Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ ལོངས་སྐུ་སྒྲུབ་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousབླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ ལོངས་སྐུ་སྒྲུབ་པའི་ཟིན་བྲིས།next

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ ལོངས་སྐུ་སྒྲུབ་པའི་ཟིན་བྲིས།


CMR008_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ ལོངས་སྐུ་སྒྲུབ་པའི་ཟིན་བྲིས་བཞུགས་སོ༔


CMR008_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ ལོངས་སྐུར་སྒྲུབ་པའི་འདོན་འགྲིགས་ནི༔ ད་ནངས་སྐྱབས་འགྲོ་སེམས་བསྐྱེད་རང་གཞུང་ལྟར་བྱ༔ འདི་དངོས་གཞིའི་སྐབས་ཡིན་པས་ཡིག་བརྒྱ་མཎྜལ་སོགས་སྔོན་འགྲོ་རྣམས་མི་དགོས་སོ༔ ལས་བྱང་མང་ཉུང་གང་རུང་འདོན་རེས་བྱས་ལ་དུས་བཞིར་བཏང་༔ ལྷ་བསྐྱེད་ཀྱང་ལས་བྱང་མང་བ་ལྟར་ལས༔ བདག་མདུན་རྟ་མགྲིན་བསྐྱེད་དེ༔ དུར་ཁྲོད་རུས་རྒྱན་མེ་ཀློང་བཞུགས༔ དེའི་སྤྱི་གཙུག་ཏུ་པད་སྡོང་དམར་པོ་འདབ་མ་སྟོང་ལྡན་སུམ་བརྩེགས་ཀྱི་སྟེང་དུ༔ བླ་མ་ཨོ་རྒྱན་རིན་པོ་ཆེ་ཚེ་


CMR008_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་སྐུ་མདོག་དམར་པོ་བྱི་རུ་ལྟ་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཡུམ་དང་འཁྲིལ་བ༔ སྐུ་གཟི་མདངས་དང་ལྡན་པ༔ ཕྱོགས་བཞི་པདྨ་འདབ་བཞིའི་སྟེང་༔ ཤར་དུ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཞེས་སོགས་གཞུང་ལྟར་རོ༔ སྤྱན་འདྲེན་དུས་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དཀར་དམར་ལྕགས་ཀྱུ་ལྟར་འཕྲོས་པས༔ བདེ་བ་ཅན་གྱི་ཞིང་ཁམས་དང་ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས་བླ་མ་ལོངས་སྐུ་ཚེ་དཔག་མེད་དང་༔ གུ་རུ་པདྨའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ༔ བླ་མ་ལོངས་སྐུའི་ཆ་ལུགས་དུ་འཁོར་རིག་འཛིན་ཌཱཀྐི་རྣམས་དང་བཅས་པ་སྤྱན་


CMR008_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་བར་བསྒོམ་ལ་སྤྱན་འདྲེན་བྱའོ༔ མཆོད་བསྟོད་དམིགས་པ་སྤྲུལ་སྐུའི་དུས་དང་འདྲ་ཞིང་༔ འཛབ་དགོངས་དམིགས་པ་ནི་ཡིད་ཀྱིས་བསྒོམ་སྟེ༔ མདུན་གྱི་རྟ་མགྲིན་གྱི་སྤྱི་གཙུག་སྐུ་འབག་དང་དབྱེར་མེད་པའི༔ ཚེ་དཔག་མེད་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན་པ༔ མཉམ་གཞག་གི་ཕྱག་ན་ཚེ་བུམ་བསྣམས་པ༔ དེའི་མདུན་དུ་ཡུམ་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ་གཅེར་བུ་རུས་རྒྱན་དང་༔ པདྨའི་ཕྲེང་བ་འཛིན་པ་ཕྱག་གཡས་གྲི་གུག་ཡབ་ལ་འཁྱུད་པ༔ གཡོན་པས་ཚེ་བུམ་སྙན་གྱི་ཐད་དུ་འཛིན་པ༔ དབུ་སྐྲ་འཕྱང་བ་ཡབ་དང་ཞལ་སྦྱོར་བ༔ དངོས་སུ་གསལ་བའི་སྤྱི་བོར་པདྨ་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ་སྐུའི་ངོ་བོ་ཨོ་དཀར་པོ༔་མགྲིན་པར་པདྨ་དམར་པོའི་དབུས་སུ་གསུང་གི་ངོ་བོ་དམར་པོ༔ ཐུགས་ཀར་པདྨ་སྔོན་པོའི་ལྟེ་བར་ཐུགས་ཀྱི་རང་བཞིན་ཧཱུྃ་མཐིང་ག༔ ལྟེ་བར་པདྨ་ལྗང་གུའི་དཀྱིལ་དུ་ཕྲིན་ལས་ཀྱི་རང་བཞིན་ཧྲཱིཿལྗང་གུ༔ ཕྱག་ཞབས་བཞི་ལ་ཕྲིན་ལས་ཀྱི་རང་བཞིན་ངོ་བོར་ཧ་རི་ནི་ས་ར་ཙ་ཧཱི་ཡ་བཞི་གསལ་བར་བསྐྱེད་དོ༔ དེ་ནས་རླུང་རོ་ལན་གསུམ་གསུམ་བུས་ལ༔ ནད་གདོན་བར་ཆད་སྡིག་


