Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ དོགས་གཅོད་ཅུང་ཟད།
   


 
previousབླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ དོགས་གཅོད་ཅུང་ཟད།next

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ དོགས་གཅོད་ཅུང་ཟད།


CMR007_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ དོགས་གཅོད་ཅུང་ཟད་བཞུགས་སོ།


CMR007_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས་དོགས་གཅོད་ཅུང་ཟད་ཡོད༔ དེ་ལ་འདི་ནི་བཤད་པའི་ཆོས་མ་ཡིན་སྒྲུབ་པ་ཉམས་ལེན་གྱི་ཆོས་ཡིན་པས་བཤད་པ་མང་པོ་མི་འཚལ་ལག་ལེན་གཏན་ལ་འབེབས་པ་གལ་ཆེ༔ ལོ་རྒྱུས་དང་ཕན་ཡོན་མང་པོ་ཡི་གེའི་འཇིགས་པས་དེར་མི་བཤད་དེ༔ དོན་ལུ་ཨོ་རྒྱན་རིན་པོ་ཆེ་འདི་སངས་རྒྱས་འོད་དཔག་མེད་ཉིད་ཀྱི་སྐུའི་རྣམ་འགྱུར་ཡིན་གྱི་གཞན་ཞིག་ཏུ་སེམས་པར་མི་བྱའོ༔ དེ་ཅེས་ཤེས་ཞེ་ན་ཚེ་སྒྲུབ་གསང་འདུས་ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་ལ་སོགས་ཀྱི་སྒྲུབ་གཞུང་ཐམས་ཅད་ལ་ལེགས་པར་ལྟོས་དང་༔ ཚེ་དཔག་མེད་སྒྲུབ་པའི་སྔགས་


CMR007_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་ཕལ་ཆེར་བཛྲ་གུ་རུ་སོགས་ཨོ་རྒྱན་གྱི་སྔགས་སུ་གསལ་ཞིང་༔ གསོལ་འདེབས་དུས་ཀྱང་ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད་ཅེས་སོགས་ཨོ་རྒྱན་ལ་གསོལ་བ་བཏབ་པ་ཉིད་ཚེ་དཔག་མེད་ཀྱི་གསོལ་འདེབས་སུ་བྱས་པ་དང་༔ འདིར་ཨོ་རྒྱན་བླ་མ་ལོངས་སྐུར་སྒྲུབ་པ་འདི་ཉིད་ཚེ་དཔག་མེད་ཉིད་དུ་སྒྲུབ་པར་གསལ་བ་དང་༔ བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་གྱི་གཙོ་བོ་དེ་ཡང་པདྨ་བཛྲ་ཡུམ་མནྡ་ར་བ་ཞེས་པ་ཡང་ཚེ་དཔག་མེད་ཁྲོ་བོར་བཞེངས་པ་དགོངས་འདུས༔ དེ་ཡང་ཨོ་རྒྱན་ཉིད་དུ་གསལ་བར་སྣང་བ་དང་༔ ཉང་གི་གཏེར་ཁ་སོགས་ནས་སྣང་བ་མཐའ་ཡས་


CMR007_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་འགྲོ་བའི་དཔལ་དུ་ཤར་ཞེས་སོགས་སྣང་བ་མཐའ་ཡས་སུ་གསུངས༔ ངེས་པའི་རྒྱུ་མཚན་རྣམས་གོ་བར་བྱས་ལ༔ མདོ་སྡེ་པདྨ་དཀར་པོ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་ཐུགས་བསྐྱེད་ཚུལ༔ དཀོན་མཆོག་བརྩེགས་པའི་ལེའུ་འོད་དཔག་ཏུ་མེད་པའི་མདོ་སྡེ་ལས་དགེ་སློང་ཆོས་ཀྱི་དབང་ཕྱུག་ཐུགས་བསྐྱེད་ཚུལ་ལ་སོགས་པ་དེ་རྣམས་སྐུ་གསུམ་སྒྲུབ་པའི་སྔོན་བྱུང་གི་ལོ་རྒྱུས་རྒྱས་པ་ཡིན་པར་ཤེས་པར་བྱའོ༔ དེ་ཡང་ཚེ་དཔག་མེད་དང་འབྲེལ་བའི་ལོ་རྒྱུས་དེ་དག་ལོངས་སྐུར་སྒྲུབ་པའི་ལོ་རྒྱུས་དང་༔ སྔོན་ཀུན་ཏུ་བཟང་པོ་སོགས་རྫོགས་པ་ཆེན་པོའི་སྟོན་པ་བཅུ་གཉིས་བྱོན་ཅིང་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཇི་ལྟར་གསུངས་ཚུལ་གྱི་ལོ་རྒྱུས་ཐམས་ཅད་ཆོས་སྐུ་སྒྲུབ་པའི་ལོ་རྒྱུས་དང་༔ ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས་འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་སྐུ་སངས་རྒྱས་སྟོང་རྩ་གཉིས་དང་སངས་རྒྱས་སྟོང་གི་ཡང་སྐུ་སྐྱེའི་ཚུལ་དུ་ཨོ་རྒྱན་དེ་ཉིད་སྤྲུལ་པ་དང་༔ རྒྱལ་པོ་སྲོང་བཙན་དང་རྒྱ་བཟའ་བལ་བཟའ་ཡང་བྱེ་བ་ཕྲག་བརྒྱ་རེ་དང་ཡང་སྤྲུལ་རྒྱ་བོད་ཀྱི་པཎ་གྲུབ་གྲངས་ལས་འདས་པ་བྱོན་ཚུལ་རྣམ་ཐར་ཐམས་ཅད་སྤྲུལ་སྐུར་སྒྲུབ་པའི་སྤྱིའི་ལོ་རྒྱུས་དང་༔ བཀའ་ཐང་རྒྱས་བསྡུས་


