Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་གབ་སྦས་སྤང་བ་རིན་ཆེན་ཤོག་འདྲ་ལས་སྒྲུབ་ཆེན་གྱི་ཁོག་དབུབ་སྔོན་འགྲོ་སྟ་གོན་གྱི་རིམ་པ།
   
   
   
   


 
previousཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་གབ་སྦས་སྤང་བ་རིན་ཆེན་ཤོག་འདྲ་ལས་སྒྲུབ་ཆེན་གྱི་ཁོག་དབུབ་སྔོན་འགྲོ་སྟ་གོན་གྱི་རིམ་པ།next

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་གབ་སྦས་སྤང་བ་རིན་ཆེན་ཤོག་འདྲ་ལས་སྒྲུབ་ཆེན་གྱི་ཁོག་དབུབ་སྔོན་འགྲོ་སྟ་གོན་གྱི་རིམ་པ།


CMR007_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་གབ་སྦས་སྤང་བ་རིན་ཆེན་ཤོག་འདྲ་ལས་སྒྲུབ་ཆེན་གྱི་ཁོག་དབུབ་སྔོན་འགྲོ་སྟ་གོན་གྱི་རིམ་པ་ཞེས་བྱ་བ་བཞུགས་སོ་མ་ན་སིདྡྷི་ཧོ༔


CMR007_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཤམིང་ཐཐ༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་མ་ལུས་ཀྱི༔ སྐུ་གསུང་ཐུགས་ཀྱི་ངོ་བོ་པདྨ་འབྱུང་༔ བདག་གི་སྙིང་ལ་འབྲལ་མེད་བཞུགས་པར་གསོལ༔ ཐུགས་རྗེས་བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ དེ་ཉིད་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་ཤིག༔ དོན་གཉེར་འགའ་ཡིས་ཡང་ཡང་བསྐུལ་བ་དང་༔ ཕྱག་ལེན་འཁྲུལ་མེད་ནུབ་པར་འཕང་པ་དང་༔ སྒྲུབ་གཞུང་ཉིད་ལས་གུ་རུས་བཀའ་གནང་བ༔ ཚིག་གི་གབ་འཁྲུགས་སྤྲོས་བསྐྱེད་རྣམསཾ༔ ལས་ཅན་འཆོས་པར་རྗེས་སུ་གནང་༔ ཞེས་གསུངས་པ་ལྟར་དུ་ཆོས་རྗེ་མཁར་དྲུང་པ་ལ་སོགས༔ སྔོན་གྱི་རིག་


CMR007_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རྣམས་ཀྱང་ཟིན་བྲིས་མཛད༔ དེ་ཕྱིར་བདག་གིས་བྲིས་ཀྱང་འགལ་མེད་སྙམ༔ འོན་ཀྱང་ཆོས་བདག་བཀའ་ཡི་སྲུང་མ་རྣམས༔ བདག་ལ་བཀའ་གནང་བྱིན་གྱིས་བརླབ་ཏུ་གསོལ༔ ཅེས་གསོལ་བ་བཏབ་ནས༔ བླ་མ་སྐུ་གསུམ་འདི་ཡི་སྒྲུབ་པའི་སྒྲུབ་ལུགས་རྣམ་གྲངས་མང་པོ་ཡོད་མོད་ཀྱང་༔ དེང་སང་གང་ཟག་གཅིག་གིས་སྒྲུབ་ཆེན་གྱི་ཁོག་ཕུབ་སྟེ་ཉམས་སུ་ལེན་པ་ལ༔ ཐོག་མར་གྲལ་ཤོམ་གྱི་སྟ་གོན་འདི་རྣམས་ལོ་ཟླའི་གོང་ནས་བྱ་བ་ཡིན་ཏེ༔ རབ་བཀའ་རྫོགས་པ་ཐོབ་པ་འབྲིང་དབང་རྒྱས་པ་མཆོག་དབང་དང་བཅས་པ༔ སྐུ་གསུམ་སྒྲུབ་པ་ལ་མཁོ་བའི་སྐོར་གྱི་ལུང་༔


CMR007_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་དབང་འབྲིང་པོ་དང་སྒྲུབ་གཞུང་གསུམ་དང་རྩ་གསུམོ་མཆོད་ཕྲེང་ལུང་ཐོབ་པར་བྱ༔ གཏོར་དབང་ཙམ་ཐོབ་པས་ནི་བསྒྲུབ་ཏུ་མི་གཏུབ་བོ༔ དེ་ནས་སྒྲུབ་ཐབས་དང་སྒྲུབ་ཆེན་སྤྱི་ཁྲིད་རྣམས་ལ་ཡུན་རིང་དཔེ་ལྟས་བྱས་ལ་ཧ་ལམ་པ་ཡིད་ལ་གསལ་བར་བྱས༔ དེ་ནས་སྐུ་འབག་གསུམ་པོ་རབ་རྣལ་འབྱོར་པ་དམ་ཚིག་ཅན་ནམ་རང་གིས་བྲིས༔ འབྲིང་ལྷ་བཟོ་ལ་བསྙེན་གནས་སྲུང་བཅུག༔ ཁྲུས་བྱས་ལ་བྲི་བཅུག་ཅིང་༔ སྐྱ་རིས་ཚར་དུས་སྔགས་བྲི་བ་དང་ཡེ་ཤེས་འགུགས་བསྟིམ་རང་གིས་བྱས༔ བྲི་ཚར་ཛ་རབ་གནས་རང་གིས་བྱའོ༔ སྔར་སྒྲུབ་པ་ཐེམ་པའི་རྙིང་པ་བྱིན་རླབས་ཅན་ཡོད་ན་རབ་གནས་སོགས་མི་དགོས༔ ཐ་མ་ལྷ་བཟོ་ལ་འབྲི་བཅུག་ནས༔ བྲི་ཚར་ཙ་ན་རྒྱབ་ཕྱོགས་སུ་སྔགས་རྣམས་བྲི་བ་དང་ཡེ་ཤེས་བཀུག་བསྟིམ་ལན་ལྔའམ་བདུན་ཙམ་བྱའོ༔ ཤོག་གུ་ལ་འབྲིའམ༔ པར་བཏབ་པ་ཡང་དེ་དང་འདྲའོ༔ ཙཀ་ལི་མེད་པས་སྒྲུབ་པ་བཤོལ་བར་མི་བྱ་སྟེ༔ ཐུགས་སྒྲུབ་ཀྱི་ཞལ་ཐང་བླ་མ་སྐུ་གསུམ་ཡོད་པ་ཞིག་ལ༔ རྒྱབ་ཕྱོགས་སྐུ་གསུམ་སོ་སོའི་ཐད་དུ་སྔགས་རྣམས་བྲིས་ལ་ཡེ་ཤེས་བཀུག་བསྟིམ་སྤུ་ཁྲིད་ནས་སྐྱ་རིས་སྐབས་སུ་བྱ་བར་གསུངས་པ་དེ་ལན་ལྔ་བདུན་བཅུ་ཙམ་