CMR008_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ༔ དེ་ནས་འཇམ་རླུང་དལ་ལ་རིང་བར་རྩུབ་ཚེ་བླ་མའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་དཔྲལ་བར་ཐིམ༔ བླ་མའི་སྐུའི་བྱིན་རླབས་ཞུགས༔ བུམ་པའི་དབང་ཐོབ༔ ལུས་ཀྱི་སྒྲིབ་པ་དག་ནས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམ༔ རླུང་འཇམ་རླུང་བཟུང་སྟེ་ཅི་གནས་ཀྱི་བར་ཡིད་ཀྱི་བཟླས་པ་བྱ༔ མི་ཐུབ་ཙམ་ན་རྔུབ་ཆུང་མང་དུ་བརྩེགས༔ དེ་ནས་མི་ནོན་ཙམ་ན་རླུང་རོ་ལྷག་མ་མ་ལུས་པར་བུས་ལ༔ ངག་གི་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ༔ ཚུར་རྔུབ་ཚེ་བླ་མའི་མགྲིན་པའི་ཨཱལས་འོད་ཟེར་དམར་པོ་ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་མགྲིན་པར་ཐིམ་བླ་མའི་གསུང་གི་བྱིན་རླབས་ཞུགས་གསང་བའི་དབང་ཐོབ༔ ངག་སྒྲིབ་དག་ནས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམ༔ རླུང་ནང་དུ་ཇི་ཙམ་འཛིན་ཚེ་ཡིད་ཀྱི་སྔགས་བཟླས༔ རླུང་མི་ཐུབ་ཙམ་ན་ལྷག་མ་མ་ལུས་པར་བུས་ལ་ཡིད་ཀྱི་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ༔ ཚུར་རྡུབ་ཚེ་བླ་མའི་ཐུགས་ཀའི་ཧཱུཾ་ལས་


CMR008_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་སྔོན་པོ་ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་ཐུགས་ཀར་ཐིམ༔ བླ་མའི་ཐུགས་ཀྱི་བྱིན་རླབས་ཞུགས༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཀྱི་སྒྲིབ་པ་དག་ནས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམ༔ རླུང་བཟུང་ནས་ཡིད་བཟླས་བྱ་མ་ཐུབ་ཙམ་ན་རླུང་སངས་ཀྱིས་བུད་པ་དང་མཉམ་དུ་ལུས་ངག་ཡིད་གསུམ་གྱི་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ༔ ཚུར་རྔུབ་ཚེ་བླ་མའི་ལྟེ་བའི་ཧིལས་འོད་ཟེར་ལྗང་གུ་ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་ལྟེ་བར་ཐིམ༔ བླ་མའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་བྱིན་རླབས་ཞུགས༔ ཚིག་དབངརིན་པོ་ཆེ་ཐོབ༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས༔ རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམ༔ འཇམ་རླུང་བཟུང་ཚེ་ཡིད་བཟླས་བྱ༔ རླུང་མི་ཐུབ་ཙམ་ན་སངས་ཀྱིས་བུས་ལ་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་ཐོན་ནས་དག་པར་བསམ༔ ཚུར་རྔུབ་ཚེ་བླ་མའི་ཕྱག་ཞབས་བཞིའི་ཡིག་འབྲུ་བརྒྱད་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་ཡན་ལག་བཞི་ལ་ཐིམ་པས་མཆོག་དང་ཐུན་མོང་ཕྲིན་ལས་