CMR007_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བྱེ་བྲག་མཚན་པདྨ་འབྱུང་གནས་སུ་གྲགས་པའི་ལོ་རྒྱུས་ཡིན་པར་ཤེས་པར་བྱའོ༔ འདི་བསྒྲུབ་པའི་ཚེ་རྣལ་འབྱོར་པ་ཐོས་པ་ཧ་ཅང་མི་ཆེ་བ་དག་སྒྲུབ་ཐབས་འདི་ལེགས་ལེགས་འདྲ་ཡང་༔ རྒྱུད་གཞུང་ཆེན་རྣམས་སུ་མ་གྲགས་པས་ཅི་ཡིན་ཆ་མེད་སྙམ་དུ་ཐེ་ཚོམ་སྐྱེ་ཤིང་༔ དེས་གེགས་བྱས་ཏེ་མི་འགྲུབ་པའི་རྐྱེན་དུ་འགྱུར་བས༔ ཐེ་ཚོམ་གྱི་དོགས་པ་བསལ་བ་འདི་ནི་ཐེག་པ་ཆེ་ཆུང་མདོ་རྒྱུད་ཐམས་ཅད་ཀྱི་དོན་གཅིག་ཏུ་བསྡུས་པ་ཡིན་ནོ༔ དེ་ལ་ཆོས་སྤྱོད་སྔོན་འགྲོའི་དལ་འབྱོར་རྙེད་དཀའ༔ འཆི་བ་མི་རྟག་པ་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས༔ སྐྱབས་འགྲོ་གསུམ་ལས་ཕྱིའི་སྐྱབས་འགྲོ་དེ་རྣམས་ཀྱིས༔ བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོའི་དོན་ཐམས་ཅད་ཚང་༔ ཕྱི་ཉན་ཐོས་ལུགས་ཀྱི་ཉམས་ལེན་གྱི་རྩ་བ་ཡང་ཚང་སྟེ༔ སྒྲུབ་ཆེན་སྟ་གོན་དབང་གི་སྔོན་འགྲོའི་སྐབས་སུ༔ དགེ་ཚུལ་དགེ་སློང་སོགས་སོ་ཐར་སྡོམ་པ་ཁས་ལེན་འབྱུང་བ་ཡང་དེའི་དོན་ཡིན༔ འོ་ན་དགེ་ཚུལ་བསྲུང་བྱ་བཅུ་དགེ་སློང་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཅི་ལྟ་བ་མ་བསྲུངས་ན་ལྟུང་བ་འབྱུང་ངམ་ཞེ་ན༔ དེ་ཅི་ལྟ་བར་རྣམ་གྲངས་ཚང་བར་སྲུང་བ་མ་ཡིན་ཏེ༔ གཞན་ལ་གནོད་པ་གཞི་དང་