CMR007_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ་དེ་ཉིད་མདུན་དུ་བཤམས་པས་འཐུས་སོ༔ དེ་ཡང་ཐང་སྐུ་གཅིག་ལ་གསུམ་ཁ་ཚང་བ་མ་རྙེད་ན་སྤྲུལ་སྐུ་ཨོ་རྒྱན་ཐང་ཀ་གཅིག་ལ་བྱ༔ ལོངས་སྐུ་ཚེ་དཔག་མེད་ཡུམ་ཅན་རྙེད་ན་རབ༔ མ་རྙེད་ན་ཡབ་རྐྱང་ལ་ཡང་རུང་༔ ཆོས་སྐུ་རྡོ་རྗེ་འཆང་ཡབ་ཡུམ་ཅན་རྙེད་ན་རབ་མ་རྙེད་ན་ཡབ་རྐྱང་གི་ཐང་སྐུ་ལ་ཡང་རུང་ངོ་༔ དེ་ཅིའི་ཕྱིར་ཞེ་ན་དམིགས་པའི་རྟེན་ཙམ་ཡིན་པས་སོ་༈ དེ་ནས་ཁོག་དབུབ་ཀྱི་འཁོར་ལོ་ཆེན་པོ་ཁྲི་སྟེ་རབ་ཐང་སྐུ་ལྟར་འབྲི་བའམ༔ དར་ཆེན་ལ་བྲི་ནས་བླ་བྲེའི་མཐོང་བྱ༔ འབྲིང་རས་ཀ་ཇི་ཨུར་མ་ལ་བྲི་ལ་ཆུ་ཚོན་བྱ༔ ཐ་མ་ཤོག་གུ་ལ་བྲིའོ༔ བྲི་ལུགས་གཞུང་དུ་གསལ་ཞིང་༔ རཏྣ་པདྨ་སོགས་གོང་ལྟར་འགྲེས་བཤངས་ལ་བྲི༔ མཚན་བརྒྱད་འགྲེས་བཤང་ཞིང་༔ རྩིབས་མཆན་སོ་སོའི་ཐད་དུ་སོ་སོའི་དངོས་གྲུབ་ཚིག་མ་འཆོལ་བར་བྲི་སྟེ༔ པདྨ་འབྱུང་གནས་ཀྱི་རྩིབས་མཆན་དུ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ པདྨ་སམ་བྷ་ལ་ཡོན་ཏན༔ བློ་ལྡན་མཆོག་སྲེད་ལ་ཤེས་རབ་ཟབ་མོ༔ པདྨ་རྒྱལ་པོ་ལ་ཁམས་གསུམ་དབང་སྡུད་སོགས་སོ༔ ཉི་མ་འོད་ཟེར་ལ་མེད་དེ་རྩིབས་མཚན་གཅིག་འདོད་གསོལ་དེ་ལྷག་པོ་བྲིས་ཏེ༔ འགྲོ་བ་འདུལ་བའི་


CMR007_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ༔ ཤཱཀྱ་སེངྒེ་ལ་བདུད་དཔུང་འདུལ་བའི་དངོས་གྲུབ༔ སེངྒེ་སྒྲ་སྒྲོག་ལ་མུ་སྟེགས་འདུལ་བའི་དངོས་གྲུབ༔ རྡོ་རྗེ་གྲོ་ལོད་ལ་དྲེགས་པ་ཚར་གཅོད་དངོས་གྲུབ་བསྩལ་དུ་གསོལ༔ བཀའ་བརྒྱུད་བླ་མ་གང་མོས་ཀྱི་མཚན་འབྲི་གསུངས་པ་ལས༔ ཨོཾ་ཨ་མི་ཏ་བྷ་ཧཱུྃ༔ ཨོ་ལོཀི་ཤྭ་རི་ཧཱུྃ༔ ཨོ་པྲ་ཝ་ཀ་ར་ཧཱུྃ༔ ཨོ་ཌཀི་ཛྙཱ་ན་ས་མུ་ཏྲ་ཛ་ཡེ་ཧཱུྃ༔ ཨོཾ་ཨཱགུ་རུ་རཏྣ་ཤྲཱི་བྷ་ཏྲ་ཧཱུྃ༔ ཨོཾ་ཨཱགུ་རུ་ཨཱ་ཡུཔཱ་ཤང་ཀཱིརྟི་ཧཱུྃ༔ ཨོཾ་ཨཱཋགུ་རུ་ཝཱ་གིནྡྲ་ཀཱིརྟི་ཧཱུྃ༔ ཨོཾ་ཨཱགུ་རུ་ཨ་ནནྟ་ཧཱུྃ༔ ཨོཾ་ཨཱ་གུ་རུ་ཨ་ནན་ཤ་ས་ན་དྷ་ར་ཧཱུྃ༔ ཞེས་སོགས་དང་རྒྱལ་བ་ཡབ་སྲས་སོགས་རང་གང་མོས་མཚན་སྔགས་འབྲི༔ འདིར་རིག་འཛིན་བརྒྱད་སོགས་ཀྱི་མཚན་འབྲི་སྲོལ་ནི་སྣང་ངོ་༔ ཡི་དམ་སྙིང་པོ་ནི་རྒྱལ་བ་རྒྱ་མཚོ་ཚེ་དཔག་མེད་སོགས་རང་གིས་གང་མོས་འབྲི༔ གཞན་གཞུང་དུ་གསལ་བ་ལྟར་རོ༔ ཡང་འཁོར་ལོ་གཅིག་ཤོག་གུ་སྲབ་མོ་ལ་བྲིས་ཏེ་ལུས་ལ་འཆང་ན་མཆོག་ཡིན་ལ༔ གཉིས་མ་གྲུབ་ན་ཕུབ་རྒྱུ་དེས་ཆོག་གོ༔ ཡང་ཤོག་གུ་ལ་བྲིས་ནས་སྒྲུབ་ཚེ་ཕུབ་ནས་རྒྱུན་དུ་ལུས་ལ་འཆང་ན་ཡང་རུང་ངོ་༔ ༈ དེ་ནས་རྩ་གསུམ་འཁོར་ལོ་བླ་མའི་ཙཀྲ་ལ་མཚན་བརྒྱད་འགྲེས་བཤང་བ་དང་༔ རྩིབས་མཆན་ནི་


