བླ་མ་ཡི་དམ་དྷཱ་ཀི་ཡི༔ ཞལ་མཐོང་མངོན་ཤེས་ཕྲ་མོ་འབྱུང་༔ ཁྱད་པར་རྟག་ཏུ་བླ་མ་དང་༔ འདུ་འབྲལ་མེད་པའི་སྣང་བ་འཆར༔ ཆོས་སྒོ་དཔག་མེད་གསུང་བར་འགྱུར༔ འོན་ཀྱང་དོན་ལ་གནས་པ་གཅེས༔ གསུངས་ཕྱིར་དེ་འདྲ་བྱུང་སྲིད་ནའང་༔ དགའ་ཚོར་


CMR007_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རློམ་སེམས་མི་བྱ་ཞིང་༔ ཉམས་ལེན་ངོ་བོ་ལྟ་བ་གཅེས༔ འདི་དང་ཕྱི་མ་བར་དོ་རུ༔ ཨོ་རྒྱན་ཁྱེད་ཤེས་བློ་སྙིང་གཏད༔ གཏོར་བསྔོས་མ་ཆག་ཚེས་བཅུར་གཟབ༔ དེ་ནས་སྔགས་འཆང་གསར་བུ་ཡིས༔ ལས་བྱང་ཁོ་ན་ལ་བརྟེན་ནས༔ བསྙེན་སྒྲུབ་རྒྱུན་ཁྱེར་ཉམས་ལེན་ཚུལ༔ པདྨ་མཐར་ཕྱིན་གྱིས་བསྐུལ་ངོར༔ རཱ་ག་ཨ་སྱས་ཐུན་མཚམས་འགར༔ སྨྲས་པ་ཞུ་མཁན་ཉིད་ཀྱིས་བྲིས༔ མ་འོངས་གསར་བུ་མང་པོ་ལ༔ ཕན་ཐོགས་རྒྱ་ཆེར་འབྱུང་བར་ཤོག༔ མཐོང་ཐོས་དྲན་རེག་ཉམས་ལེན་མཁན༔ བསྐྱེད་རྫོགས་བརྟན་ཐོབ་བདེ་ཆེན་ཞིང་༔ པདྨ་ལས་འཁྲུངས་སྣང་མཐའ་མཇལ༔ བྱང་ཆུབ་ལུང་བསྟན་ས་བཅུ་ཐོབ༔ རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ སརྦ་མངྒ་ལཾ།། ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་མང་ཉུང་གཉིས་ཉམས་སུ་ལེན་པའི་ཟིན་བྲིས་མདོར་བསྡུས།next