CMR007_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་སྤང་བ་དེ་ལ་སོ་ཐར་སྡོམ་པ་ཐམས་ཅད་འདུས་པས་རྩ་བ་དེ་སྲུང་བའོ༔ དེ་ཡང་སོ་ཐར་གྱི་ཉམས་ལེན་རྩ་བ་སྐྱབས་འགྲོ་ཡིན་པས་དེ་རྒྱུན་དུ་ཉམས་སུ་ལེན༔ ལྟ་བ་སྟོང་ཉིད་ཡིན་སྤྱོད་པ་དགེ་བཅུ་སྒྲུབ་མི་དགེ་བཅུ་སྤང་པ་ཡིན་པས་དེ་ཐམས་ཅད་ཚང་བ་ཡིན་ནོ༔ བཀའ་བར་པ་མཚན་ཉིད་མེད་པ་དང་བཀའ་ཐ་མ་ངེས་པར་རྣམ་པར་འབྱེད་པའི་ཆོས་ཀྱི་འཁོར་ལོའི་དོན་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕར་ཕྱིན་དྲུག་ལ་བསླབ་པ་སྟེ༔ སེམས་བསྐྱེད་ནི༔ ན་མོ་འགྲོ་དྲུག་ཅེས་སོགས་ཉིན་རེ་བཞིན་སེམས་བསྐྱེད་དེ་ཡིན་ནོ༔ སྔོན་འགྲོ་སོགས་མཆོད་གཏོར་ནི་སྦྱིན་པ༔ དམ་ཚིག་སྲུང་བ་ནི་ཚུལ་ཁྲིམས༔ སྒྲུབ་པའི་དཀའ་ཚེགས་བཟོད་པ་ནི་དཀའ་བ་དང་ལེན་གྱི་བཟོད་པ༔ སྒྲུབ་པ་ལ་བརྩོན་པ་བརྩོན་འགྲུས༔ ཏིང་ངེ་འཛིན་གྱི་འོད་ཟེར་སྤྲོ་བསྡུ་སོགས་བསམ་གཏན༔ སྟོང་ཉིད་སྟེང་དུ་བཞག་པ་ཤེས་རབ་སྟེ་ཕར་ཕྱིན་དྲུག་ཚང་བས་མཚན་ཉིད་ཀྱི་དོན་ཐམས་ཅད་འདུའོ༔ གཙང་སྦྲ་དང་བཅས་པའི་མཆོད་གཏོར༔ ངོ་མི་གཏུག་གྲིབ་ལ་འཛེམ་པ་སོགས་བྱ་རྒྱུད་ཀྱི་དོན་ཚང་༔ མདུན་བསྐྱེད་ལ་དངོས་གྲུབ་འདོད་ཕྱིར་མཆོད་བསྟོད་སོགས་སྤྱོད་རྒྱུད་གྱི་དོན་ཚང་༔ རང་དམ་ཚིག་པ་ལ་ཡེ་


CMR007_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་སྤྱན་འདྲེན་བསྟིམ་སོགས་རྣལ་འབྱོར་རྒྱུད་ཀྱི་དོན་ཚང་བ་ཡིན་ནོ༔ དེ་ཡང་སྤྲུལ་སྐུར་སྒྲུབ་པ་བསྐྱེད་རིམ་འོད་ཟེར་སྤྲོ་བསྡུ་ལས་བཞིའི་སྦྱིན་སྲེག་སོགས་གཙོ་ཆེ་བས༔ ཕ་རྒྱུད་དང་བསྐྱེད་པ་མ་ཧཱ་ཡོ་གའི་དོན་ཐམས་ཅད་འདུས༔ ལོངས་སྐུར་སྒྲུབ་པ་ལུས་དཀྱིལ་དང་བྱང་སེམས་ཀྱི་བདེ་བས་ལུས་བཀང་བ་སོགས་བདག་ལུས་གཙོ་ཆེ་བས་མ་རྒྱུད་དང་ལུང་ཨ་ནུ་ཡོ་གའི་དོན་ཐམས་ཅད་འདུས༔ ཆོས་སྐུར་སྒྲུབ་པ་ཡེ་ནས་ལྷུན་གྲུབ་ཐབས་ཤེས་ཟུང་འཇུག་འབྲས་བུ་སྟོང་ཉིད་སྙིང་རྗེ་དབྱེར་མེད་གཙོ་ཆེ་བས་གཉིས་མེད་རྒྱུད་དང་ཨ་ཏི་རྫོགས་པ་ཆེན་པོའི་དོན་འདུས་སོ༔ འོ་ན་འདི་མདོ་རྒྱུད་ཀྱི་དོན་མན་ངག་གི་བསྡུས་པ་ཁོ་ན་ཡིན་ནམ༔ འདི་རང་ལ་རྒྱུད་གཞུང་ཡོད་དམ༔ རྒྱུད་གཞུང་གང་གི་རྗེས་འབྲང་ལུང་ཁུངས་སྨོས་རྒྱུ་ཡོད་དམ་མེད་ཅེ་ན༔ འདི་ལ་ལུང་རྒྱབ་འདྲེན་པ་དང་༔ ལུང་ཁུངས་དངོས་སྨོས་པ་དང་དོན་དམ་པར་ཆོས་འདི་རྒྱུད་གཞུང་གི་ལུང་ལ་ལྟོས་མི་དགོས་གཅིག་རྐྱ་ཕེར་ཚུལ་དང་གསུམ་ལས༔ དང་པོ་ལུང་རྒྱབ་སྨོས་ཚུལ་ནི༔ བཀའ་དང་པོ་བདེན་བཞིའི་ཁོངས་སུ་གཏོགས་པ་ཐེག་པ་ཐུན་མོང་བའི་མདོ་སྡེ་རྣམས་དང་འདུལ་བ་ལུང་སྡེ་བཞི་རྣམས་ནས༔ དགེ་འདུན་ལ་བཀུར་སྟི་བྱས་