CMR007_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་མ་ཡིན༔ མཚན་རེ་རེ་ན་བཛྲ་རཏྣ་པདྨ་ཀརྨ་སོགས་ཚང་མ་རེ་རེ་བྲིའོ༔ ཡི་དམ་འཁོར་ལོའི་རྩིབས་བཞི་ལ་རྟ་མགྲིན་སྔགས་ཚར་རེ་བྲིའོ༔ མཁའ་འགྲོའི་ཙཀྲའི་རྩིབས་བཞི་ལ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་བཞིན་དུ་པུཥྚིཾ༴ པ་ཤང་༴ མཱ་ར་ཡ་ཀུ་རུ་ཡེ་སྭཱ་ཧཱ༔ འདི་གཞུང་ན་མི་གསལ་ཡང་དོན་ལ་ཐོབ་པར་འདུག གཞུང་ལྟར་རབ་གནས་བྱས་ལ་གསུམ་ཀ་སྦྲགས་མར་མགུལ་ལམ་མཆན་ཁུང་དུ་བཏགས་སོ༔ དེ་ནས་ཤིང་རིས་ལ་ཡུལ་འཁོར་སྲུང་དཀར་པོ་པི་ཝང་འཛིན་པ༔ འཕགས་སྐྱེས་པོ་སྔོན་པོ་རལ་གྲི་བསྣམས་པ༔ སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན་འཛིན་པ༔ རྣམ་ཐོས་སྲས་སེར་པོ་རྒྱལ་མཚན་དང་ནེའུ་ལེ་བསྣམས་པ༔ བཞི་ཀ་བསེ་ཁྲབ་རྨོག་ཞུ་ཅན་བྲི༔ རྒྱབ་ཏུ༔ ཧཱུྃ༔ ཤར་ཕྱོགས་རྒྱལ་པོ་ཆེན་ཡུལ་འཁོར་སྲུང་༔ ཞི་བའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་དཀར༔ ཞེས་སོགས་ཚིགས་བཅད་དང་༔ ན་མོ་དེང་གི་ཞེས་སོགས་འདོད་གསོལ་འགྲེས་བཤངས་ལ་བྲིའོ༔ ཡང་ཤིང་བྱང་གཉིས་ལ་བདུད་རྩི་འཁྱིལ་པ་ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ་ཕྱར་བ་གཡོན་སྡིགས་མཛུབ་ཅན་དང་༔ གཤིན་རྗེ་གཤེད་མཐིང་ནག་གཡས་བེ་ཅོན་གཡོན་སྡིགས་མཛུབ་


CMR007_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཁྲོ་བོའི་ཆ་ལུགས་རྫོགས་པར་བྲི༔ སྐུ་དྲུག་པོ་འཕྲལ་དུ་ཏིང་ངེ་འཛིན་གྱིས་རབ་གནས་དང་རྟེན་འབྲེལ་སྙིང་པོ་བརྗོད༔ ཐོད་ངན་ནམ་རའི་སོག་པ་ལ་འོག་ཏུ་དམ་སྲིའི་ལིངྒ༔ སྟེང་དུ་རི་རབ་གླིང་བཞི་བྲི༔ མ་རྙེད་ན་ཤོག་གུ་ལ་དམ་སྲིའི་ལིངྒ་དང་རོ་གཡམ་རྡོ་ལེབ་ལ་རི་རབ་གླིང་བཞི་བྲི་བདུད་བཞི་མནན་འཁོར་ཤོག་གུ་ལ་བྲི༔ རྡོ་རྗེ་རྒྱ་གྲམ་འཁོར་ལོ་དེ་མལ་འོག་ཏུ་དོང་བྲུས་པའི་བྲུབ་ཁུང་བཞག་ས་ཡོད་ན་ཚེར་མ་ཅན་གྱི་ཤིང་ལེབ་ལ་གཞུང་ལྟར་བྲི༔ མལ་འོག་ཞ་ལ་དང་ཤིང་གདན་ཡིན་ན་གཉིས་ཀ་ཤོག་གུ་ལ་བྲི་སྟེ་བདུད་བཞིའི་ཙཀྲ་ཕྱི་རོལ་ནས་གྲུ་གསུམ་ཧོ་ཁུང་གི་གཟུགས་བྲི༔ རྒྱ་གྲམ་འཁོར་ལོའི་སྟེང་དུ་ཤོག་གུ་ལ་གཡུང་དྲུང་བྲིའོ༔ ཉུལ་ལེའི་ལིངྒ་བཅུ་ལ་སྙིང་གར་ཏྲི་ལ་ཉུལ་ལེ་ནག་མོ་བྱ་རོག་སྐད་འགྱུར་ཁུག་ཛ༔ ཅེས་སོགས་བཅུ་དམ་སྲིའི་ལིངྒ་དང་བཅུ་གཅིག་མཐར་གྷ་ཏའི་སྔགས་ཀྱིས་བསྐོར་བ༔ དེ་བཅུག་པའི་བྲུབ་ཁུང་ཁ་ལེབ་དང་བཅས་པ་བཅའ༔ སྐྱེར་ཕུར་སོར་བཞི་པ་གཉིས་ལ་བདུད་རྩི་འཁྱིལ་པ་དང་གཤིན་རྗེ་གཤེད་ཀྱི་སྙིང་པོས་ཅུང་ཟད་སྔགས་ལ་འཚག་བྱ༔ སྐྱེར་པའམ་སེང་ལྡེང་ཕུར་པ་མཁྱུད་རེ་ཙམ་པ་བཅུ་ལ་དར་ཁྲོ་བོ་སོ་སོའི་ཁ་དོག་ཅན་རྙེད་ན་རབ་མ་རྙེད་ན་ནག་


CMR007_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཅོད་པན་བཏགས༔ ཕུར་གདན་ས་ལ་གྲུ་གསུམ་ཕུར་པ་རེ་ཅུང་ཟད་བཙུགས་ས་བཅུ་བྱ༔ ཚོན་སྐུད་དྲ་བ་ཁ་དོག་ལྔ་ཁ་མེད་ན་དམར་པོ་དང་རྒྱལ་མཚན་བཞི་མེད་ན་གཟུགས་ཤིང་རིས་ཤོག་གུ་ལ་བྲིས་པ༔ རལ་གྲི་བཞི༔ མེད་ན་ཤིང་ལ་བྱས་པ༔ མདའ་བཞི༔ རྡོ་རྗེ་རྩེ་ལྔ་གཟུངས་ཐག་མེད་ན་ཤིང་ལ་བཟོས་པ༔ དེ་ཡང་མེད་ན་བྲིས་པ༔ རིན་པོ་ཆེ་ཡི་བུམ་པ་གས་ཆག་མེད་པ་བྲེ་གསུམ་འགྲོ་བ་རྙེད་ན་རབ༔ འབྲིང་རྫ་བུམ་དེ་ཙམ་ལ་ཚོན་བྱུག་པ་ལ་རིགས་ལྔའི་ཕྱག་མཚན་བྲིས་པ༔ མ་རྙེད་ན་རྫའམ་རིན་པོ་ཆེའི་བུམ་པ་ཅི་རྙེད་ལ༔ བུམ་རྒྱན་རིགས་ལྔའི་ཕྱག་མཚན་བྲིས་པ་མགུལ་དུ་བཏགས་པའམ༔ མེད་ན་མར་བྱུག་པ་ལ་ཁབ་ཀྱིས་བྲི་བར་བྱའོ༔ མགུལ་ཆིངས་དང་༔ ཁ་རྒྱན་ཀུ་ཤ་རྨ་བྱ་ཤིང་དང་གསུམ༔ མེད་ན་འབྲས་བུ་ཅན་གྱི་ཤིང་༔ གཙོ་ཕུར་ཁྲོ་ཞལ་ཅན༔ རྡུལ་ཚོན་འབྱོར་པ་ཆེ་ན་དུང་གཡུ་སོགས་རིན་པོ་ཆེའི་ཕྱེ་མ༔ འབྲིང་མཚལ་མཐིང་སོགས་ཚོན་བཟང་པོའི་ཕྱེ་མ༔ ཐ་མ་བཙག་སོགས་ས་ཚོན་ལྔ༔ ཡང་ན་ཅོང་ཞིའམ་བབ་བླ་ཡུངས་བ་སོགས་ཀྱིས་ཚོན་བྱས་པ༔ བདུད་རྩི་རིལ་བུ་དང་བྱིན་རླབས་རྟེན་གང་འཛོམ༔ རང་ལ་ནད་རུ་ལྡང་རྒྱུ་ཡོད་