CMR007_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕན་ཡོན༔ ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་ཅིང་བསྙེན་བཀུར་བའི་ཕན་ཡོན༔ དགེ་བའི་བཤེས་གཉེན་ལ་མཆོད་པའི་ཕན་ཡོན༔ རྒྱུད་སྡེ་ཆེན་པོ་ཐམས་ཅད་ནས༔ བླ་མ་རྡོ་རྗེ་སློབ་དཔོན་མཆོད་པའི་ཕན་ཡོན༔ གསོལ་བ་བཏབ་པའི་ཕན་ཡོན༔ བླ་མ་ལ་མོས་གུས་བྱས་པའི་ཕན་ཡོན༔ ཇི་སྐད་གསུངས་པ་ཐམས་ཅད་ནི༔ བླ་མ་སྤྲུལ་སྐུར་སྒྲུབ་པའི་ལུང་རྒྱབ་ཏུ་འདྲེན་ནོ༔ དེ་ཅིའི་ཕྱིར་ཞེ་ན༔ ཨོ་རྒྱན་རིན་པོ་ཆེ་ནི་སྟོན་པའི་བསྟན་པ་འདི་ལ་ཉན་ཐོས་རྣམས་ཀྱི་མཆོག་འཕགས་པ་ཀུན་དགའ་བོའི་མཁན་བུ་ཡིན་པས་དགེ་འདུན་གྱི་མཆོག་ཡིན༔ བྱང་ཆུབ་སེམས་དཔའ་པཎྜི་ཞེས་སུ་གྲགས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ཡིན༔ མ་ཧཱ་ཡོ་གའི་རྒྱུད་མང་པོ་ནས་རྒྱུད་གྱི་འགྲེལ་བྱེད་རྡོ་རྗེ་སློབ་དཔོན་དུ་ལུང་བསྟན་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་ཡིན་པའི་ཕྱིར་རོ༔ བཀའ་དང་པོའི་མདོ་རྣམས་དང་༔ ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་ཐོས་པའི་ཕན་ཡོན༔ སངས་རྒྱས་ཡིད་ལ་བྱས་པའི་ཕན་ཡོན༔ མཆོད་པའི་ཕན་ཡོན་ཇི་སྐད་གསུངས་པ་ཐམས་ཅད་དང་༔ རྒྱུད་སྡེ་ཐམས་ཅད་ནས་བསྐྱེད་རྫོགས་དང་རྩ་རླུང་


CMR007_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་ཕན་ཡོན་ཇི་སྐད་གསུངས་པ་ཐམས་ཅད་ལོངས་སྐུར་སྒྲུབ་པའི་ལུང་རྒྱབ་ཏུ་འདྲེན་ནོ༔ ཁྱད་པར་འོད་དཔག་མེད་ཀྱི་ཞིང་བཀོད་ཀྱི་མདོ་བདེ་བ་ཅན་གྱི་ཞིང་བཀོད་ཀྱི་མདོ༔ ཚེ་མདོ༔ འཆི་མེད་རྔ་སྒྲའི་གཟུངས༔ ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་རྣམས་སངས་རྒྱས་ཚེ་དཔག་མེད་མདུན་དུ་བཞུགས་པར་བསྒོམ་པ་ཞིང་དེར་སྐྱེ་ཚུལ་གསུངས་པ་དང་༔ ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་སོགས་རྙིང་མའི་རྒྱུད་དུ་མ་ནས་ཚེ་དཔག་མེད་སྒྲུབ་ཐབས་གསུངས་པ་དང་༔ ཁྱད་པར་ཡོ་ག་ཚེ་རྒྱུད་ཏན་ཏྲ་བཅོ་བརྒྱད་ཡོད་པར་བཤད་པ་དང་༔ གསར་མའི་རྒྱུད་གསང་བ་འདུས་པ་སོགས་དུ་མ་ནས་སངས་རྒྱས་འོད་དཔག་མེད་ཀྱི་བསྐྱེད་རིམ་སྔགས་སྒྲུབ་ཐབས་དུ་མ་གསུངས་པ་དང་༔ རྩ་རྒྱུད་འབུམ་པ་བཤད་རྒྱུད་འོད་ཟེར་དྲྭ་བ་ཞེས་རྒྱུད་ཆེན་པོ་ཡོད་པར་བཤད་པ་རྣམས་ལོངས་སྐུར་སྒྲུབ་པའི་ལུང་རྒྱབ་ཡིན་ལ་ལུང་དངོས་སུ་ཡིན་བྱས་ཀྱང་མི་འགལ་བ་ཡིན་ནོ༔ རྒྱས་འབྲིང་རྣམ་གསུམ་སོགས་སྟོང་ཉིད་སྟོན་པའི་མདོ་སྡེ་ཐམས་ཅད་དང་༔ གསང་བ་བསམ་གྱིས་མི་ཁྱབ་པ་དང་༔ གསང་བ་མཛོད་ལ་སོགས་ལྟ་བ་གཙོ་བོར་སྟོན་པའི་རྒྱུད་རྣམས་དང་༔ རྫོགས་


CMR007_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའི་རྒྱུད་བཅུ་བདུན་ལ་སོགས་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐམས་ཅད་ནི་བླ་མ་ཆོས་སྐུར་སྒྲུབ་པའི་ལུང་རྒྱབ་ཡིན༔ ལུང་དངོས་སུ་ཡིན་བྱས་ཀྱང་མི་འགལ་ལོ༔ འོ་ན་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཕལ་ཆེ་བ་སྐུ་གསུམ་སྒྲུབ་པའི་ལུང་གི་རྒྱབ་སྐྱོར་དུ་འདྲེན་ན༔ ལུང་དངོས་དེ་གང་ཡིན་ཞེ་ན༔ དེ་ལ་དང་པོ་ཐུགས་སྒྲུབ་ཀྱི་སྒྲུབ་ཆེན་ཁོག་དབུབ་ཆེན་པོ༔ དེ་ལ་འབྲེལ་པའི་ལས་བྱང་མང་བ༔ དེ་ལ་འབྲེལ་བའི་གཞལ་ཡས་ཁང་བསྟོད༔ འཛབ་བསྟོད་དབང་རྒྱས་པ༔ མཆོག་དབང་གསུམ་དང་བཅས་པ་དེ་རྣམས་ནི་རིག་འཛིན་འདུས་པའི་རྩ་རྒྱུད་ཆེན་པོ་ལ་བརྟེན་ནས་མཛད་དོ༔ རྩ་རྒྱུད་དེ་ཐུགས་སྒྲུབ་ཀྱི་རྒྱུད་ལ་སྦྱར་བ་ཡིན་ཞེ་ན་སྦྱར་བ་ཡང་མ་ཡིན་ཏེ༔ དོན་དམ་པ་འདིའི་རྒྱུད་དངོས་ཡིན་ཏེ༔ བཀའ་བརྒྱད་ཀྱི་ལྷོ་ནུབ་རིག་འཛིན་སློབ་དཔོན་གྱི་དཀྱིལ་འཁོར་གྱི་གཙོ་བོ་རིག་འཛིན་ཐོད་པ་རྩལ་ཟེར་བ་དེ་ཨོ་རྒྱན་ཉིད་ཀྱི་མཚན་གྱི་རྣམ་གྲངས་ཡིན་ཏེ་རིག་འཛིན་ཐོད་ཕྲེང་ཞེས་པའི་ཚིག་དེ་ཅུང་ཟད་བསྡུས་པས་ཐོད་པ་རྩལ་ཟེར་བ་ཡིན་ཏེ༔ དེའི་དགེ་བ་དེ་བསྐྱེད་ཕྱིར་མཁས་གྲུབ་ཆེན་པོ་ལུང་རིགས་ཉི་མས༔ ཐུགས་སྒྲུབ་ཀྱི་བཀྲ་ཤིས་དེ་གསུང་དུས་ཤིག་བདག་ལ་གཟིགས་ཤིང་བཞད་ནས༔