CMR007_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེའི་སྨན་དང་༔ ཚད་སྨན་དུག་སྨན༔ མཆོད་གཏོར་རྒྱུ་སྒྲུབ་ཚེ་འདོགས་པའི་རྒྱགས་ཆུ་སོགས༔ མདོར་ན་སྒྲུབ་པ་ལ་མཁོ་བའི་ཡོ་བྱད་ཐམས་ཅད་སྔ་ཚེ་ནས་སྒྲུབ་ལ་ཐམས་ཅད་འཛོམ་པར་བྱའོ༔ དེ་ནས་རབ་གནས་རི་བཟང་པོ༔ འབྲིང་ས་དཔྱད་ནས་བཤད་པ་དང་སྒྲུབ་ཆེན་ནས་བཤད་པའི་མཚན་ཉིད་ཚང་བ༔ ཐ་མ་རང་ཉིད་གང་དུ་གནས་པའི་ས་མིས་མི་མཐོང་ཞིང་སྤྱོད་ལམ་བདེ་བའི་ས་དེར་སྒྲུབ་རུང་བར་རྒྱུད་སྡེ་རྣམས་ནས་གསུངས་སོ༔ འོན་ཀྱང་གནས་དེར་སྔར་རྨེ་བཙོག་དང་དམ་ཉམས་བསྡད་ས་ཡིན་ན་སྨེ་བརྩེགས་རྣམ་འཇོམས་སོགས་ཀྱི་གཟུངས་ཆུ་གཏོར་མེ་ལོང་ངོས་ལ་ཁྲུས་བྱ༔ གུ་གུལ་སྨེ་བརྩེགས་ཀྱིས་སྔགས་ལ་བདུག་ཅིང་༔ རྫས་རྒོད་ཅི་འཛོམ་བདུག༔ བགེགས་བསྐྲད་དྲག་པོ་ལན་གཉིས་གསུམ་བྱའོ༔ རྨེ་བརྩེགས་ཀྱི་སྦྱིན་སྲེག་འགྲུབ་ན་རབ༔ དེ་ནས་གནས་དེར་སྒྲུབ་ཆེན་ལྟར་ས་སློང་བ༔ བརྟན་མའི་མཆོད་གཏོར་དང་ཆ་གསུམ་བཏང་ནས་སྒྲུབ་ཆེན་ལྟར་ལྟོ་འཕྱེ་བརྩིས་ལ་ས་བརྐོས༔ ཆུ་འགྲམ་དུ་སོང་ལ་ནས་འཐོར་ཞིང་ཆུ་བསླང་ངོ་༔ ས་དཀྱིལ་འཁོར་ཅི་ཙམ་བྱེད་པའི་རྒྱུ་ཙམ་གྲུ་གང་བརྐོས་ས་བཀྲ་བརྟག༔ སླར་ཡང་ས་དེས་དོང་བཀང་ལ་ཁེངས་མ་ཁེངས་


CMR007_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་བརྟག སླར་ས་བསལ་ལ༔ དོང་དེ་ཆུས་བཀང་བ་གོམ་པ་བདུན་ཅུ་ཕྱིར་སོང་ནས་ཚུར་འོང་བས༔ ཆུ་ཧ་ཅང་མ་སྨྲ་ན་བཟང་༔ སྒྲ་དང་བཅས་པར་ཁོལ་ན་ས་བདག་གདུག་པ་ཅན་ཡོད་པས༔ དཀྱིལ་འཁོར་དེར་མི་བྱ་ལོགས་སུ་བྱའོ༔ དེ་ནས་དོང་ནང་ནས་རྩིག་རྨིང་བཞག་ལ་བརྩེགས་ཏེ༔ རབ་འདོམ་གང་༔ འབྲིང་མདའ་གང་གནས་ཧ་ཅང་དོག་དྲག་ན་གྲུ་གང་ཡང་རུང་བ་གྲུ་བཞི་བརྩེགས༔ བའི་ཁ་ཆུ། སྣ་ཆུ། གཅིན། ལྕི་བ། མིག་རྣག་དང་ལྔ་ནི་བ་ཡི་རྣམ་ལྔ་སྟེ༔ བ་དམར་སེར་རམ་དམར་སྐྱ་རྙེད་ན་ལེགས་བའི་ལྕི་བ་སྐམ་པོ་བྱེ་མ་བསྲེས་ལ་ཞ་ལ་དབུས་ཅུང་མཐོ༔ ཤར་ཅུང་ཟད་དམའ་བ་བྱའོ༔ དེ་སྐམ་ནས་དྲི་བཟང་གིས་ཆུས་བྱུག༔ དེ་ནས་ཐིག་རྒྱབ་རོགས་རིག་མ་མཚན་ལྡན་ནམ་བུ་མོ་མགོ་གཙང་ཡོད་ན་རབ་མེད་ན་ཁྱེའུ་གཙང་མ་ལ་རལ་པ་བཀོན་ལ་ཌཱཀིར་བསམས་ལ༔ སྒྲུབ་ཆེན་ལྟར་ཐིག་བཏབ༔ ཐིག་ཚོན་བྱིན་གྱིས་བརླབས་ལ་བྲི་སྟེ༔ རབ་རང་གིས་ཐིག་ཚད་ཤེས་ན་བྲི༔ འབྲིང་རང་གིས་ཚངས་ཐིག་གདབ་ནས༔ དེ་འཕྲོ་ལྷ་བཟོ་ལ་ཁྲི་བཅུག་སྟེ་སྒོ་རྫོགས་ཚང་མ་བྲི༔ ཐ་མ་ནི་ཐུགས་སྒྲུབ་ཀྱི་དཀྱིལ་འཁོར་དཔེའུ་རིས་ལྟར༔ དབུས་