CMR007_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུའི་བཀྲ་ཤིས་རིག་འཛིན་ཐོད་པ་རྩལ་ཞེས་གསུངས་པ་ཙམ་གྱིས་བདག་ལ་དེའི་གོ་བ་སྐྱེས༔ དེའི་གསུང་གླེང་ལུང་མ་བྱུང་ཡང་ཕྱིས་རྒྱུད་གཞུང་ལ་ཡང་དེ་ལྟར་གསལ་བར་སྣང་ངོ་༔ དེས་ན་བཀའ་བརྒྱུད་བྱེ་བྲག་ཆེ་མཆོག་དཔལ་དགུ་སོ་སོ་ལ་རྩ་རྒྱུད་རེ་རེ་ཡོད་པ་ལས༔ ཐུགས་སྒྲུབ་གཞུང་པོད་འདི་ནི་རིག་འཛིན་འདུས་པའི་རྩ་རྒྱུད་ལ་བརྟེན་ནས་མཛད་པ་ཡིན་ཏེ༔ དེ་ཡིན་ཟེར་བ་གཞུང་རང་ན་གསལ་ལོ༔ སྐུ་གསུམ་སྒྲུབ་པ་ལ་རྒྱུད་སུམ་བརྒྱ་དང་ཉེར་བཞི་ཡོད་པར་བཤད་དེ༔ གནས་བདེ་བ་ཅན་དུ་སྟོན་པ་སྣང་བ་མཐའ་ཡས་ཞུ་བ་པོ་སྤྱན་རས་གཟིགས༔ དུས་ཨོ་རྒྱན་རིན་པོ་ཆེ་སྤྲུལ་པ་མཛད་དུས༔ ཆོས་སྐུར་སྒྲུབ་པའི་རྒྱུད་བརྒྱ་དང་རྩ་བརྒྱད༔ ལོངས་སྐུར་སྒྲུབ་པའི་རྒྱུད་བརྒྱ་རྩ་བརྒྱད༔ སྤྲུལ་སྐུར་སྒྲུབ་པའི་རྒྱུད་བརྒྱ་རྩ་བརྒྱད༔ དེ་དག་བསྡུས་པའི་བླ་མ་དགོངས་འདུས་རྩ་བའི་རྒྱུད་ཆེན་ལྔ༔ རིག་འཛིན་དྲག་པོར་ཁྲོས་པའི་རྒྱུད་དང་དེ་རྣམས་བཀའ་སྩལ་པ༔ མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱིས་བྲག་ཕུག་མ་ར་ཏི་ཀར་ཨོ་རྒྱན་ཉིད་ལ་གཏད༔ རྒྱུད་དེ་དག་རྒྱ་བོད་ཀྱི་གནས་སོ་སོར་ཕལ་ཆེར་གཏེར་དུ་སྦས༔ རྩ་རྒྱུད་ལྔ་དང་དྲག་པོའི་རྒྱུད་ཉུང་ངུ་སངས་རྒྱས་གླིང་པས་ཐོན་