CMR007_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སུ་པདྨའི་ལྟེ་བར་ཐིག་ལེ་དམར་པོ་རྟ་མགྲིན༔ དེའི་སྟེང་དུ་སྨུག་པོ་བུདྡྷ་ཐོད་ཕྲེང་རྩལ༔ དེའི་སྟེང་དུ་ཐིག་ལེ་དཀར་པོ་སྤྲུལ་སྐུ༔ དེའི་སྟེང་དམར་པོ་ལོངས་སྐུ༔ དེའི་སྟེང་དུ་སྔོན་པོ་ཆོས་སྐུ་སྟེ་དབུས་ཐིག་ལེ་ལྔ་བརྩེགས༔ ཕྱོགས་བཞི་ལ་པདྨ་འདབ་བཞི་ལ་ཐོད་ཕྲེང་རྩལ་རིགས་བཞིའི་རང་མདོག་ཐིག་ལེ༔ དེ་རྒྱབ་འདབ་མ་བརྒྱད་ལ་མཚན་བརྒྱད་ཀྱི་རང་མདོག་ཐིག་ལེ་དང་རིན་ཆེན་ཟུར་བརྒྱད༔ དེ་རྒྱབ་འདབ་མ་བཅུ་དྲུག་ལ་༔ ཤར་གྱི་འདབ་མ་བཞི་ལ་ཐིག་ལེ་དཀར་པོ་བཞི༔ ལྷོའི་བཞི་སེར༔ ནུབ་བཞི་དམར༔ བྱང་བཞི་ལྗང་གུ་བྲི༔ སྒོ་བཞི་ལ་སྒོ་མ་བཞི་ལ་ཐིག་ལེ་ཕྱོགས་མདོག ཐ་མ་སྒོ་རྫོགས་མ་ཐུབ་ན༔ དེ་རྒྱབ་ཟླུམ་སྐོར་ཆེན་པོ་ལ་ཕྱོགས་མདོག༔ དེ་རྒྱབ་རྡོ་ར༔ དེ་རྒྱབ་མེ་རི་བྲིའོ༔ གལ་ཏེ་རྡུལ་ཚོན་མ་གྲུབ་པར་རས་བྲིས་ལ་བརྟེན་ན་ས་ཐིག་ཆོག་སྟེགས་བུ་བརྩེགས་པ་ཐམས་ཅད་མི་དགོས་ཏེ། ཤིང་ལེབ་བམ་གཞིའི་སྟེང་དུ་དཀྱིལ་ཐང་བཏིང་ངོ་༔ དཀྱིལ་འཁོར་མ་བྲིས་གོང་ངམ་བྲིས་ཐོན་ནས། ཉིན་གཅིག་ལ་མདོ་ཞལ་ཕྱེས་ལ་ཅི་ཐོན། ཉིན་གཅིག་ཚ་ཚ། ཉིན་གཅིག་ཡིག་བརྒྱ། ཉིན་གཅིག་ཕྱག་སྐོར་བ་རབ་བྱུང་བཞི་དང་། མི་ནག་དང་བྱིས་སྦ་ཅི་འཛོམ་སྤྲང་


CMR007_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ལ། ཅི་འབྱོར་བའི་བཟང་བཏུང་སྟོན་མོ་ཉིན་གཅིག་བྱའོ། །ཞི་བའི་སྦྱིན་སྲེག་གྲུབ་ན་ལེགས་སོ། །གལ་ཏེ་རྡུལ་ཚོན་མ་ཤེས། དཀྱིལ་ཐང་མེད་ན་ཡང་སྒྲུབ་པ་བཤོལ་མི་དགོས་ཏེ། དར་རས་སམ་གཞི་དམར་པོ་གཙང་མའི་སྟེང་དུ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་དེ། དབུས་མ་གཅིག་ལ་ཐོག་གཉིས་ཐོག་མ་ནས་ལན་ལྔ་བླུག་གོ །དེ་ལྟར་དཀྱིལ་འཁོར་རྒྱས་བསྡུས་གང་འགྲུབ་ཀྱང་ཚར་མ་ཐག །སྐོར་བ་བྱེད་པ་ཡོད་ན་སྐོར་བ་བྱེད་ཅིང་། མེད་ཀྱང་དྲིལ་བུ་འཁྲོལ་ཞིང་དཀྱིལ་འཁོར་བསྐོར་ལ་མིག་གིས་བལྟས་ལ་ཡིག་བརྒྱ་དབྱངས་གསལ་ཚར་གསུམ་བརྗོད་ཅིང་། ཧཱུྃ༔ ཆོས་སྐུ་སྐྱེ་མེད་སོགས་སྒྲུབ་ཆེན་ལྟར་གྱེར་ནས། ཆད་ལྷག་ཁ་བསྐང་ངོ་། །དེ་ནས་ཁྱེའུ་མགོ་གཙང་ཕ་མ་འཛོམས་ཤིང་བཙོག་ཕྲུག་མིན་པས། ཆུ་ཆེན་པོ་གང་འབྲེལ་བའི་ཆུའམ། ཆུ་མིག་ཤར་གྱུ་ནས་ཆུ་བླང་བཅུག །བུམ་པར་གུ་གུལ་གྱིས་བདུག །སུམ་བྷ་ནིས་བགེགས་བསྐྲད། རྙེད་ན་བུ་མོ་རིགས་བཟང་གིས་བུམ་པར་བླུག །མ་འཛོམས་ན་རང་ངམ་ཁྱེའུས་བླུག །དེ་ནས་དབང་ཆོག་རྒྱས་པ་ནས་གསུངས་པ་ལྟར། བུམ་སྨན་གྱི་སྔགས་རྣམས་གསུམ་མམ་བདུན་རེ་བརྗོད་ཅིང་བུམ་རྫས་


CMR007_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བླུག །ལོངས་སྐུའི་སྒྲུབ་རྫས་བདུད་རྩི་རིལ་བུ་སྦྲང་བུ་རེ་རེ་མར་དང་སྦྱར་བའི་རིལ་བུ་ཉེར་བདུན་ནམ་ཅི་མང་སྲན་མ་ཙམ་བླུག །ཁ་རྒྱན་མགུལ་ཆིངས་གཟུངས་ཐག་རྡོ་རྗེ་རྣམས་སོ་སོའི་སྔགས་དབང་ཆོག་ལྟར་བརྗོད་ཅིང་བུམ་པ་བརྒྱན་ཏེ། མཉྫིའི་སྟེང་དུ་སྣོད་འབྲུ་བླུགས་པའི་ནང་དུ་བཞག་ལ། དཀྱིལ་འཁོར་དབུས་སུ་བཞག །དེའི་མདུན་དུ་གཏོར་མ་རིན་ཆེན་འབར་བ། བུམ་པའི་གཡས་སུ་བདུད་རྩི་ཨ་མྲྀ་ཏ་བཏབ་པ། གཡོན་དུ་རཀྟ་རྣམས་དང་པོ་བྲན་པས་ཆོག་སྒྲུབ་ཆེན་ནས་གསུངས་པའི་དངོས་གྲུབ་བླང་བའི་རྫས། བྷན་དུམ་བུ་གཅིག་པར་རྫས་རྣམས་ཚང་དང་སྦྱར་ལ་རིལ་བུ་ཆེན་པོ་མང་དུ་བྱས་པས་བཀང་། ཡང་ན་ཐུད་དང་གྲོ་མར་སྦྱར་ཆང་ཅུང་ཟད་བླུག །ཨ་རུ་ར་དང་བཅས། བུམ་པའི་འོག་ཏུ་བཞག ། བཞག་མ་བདེ་ན་རྒྱབ་ཏུ་བཞག །དར་དམར་བཀབ་བོ། །མཆོད་པ་སྐོར་བཤམ་སྤྱི་ལྟར་དང་། དཀྱིལ་འཁོར་འགྲམ་གང་བདེར་སྣོད་འབྲུས་བཀང་བར་ཕུར་པ་ཁྲོ་ཞལ་ཅན་གཅིག་བཞག ;ཧཱུྃ༔ བཀྲ་ཤིས་བུམ་པ་སོགས་རྒྱན་བཀོད་ཚིག་རྣམས་བརྗོད། ཕུགས་གཏོར་ཚང་མ་བཀའ་སྲུང་དང་བཅས་པ་དང་། ཚོགས་གཏོར་འབུལ་སོགས་ལོགས་སུ་གཏོར་སྒམ་