CMR007_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ཡིན་པས་ད་དུང་དྲག་པོའི་རྒྱུད་འདི་ཡང་རྒྱས་པ་མང་དུ་ཡོད་པ་མངོན་ནོ༔ དེ་ལྟར་སྤྲུལ་སྐུའི་རྒྱུད་བརྒྱ་རྩ་བརྒྱད་ལ་བརྟེན་ནས་སྤྲུལ་སྐུའི་སྒྲུབ་པ་འདི་མཛད༔ ལོངས་སྐུའི་རྒྱུད་བརྒྱ་རྩ་བརྒྱད་ལ་བརྟེན་ནས་ལོངས་སྐུའི་སྒྲུབ་པ་འདི་མཛད༔ ཆོས་སྐུའི་སྒྲུབ་པའི་རྒྱུད་བརྒྱ་རྩ་བརྒྱད་ལ་བརྟེན་ནས་བླ་མ་ཆོས་སྐུའི་སྒྲུབ་པ་འདི་མཛད༔ མདོ་རྒྱུད་སྤྱིའི་དོན་བསྡུས་ནས་ཆོས་སྤྱོད་ལམ་རིམ་ཆེན་མོ་མཛད་དོ༔ དེ་ལྟར་ལུང་ཁུངས་སྨོས་ནས༔ འདི་ལུང་ཁུངས་ལ་མི་ལྟོས་པའི་ཚུལ་བཤད་པ་ནི༔ གཞན་རྒྱུད་གཞུང་རྣམས་ནི་དང་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ༔ བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེའི་འགྲེལ་ཆེན་རེ་མཛད༔ དེ་ལ་བརྟེན་ནས་གྲུབ་པ་ཐོབ་པ་རྣམས་ཀྱིས་སྒྲུབ་ཐབས་རེ་བརྩམས༔ སྒྲུབ་ཐབས་དེ་ལ་མཁོ་བའི་དབང་དཀྱིལ་ཆོག་བརྡ་ཙམ་རེ་མཛད༔ དེའི་ལུང་རྒྱུད་དབང་བྱིན་རླབས་རྒྱུན་རྣམས་ལོ་ཙཱ་བས་བོད་སྐད་དུ་བསྒྱུར་ཀྱང་ཅུང་ཟད་སྟབས་མི་བདེ་པས་ལོ་ཙཱ་བ་རང་གིས་ཀྱང་གསལ་ཁ་བག་རེ་ཁ་སབ༔ དེ་ལ་བོད་ཀྱི་བླ་མ་རྣམས་ཀྱིས་གཞན་ནས་ལེགས་ཆ་བསྡུས་ནས་ཁ་སབ་འོས་དང་གསར་རྩོམ་མཛད་ནས༔ ཆོ་ག་དང་སྒྲུབ་ཐབས་རྒྱས་བསྡུས་མང་དུ་མཛད་དེ༔ ཆོས་


CMR007_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ཡང་འདྲ་མིན་དུ་མ་བྱུང་ངོ་༔ དེ་ལྟ་བུ་ལ་ནི་ལུང་ཁུངས་དང་ལུང་རྒྱབ་དང་རྩོད་སྤང་དང་འཐད་པ་སྒྲུབ་པ་སོགས་དགོས་ཀྱི༔ འདི་ལ་ནི་དེ་དག་མི་དགོས་ཏེ༔ རྒྱ་གར་ནཱ་ལེནྡྲའི་པཎྜི་བདུན་བརྒྱའི་ཚོགས་དཔོན་ཨོ་རྒྱན་རིན་པོ་ཆེས་མཛད་དེ༔ པཎྜི་ཏ་ཐམས་ཅད་ཀྱི་སློབ་དཔོན་པདྨ་འདིས་མཛད་པའི་བསྟན་བཅོས་ལ་བཀའ་དངོས་དང་འདྲ་བས༔ ལུང་འདྲེན་སོགས་བཤད་པའི་ཡན་ལག་གཞན་མི་དགོས་སོ༔ ཞེས་ཞལ་འཆམ་པས༔ མཚན་ཡང་པཎྜི་ཏ་ཡན་ལག་མེད་པའི་རྡོ་རྗེར་གྲགས་སོ༔ དེའི་དོན་ཅི་ཡིན་ཞེ་ན༔ ཨོ་རྒྱན་རིན་པོ་ཆེ་ནི་གསང་སྔགས་ཀྱི་སྟོན་པ་དངོས་ཡིན་པས་སྐུ་གསུམ་སྒྲུབ་པའི་གཞུང་འདི་ཉིད་རྒྱུད་དངོས་ཡིན་ཏེ༔ དཔེར་ན་ཕྱག་ན་རྡོ་རྗེས་གསུངས་པ་ཕལ་ཆེར་རྒྱུད་ཡན་པ་དང་འདྲའོ༔ རྒྱ་གཞུང་ཡང་འདི་ག་ཡིན་ཏེ་རྒྱ་གར་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའོ༔ བོད་གཞུང་འདི་ཀ་ཡིན་ཏེ་བོད་ཡུལ་དུ་བོད་སྐད་དུ་མཛད་བསྒྱུར་མ་དགོས་སོ༔ ལུང་ཡང་འདི་ཀ་ཡིན་ཏེ་བསྒྲུབ་རྒྱུའི་ཡི་དམ་ཁོ་ན་རང་ཉིད་ཀྱིས་གསུངས་པ་དེ་བས་ལྷག་པའི་ལུང་མེད་པའོ༔ མན་ངག་ཀྱང་འདི་ཀ་ཡིན་ཏེ༔ འདི་ལས་ཟབ་པའི་གདམས་པ་གཞན་མི་སྲིད་པའོ༔ ཕན་


CMR007_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་བསྟན་པ་ཐམས་ཅད་དང་ཁྱད་པར་འདིའི་གཞུང་སོ་སོར་རྒྱ་ཆེར་གསུངས་པ་ཤེས་པར་བྱའོ༔ ཡི་གེས་འཇིགས་ཕྱིར་འདིར་མ་སྤྲོས་སོ༔ དེ་ལྟར་བླ་མ་སྐུ་གསུམ་གྱི་སྒྲུབ་པ་འདི་རང་ལ་ཡང་སྒྲུབ་ལུགས་མང་པོའི་ནས༔ རྣལ་འབྱོར་པ་གཅིག་གིས་སྒྲུབ་ཆེན་གྱི་ཁོག་ནས་ཕྱུང་སྟེ་སྒྲུབ་ལུགས་ཀྱི་ཕྱག་ལེན་རབ་ཏུ་གསལ་བ༔ སློབ་དཔོན་མེད་ཀྱང་དབང་ལུང་ཐོབ་ནས་གཞུང་པོད་དང་ཟིན་བྲིས་འདི་ཁོ་ན་ཡོད་ན་ཕྱག་ལེན་གསལ་ཞིང་དག་ལ་མ་འཁྲུལ་བར་ཉམས་སུ་ལེན་ངེས་པ་འདི་ནི༔ ཕྲལ་དུ་རྣལ་འབྱོར་པ་ཨོ་རྒྱན་མཐར་ཕྱིན་དང་ཀརྨ་ཡང་དག་ལ་ཕན་ཕྱིར་དང་ཐུགས་རྒྱུད་ནས་ཕྱི་རབས་ཀྱི་ཆོས་འདི་ལ་མོས་པ་ཐམས་ཅད་ལ་ཕན་པའི་སེམས་བསྐྱེད་བཟང་པོས་ཀུན་ནས་བསླང་སྟེ༔ ཨོ་རྒྱན་རིན་པོ་ཆེ་ཆོས་བདག་སྲུང་མ་དང་བཅས་པ་ལ་བཀའི་གནང་བ་སྩོལ་བར་ཤོག་ཅེས་གསོལ་བ་དྲག་ཏུ་བཏབ་སྟེ་བྲིས་པ་ཡིན་ལ༔ གཞུང་རང་ནས་ཀྱང་ཕྱི་རབས་ལ་རྒྱས་པར་འབྲེལ་ཆོག་པའི་གནང་བ་གསལ་བར་ཡོད་ཅིང་རྗེ་མཁར་དྲུང་སོགས་ཀྱིས་ཀྱང་མཛད་མོད༔ འོན་ཀྱང་འདི་བྲིས་སྐབས་དོན་མེད་པའི་རྣམ་གཡེང་མང་པོས་བཤོལ་བ་ཁོ་ན་བྱུང་ནས༔ དེ་ཡུན་རིང་པོར་འགོར་བ་ཞིག་བྱུང་བ་ནི༔ ཅུང་


CMR007_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་གཉན་པའི་རྟེན་འབྲེལ་ཡིན་པ་འདྲ་སྙམ་པ་ཁོ་ན་ཡང་ཡང་བྱུང་ངོ་༔ འདི་ལ་འགལ་འཁྲུལ་དང་སྦ་འོས་གསལ་བཀོད་སོགས་ཉེས་པ་གང་མཆིས་རྩ་བ་གསུམ་དང་ཆོས་བདག་སྲུང་མའི་ཚོགས་དང་བཅས་པ་ལ་རབ་ཏུ་བཤགས་སོ༔ འདི་ཕྱིར་སྒྲིབ་པར་མ་གྱུར་ཅིག༔ འདི་བྲིས་དགེ་བའི་རྩ་བ་གང་མཆིས་པ་དེ་དག་བདག་དང་འབྲེལ་ཐོགས་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་ཡོངས་སུ་བསྔོའོ༔ འདི་ཉིད་མཐོང་ཐོས་དྲན་རེག་ཐམས་ཅད་ཨོ་རྒྱན་རིན་པོ་ཆེའི་ཐུགས་རྗེས་གཡེལ་བ་མེད་པར་སྐྱོབས་ཤིང་བཀྲ་ཤིས་བདེ་ལེགས་ཐམས་ཅད་འབྱུང་བར་གྱུར་ཅིག སརྦ་མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ དོགས་གཅོད་ཅུང་ཟད།next