CMR007_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཤམ་ཆོག །དཀྱིལ་འཁོར་དེའི་ཕྱི་ཤིང་སྒམ་བྲེ་སྒྲུབ་པ་ལྟ་བུ་ཐོན་ན་ལེགས། ཡང་ན་ཡོལ་བ་བཙན་པ་བྱས་ཀྱང་རུང་། ཟུར་བཞི་ནས་ཤིང་མདའ་བས་སྦོམ་པ་བཞི༔ དཀྱིལ་འཁོར་རྩ་བ་ནས་དམ་པར་བཙུགས་པའི་རྒྱལ་མཚན་བཞི། མེད་ན་རྒྱལ་མཚན་བྲིས་པ་བཏགས་མདའ་བཞི་ཡང་དེ་ལ་བཅིང་། དེ་ལ་སྟོད་སྨད་ནས་ཐག་པ་ཕྲ་མོ་ཕྱོགས་བཞིར་བྲིས་པ་ལ་ཚོན་སྐུད་དྭ་བ་བྲིས་པ། བུམ་པའི་སྟེང་དུ་ཁྲིའུའམ་མཉྫིའི་ཁར་ཀ་པཱ་ལ་འབྲུས་བཀང་བའི་སྟེང་དུ་སྐུ་འབག་སྐུ་གསུམ་གང་འགྲུབ་དེ་བཤམ་པའི། ཤིང་བྲེ་སྒྲུབ་པ་ལྟར་ཡོད་ན་ཤིང་གི་སྟེང་དུ་མདའ་བཙུགས་པ་ལ་སྐུ་འབག་བཏགས། མདའ་ཡི་རྩ་བར་ཀ་པཱ་ལ་འབྲུས་བཀང་བ་དར་དམར་གྱིས་བཏུམས་པ་བཞག་པའམ། ནམ་མཁར་ཤིང་བུ་གྲུ་གསུམ་བཏགས་ནས་དེར་ཀ་པཱ་ལ་འབྲུས་བཀང་བར་སྐུ་འབག་གང་འགྲུབ་དེ་བཤམ་སྟེ། བཤམ་ལུགས་དེ་གསུམ་གང་བདེ་བྱའོ། །དེ་ལྟར་བཤམ་ཐོན་མ་ཐག་རོལ་མོ་དང་བཅས་སྔགས་ཆས་གང་ཡོད་གྱོན་ལ་སྐོར་བ་བྱེད་ས་ཡོད་ན་དལ་ལ་སྐོར་བ་བྱེད་ཅིང་། མེད་ན་ཡང་ལངས་ལ་དབྱངས་དང་བཅས་པས། རིག་འཛིན་བྱིན་འབེབས་ཚར་གཅིག །གཞལ་ཡས་དོན་བསྟོད་


CMR007_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་གཅིག་འདོན་ནོ། །མཚམས་བསྡམ་པ་ནི།་སྐབས་འདིའམ། གོང་དུ་དཀྱིལ་འཁོར་མ་བྲིས་པའི་སྔོན་དུའམ། དཀྱིལ་འཁོར་བྲིས་ཚར་ནས་བུམ་པ་སོགས་རྫས་མ་བཀོད་པའི་མཚམས་སུ་ཡང་རུང་སྟེ། དང་པོ་དཀར་གཏོར་དྲུག་དམར་གཏོར་གསུམ། བགེགས་གཏོར་བཅས་བཤམས་ལ་སྒྲུབ་ཁང་གི་ཕྱོགས་བཞིར་ཐོ་ཆེ་བ་བཞི་འཛམ་བརྩེགས་བྱས་པའི་རྩེར་རྒྱལ་ཆེན་བཞི་ཁ་ཕྱིར་གྱུ་བ་བྱས་ལ་བཙུགས། སྒོ་རྩར་ཐོ་དཀར་པོ་ཆེ་བ་ཞིག་བརྩེགས། རྫས་རྒོད་དམ་གུ་གུལ་ཡང་ཚག་བྱས། ཐུན་ནམ་ཡུངས་ཀར། རྣམ་འཇོམས་སམ་སྨེ་བ་རྩེགས་ཀྱི་གཟུངས་ཆུ། ཚོགས་གཏོར་འབུལ། བཀའ་སྲུང་མ་ནིང་དམར་གཏོར། མཁའ་རིའི་གཏོར་མ། དེ་རྣམས་འཛོམས་པར་བྱས་ལ། དཀར་གཏོར་གཅིག་གཞི་བདག་སྤྱི་ལ། གཅིག་གནས་དེའི་གཞི་བདག་གཉུག་མར་གནས་པ་ལ་ཕུལ་ནས། བདག་སྒྲུབ་པ་འདི་མཐར་མ་ཐོན་གྱི་བར་དུ་གནས་འདི་བདག་ལ་གཡོར། རུ་ང་ཕྲག་དོག་མ་བྱེད་པར་སྒྲུབ་པའི་སྡོང་གྲོགས་མཛོད། ཕྱིའི་བར་ཆད་ནང་དུ་མ་བཏང་ནང་གི་དངོས་གྲུབ་ཕྱིར་མ་བཏང་། ཁྱོད་ལ་མཐུ་རྩལ་ནུས་པ་ཅི་འདུག་ད་རེས་ལྟའོ། །ཞེས་བརྗོད་ལ་དཀར་གཏོར་གཉིས་པོ་


CMR007_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཙའི་ཐོ་དྲུང་དུ་ཕུལ་ལོ། །དེ་ནས་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་རྣམས་བཀུག་ལ་བགེགས་གཏོར་བྱིན་ནས། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང་སོགས་ཀྱིས་བགེགས་ལ་བཀའ་བསྒོས་ལ་བསྐྱད་དེ། དྲག་སྔགས་ཤེས་ཚད་དྲག་ཏུ་བརྗོད་སྒྲུབ་ཁང་ཉལ་མལ་གོས་དང་བཅས་རྫ་ས་རྒོད་གུ་གུལ་བདུག་གཟུངས་ཆུས་ཡན་ལག་ལྔ་ཁྲུས་བྱའོ། །དེ་ནས་སྤྲོ་ན་སྔགས་ཆས་གྱོན་དུང་སོགས་རོལ་མོ་སྤོས་དང་བཅས་ཐོ་བཞིའི་རྩར་འགྲོ་སྟེ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ རི་རབ་གླིང་བཞིའི་ཤར་ཕྱོགས་ན༔ ཞེས་སོགས་འགྲེས་བཤང་སྟེ༔ ཤར་དུ་ཡུལ་འཁོར་སྲུང་དངོས་སུ་བྲིས་པ་ལྟར་བསྐྱེད་པ་ལ་ཡེ་ཤེས་པ་བསྟིམ། གཏོར་མ་དཀར་གཏོར་ལྟར་བྱིན་རླབས་ལ། ཨོ་དྷིཥྛ་རཱཥྛ་ཡེ་སྭཱ་ཧཱ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨནྡྷཾ་སོགས། ཧཱུྃ༔ ཤར་ཕྱོགས་སོགས་བསྟོད་པ་ན་མོ་དེང་གི་སོགས་ཕྲིན་བཅོལ་རོལ་མོ་སོགས༔ དེ་བཞིན་བཞི་ཀ་ལ་བྱ། དེ་ནས་སྒོ་རྩར་གོམ་པ་བདུན་གྱི་སར་དོང་བྲུས་པར་དམ་སྲིའི་ལིངྒ་བཅུག །བཀུག་གཞུག་ལན་དགུ་བྱ། རྒྱས་པར་སྤྲོ་ན། དམར་གཏོར་གཅིག་བྲན་ལ་བཀའ་བརྒྱད་ཕོ་ཉ་སྒོས་བསྐུལ་རྒྱས་བསྡུས་གང་རུང་ཞིག་བཏོན། དེ་


CMR007_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་ཀྱང་རུང་། ཕུར་འདེབས་རྒྱས་བསྡུས་གང་རུང་ཞིག་བྱས། ཧཱུྃ༔ དམ་སྲི་བྱ་བའི་སོགས་བརྗོད་ས་རིམ་རེ་ལ་རྒྱ་གྲམ་རེ་བྲི་བ་དགུ་བྱ་རོ་གཡམ་བཀབ། མི་མངོན་པས་དམ་དུ་བཅགས་ལ༔ ཧཱུྃ༔ གཅིག་ནི་སོགས་སྒྲུབ་ཆེན་ནང་གི་དེ་དང་༔ ལས་བྱང་གི་རྟ་བྲོ་བཏོན་ཅིང་སྟེང་དུ་བྲོ་བརྡུང་། དེ་ནས་སྒོའི་རྒྱབ་ངོས་སྒོ་ཐོད་ལ་སྐྱེར་ཕུར་དང་བདུད་རྩི་འཁྱིལ་པའི་སྐུ། སྒོ་ནང་སྐྱེ་ཕུར་དང་གཤིན་རྗེ་གཤེད་ཀྱི་སྐུ་བཏགས། བྲིས་པ་ལྟར་བསྐྱེད་ཅིང་བསྟིམ། དམར་གཏོར་གཉིས་ལ་དགྲ་བགེགས་དམ་སྲི་སྒྲུབ་པའི་བར་ཆད་ཐམས་ཅད་བཀུག་བྱས་ལ། དགྲ་བགེགས་ཀྱི་ཤ་ཁྲག་གི་ངོ་བོ་བདུད་རྩིར་བསམས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨནྡྷཾ་སོགས། ཧཱུྃ༔ ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་སོགས་ཕྲིན་ལས་བཅོལ། ཨོ་ཧྲཱིཿཝབྷཱི་ཝི་ཀྲི་ཏ་ན་ན་ཧཱུྃ་ཕཊ༔ ཨི་དཾ་སོགས་ཨགྷཾ་སོགས། ཧཱུྃ༔ ལས་ཀྱི་གཤིན་རྗེ་གཤེད་སོགས་ཕྲིན་ལས་བཅོལ། ཡང་སྔར་ནས་རང་མཚམས་ལ་ཡོད་ན་རྒྱལ་ཆེན་དང་ཁྲོ་བོ་གཉིས་བཙུགས་བཅོལ་ལ། ཁྱིམ་ནས་གཏོར་མ་ཕུལ་རྒྱུ་བསྐུར་ལ། བཀའ་བསྒོ་དམིགས་པ་བྱ། དམ་སྲི་སྔར་མནན་ན་དེས་ཆོག །དེ་


CMR007_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱི་སྒོའི་ཡ་ཐེམ་ལ་དམ་ཡིག་སྤུ་ཁྲིད་ལྟར་བྲིས་ལ་སྦྱར། རྒྱས་པར་སྤྲོ་ན་སྒྲུབ་ཁང་ནང་གི་ཕྱོགས་བཞིར། སྒོ་མ་བཞིའི་གཟུགས་བྲིས་པའི་ཤིང་བྱང་སྔགས་དང་བཅས་པ་བཀོད་ལ་གཏོར་མ་ཕུལ་ཕྲིན་ལས་བཅོལ་ལོ། །དེ་མ་བྱས་ཀྱང་ཆོག་གོ །བྲུབ་ཁུང་གཅིག་ཏུ་དམ་སྲི་དང་ཉུལ་ལེའི་ལིངྒ་བཅུག་བཀུག་གཞུག་བྱས་ཁ་བཅད་ལ་ཕུར་པ་བཙུགས་ནས་བཞག་ཡོད་ན་བོང་མཇེ་ལ་ལུག་མགོ་སྦྱར་བའི་ཐོ་བ་དང་མི་ལྤགས་ཀྱི་ལྕག་འབྲས་བཏགས་པའི་ལག་ངར་དེར་བཤམ་མེད་ན་ཕུར་པ་དེས་ཆོག་གོ །དེ་ནས་རང་གི་འདུག་ས་གྲྭ་ཁྲི་ཡིན་ན་འོག་ཏུ་བྲུབ་ཁུང་ཆུང་ངུ་ཞིག་བཅས་ལ་བཞག །དེའི་ནང་དུ་བདུད་བཞིའི་ལིངྒ་བཞག་ལ་བཀུག་གཞུག་བྱས།་འོག་ས་གདན་ཡིན་ན་དོང་གྲུ་གསུམ་བྲིས་པར་བཞག །དེ་གཉིས་གང་ཡིན་ཀྱང་ཚེར་མ་ཅན་གྱི་ཤིང་དང་མནན་པའི་རྡོརྗེ་རྒྱ་གྲམ་འཁོར་ལོ་བྲིས་པ་དེས་ཁ་བཀབ་བོ། །འོག་ཞ་ལ་ཤིང་གདན་ཡིན་ན་སྟན་འོག་ཏུ་བདུད་བཞིའི་ལིངྒ་གན་རྐྱལ་དུ་བཞག་ལ་བཀུག་གཞུག་བྱས། དེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་འཁོར་ལོ་བྲིས་པས་ཁ་སྦྱར་ལ་བཞག །དེའི་སྟེང་དུ་གདན་འགུལ་འཆུག་མི་རུང་བས་ལེགས་པར་བཏིང་། དེའི་སྟེང་དུ་ས་དཀར་གྱི་གཡུང་དྲུང་


CMR007_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་འཁྱིལ་བྲི། ཡང་ན་ཤོག་གུ་ལ་བྲིས་ལ་བཞག །དེའི་སྟེང་དུ་སྟན་བདེ་ཚེ་གཅིག་བཏིང་། སྟེང་དུ་ཐོག་ཕུབ་འཁོར་ལོ་བླ་བྲེ་ལྟར་ཕུབ་ལ་བཞག །ཟན་ནམ་ས་སྤྲིན་ལ་མ་ཏྲི་རུ་ཏྲའི་གཟུགས་བྱས་གན་རྐྱལ་མགོ་བོ་ལྷོ་ནུབ་ཏུ་བསྟན་ལ་དཀྱིལ་འཁོར་གྱི་ལྷོ་ནུབ་ཏུ་བཞག །བཀུག་གཞུག་བྱས་རྔ་རོལ་མོ་བྱ། ཕུར་པ་ཐོགས་ལ། ཧཱུྃ༔ མ་ཏྲི་བྱ་བའི་སོགས་བརྗོད་ཕུར་པས་བསྒྲལ་རོ་དེ་དཀྱིལ་འཁོར་ལྷོ་ནུབ་ཏུ་བཞག་མགོ་བཅད་ལ་དལ་གྱི་ཤར་ངོས་རྩ་བར་མནན་ནས། རང་རུ་ཏྲའི་སྲོག་རྩའི་ནང་དུ་ཞུགས་ནས་རུ་ཏྲའི་མགོ་བོ་ཐེམ་པའི་འོག་ཏུ་མནན་པས། རུ་ཏྲའི་ཕུང་པོ་དེ་དུར་ཁྲོད་ཆེན་པོ་བརྒྱད་དང་བཅས་པའི་གཞལ་ཡས་ཁང་དུ་གྱུར་པར་བསམ་མོ། །དེ་ནས་ཕུར་པ་བཅུ་ཁྲོ་བོ་བཅུར་བསྐྱེད་བསྟིམ་བྱས་ཏིང་ངེ་འཛིན་གྱི་དབང་བསྐུར་ལ། ཧཱུྃ༔ སྟེང་འོག་སོགས་ཚིགས་བཅད་བརྗོད་ནས། དཀྱིལ་འཁོར་གྱི་ཕྱི་རིམ་མེ་རིའི་རྒྱབ་ཏུ་ཕུར་གདན་ས་གྲུ་གསུམ་རྣམས་བཀོད་པ་ལ། ཁྲོ་བོ་བཅུ། སྟེང་འོག་གི་ཁྲོ་བོ་གཉིས་ཤར་དང་ནུབ་ཏུ་བྱས་ལ་བཀོད་དོ། །སྔགས་ནི་ཕུར་པའི་མཚམས་བཅད་ནས་ཚུར་ཁ་སབ་བོ། །དེའི་གོ་བ་རྡུལ་ཚོན་དཀྱིལ་འཁོར་དང་སྒྲུབ་གནས་ཐ་མི་དད་ཅིང་རང་ཉིད་ཤར་


CMR007_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

སྒོའི་དྲུང་དུ་གནས་པར་བསྒོམ་རྒྱུ་ཡིན་པའི་ཕྱིར་རོ། ཡང་སྒྲུབ་ཁང་གི་ཕྱོགས་མཚམས་སུ་འདེབས་ལ་ནུབ་ཏུ་སྟེང་ལྷོ་ནུབ་ཏུ་འོག་གི་ཕུར་པ་འདེབས་པའི་ལུགས་ཤིག་ཀྱང་སྣང་ངོ་། །དེ་གཉིས་གང་རུང་བྱའོ། །དེ་ལྟར་སྟ་གོན་མ་ལུས་པ་ཐམས་ཅད་ཚར་ནས། དཀྱིལ་འཁོར་ཐམས་ཅད་མི་དམིགས་པ་ལས་རྒྱལ་བའི་དཀྱིལ་འཁོར་ཡོངས་རྫོགས་སྒྲུབ་ཁང་དང་དབྱེར་མེད་དུ་བསྒོམ་ལ། རྩ་བ་གསུམ་གྱི་དཀྱིལ་འཁོར་དཔག་མེད་སྤྱན་དྲངས་ལ་བསྟིམ་མཆོད་རྫས་རྣམས་ལ་ཡང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་མཆོད་རྫས་སྤྱན་དྲངས་ལ་བསྟིམས་ནས། ཐལ་སྦྱར་དབྱངས་དང་བཅས་པས། ཧཱུྃ༔ ཆོས་སྐུ་སྤྲོས་བྲལ་སོགས། སྒྲུབ་ཆེན་ནང་གི་བྱིན་འབེབས་ཚར་བདུན་གསུམ། རིག་འཛིན་བྱིན་འབེབས་ཚར་གཅིག་རོལ་མོ་དབྱངས་དང་བཅས་པས་བྱའོ། །དེ་ནས་བུམ་པ་ཁའི་གཟུངས་ཐག་སྣེ་རང་གི་ལེན་ཏེ་འཇུ་རུང་ཙམ་དུ། ཕྱི་རོལ་ཚུར་ཅུང་ཟད་དུ་སྣར་ལ་བཞག །དེ་མིན་དངོས་གྲུབ་ལེན་དུས་བར་དཀྱིལ་འཁོར་ཞལ་ཕྱེ་མི་དགོས་པས། འདི་སྒྲུབ་ཆེན་དངོས་དང་བཤམ་ལུགས་མི་གཅིག་སྟེ་ནང་གི་མཆོད་པ་སྣ་བདུན་སྐོར་བཤམ་དེ་བརྗེ་མི་དགོས། འབྱོར་ན་ཕུགས་གཏོར་མདུན་


CMR007_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མེ་ཏོག་སོགས་སྣ་བདུན་སྐབས་སུ་རྗེ་རྒྱུ་ཚར་གཅིག་བཤམ། ཡོལ་བའི་ཁ་ལེབ་བརྒྱབ་ལ་བྱི་བས་མི་གནོད་པར་བྱས་ལ་བཞག །སྟ་གོན་གྱི་གོ་རིམ་འདི་རྣམས་ལག་ཏུ་བླང་ཅི་བདེ་ཡིན་པས་འདི་ལྟར་བྱས་ན་བདེ་ཞིང་ཡང་སྒྲུབ་ཆེན་གཞུང་གི་གོ་རིམ་ཇི་ལྟར་བ་བྱས་ཀྱང་ལེགས། དེ་ཡང་ཐུགས་སྒྲུབ་ཀྱི་སྒྲུབ་ཆེན་དང་སྨན་སྒྲུབ་ཀྱི་སྒྲུབ་ཆེན་དང་། སྐུ་གསུམ་སྒྲུབ་པའི་སྒྲུབ་ཆེན་དབང་གི་སྒྲུབ་ཆེན་རྣམས་རྡུལ་ཚོན་དང་འབྲེལ་ན། སྒྲུབ་ཆེན་ཁོག་དབུབ་ནས་གསུངས་པ་ལྟར་གོ་རིམ་མ་འཆུག་པ་བྱའོ། །རྣལ་འབྱོར་པ་ཅིག་གིས་སྐུ་གསུམ་སྒྲུབ་པ་སྒྲུབ་ཆེན་གྱི་ཁོག་ཕུབ་ནས་བྱེད་པ་དང་། རས་བྲིས་ལ་བརྟེན་པ་སོགས་ལ། སྒྲུབ་ཆེན་ཁོག་དབུགས་ཀྱི་དཀྱིལ་འཁོར་གྱི་གོ་རིམ་ཇི་ལྟ་བ་མི་དགོས་འདི་ལྟར་ལག་ཏུ་བླང་ཅི་བདེར་ཆོག་གོ །སྟ་གོན་གྱི་ཟིན་བྲིས་མཐར་ཕྱིན་ཡང་དག་སོགས་འགའ་ཞིག་ལ་ཕན་ཕྱིར། ཨ་རཱ་གས་བྲིས་པ་ལ་ཉེས་པ་གང་མཆིས་བཤགས་ཤིང་། དགེ་བས་འགྲོ་ཀུན་བླ་མ་སྐུ་གསུམ་འགྲུབ་པར་གྱུར་ཅིག །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་གབ་སྦས་སྤང་བ་རིན་ཆེན་ཤོག་འདྲ་ལས་སྒྲུབ་ཆེན་གྱི་ཁོག་དབུབ་སྔོན་འགྲོ་སྟ་གོན་གྱི་རིམ་པ།next