CMR008_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཞིའི་དངོས་གྲུབ་ཐོབ་པར་བསམ༔ སྔགས་གྲངས་བདུན་འབུམ་མམ་སུམ་འབུམ་ཞག་གྲངས་ཉེར་གཅིག་གམ་བདུན་གཉིས་སམ་བདུན་གཅིག་ཀྱང་རུང་ངོ་༔ དེ་ཡང་ལོངས་སྐུར་སྒྲུབ་པའི་ནང་སྒྲུབ་ཡང་ཡིན༔ ལུང་ཨ་ནུ་ཡོ་ག་ལྟར་སྒྲུབ་པ་ཡང་ཡིན་པས༔ རང་གི་ཕུང་པོ་ལྔ་ཚེ་བདག་རྒྱལ་བ་རིགས་ལྔ༔ ཁམས་ལྔ་ཚེ་བདག་རིགས་ཀྱི་ཡུམ་ལྔ༔ སྤྱི་བོའི་ཧཾ་ཡིག་བླ་མ་ཚེ་དཔག་མེད༔ ལྟེ་བའི་ཨ་ཐུང་ཡུམ་མནྡཱ་ར་བ༔ ལུས་ཀྱི་རྩ་ཐིག་རླུང་གསུམ་ཐམས་ཅད་ཡེ་ནས་དཔའ་བོ་དང་ཌཀི་མའི་རང་བཞིན་ཡིན་པའི་བདེ་བ་བསྐྱེད་ཅིང་༔ དང་པོ་རྟ་མགྲིན་ནམ་ཚེ་དཔག་མེད་གང་བསྒོམས་ཀྱང་ལུས་ཕྱི་དར་དམར་གྱི་གུར་ཕུབ་པ་ལྟ་བུ་ལ༔ ནང་སྟོང་པ་ཕུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ་རྩ་དབུ་མ༔ ཡར་སྣེ་ཚངས་བུག་དང་མར་སྣེ་ལྟེ་འོག་ཏུ་ཡོད་པ༔ གཡས་གཡོན་རོ་མ་དང་རྐྱང་མ་གཉིས་ཡར་སྣེ་སྣ་བུག་གཉིས་དང་མར་སྣེ་ལྟེ་འོག་ཏུ་དབུ་མ་དང་གཅིག་ཏུ་གྱུར་པ༔ སྤྱི་བོར་རྩ་འདབ་སོ་གཉིས༔ མགྲིན་པར་བཅུ་དྲུག༔ སྙིང་གར་བརྒྱད༔ ལྟེ་བར་དྲུག་ཅུ་རྩ་བཞི༔ གསང་བར་ཉི་ཤུ་རྩ་བརྒྱད༔ ཐམས་ཅད་གདུགས་ཀྱི་རྩིབས་མ་ལྟར་དབུ་མ་


CMR008_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྱེས་ཤིང་རོ་རྐྱང་དང་མ་འབྲེལ་བ༔ ཕྱི་ཅུང་དཀར་ལ་ནང་དམར་བ་སྟོང་སེང་ངེ་བ་བསྒོམ་མོ༔ ཁྱད་པར་སྒྲུབ་དུས་བདག་ལུས་ལ་བརྟེན་ནས་སྒྲུབ་པ་གཙོ་ཆེ་བས་འདི་བསྒོམ་པ་གལ་ཆེ༔ བསྙེན་པའི་སྐབས་སུའང་གསོལ་འདེབས་བྱ་བ་མཁར་དྲུང་གིས་བྱས་པས༔ བྱས་ཀྱང་རུང་གི་གཞུང་ན་མེད་པས་མ་བྱས་ཀྱང་རུང་ངོ་༔ ༈ དེ་ནས་སྒྲུབ་པའི་དུས་འདོན་འགྲིག་ནི༔ སྐྱབས་འགྲོ་སེམས་བསྐྱེད་རང་གཞུང་ལྟར་ལས༔ སེམས་ཅན་བདེ་དང་ལྡན་གྱུར་ཅིག༔ སྡུག་བསྔལ་དག་དང་བྲལ་བར་ཤོག༔ བདེ་དང་རྟག་ཏུ་མི་འབྲལ་ཞིང་༔ ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག༔ ཅེས་སྦྱར་དེ་ནས་ལས་བྱང་མང་ཉུང་གང་འདོད་གཞུང་ལྟར་ལས༔ ཕོ་བྲང་གཞལ་ཡས་དཀྱིལ་འཁོར་དབུས༔ ཞེས་སམ་ཡེ་ཤེས་འོད་ལྔའི་དཀྱིལ་འཁོར་ཞེས་པའི་མཚམས་སུ༔ སྟོང་པའི་ངང་ལས་པདྨ་དམར་པོ་འདབ་མ་སྟོང་ལྡན་གྱི་སྟེང་དུ་ཉི་མའི་སྟེང་དུ་ཧྲཱིཿདམར་པོ་ཞིག་བསམ༔ དེ་ལས་འོད་ཟེར་ཕར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ བདག་མདུན་ཚེ་དཔག་མེད་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་ཆ་


CMR008_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཅན༔ ཕྱག་ན་ཚེའི་བུམ་པ་བསྣམས་པ༔ ཡུམ་པདྨ་མཁའ་འགྲོ་གཅེར་བུ་རྒྱན་དང་ལྡན་པ༔ གྲི་གུག་དང་བུམ་པ་བསྣམས་ནས་འཁྲིལ་བ༔ དར་དང་རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་བརྒྱན་པ༔ དེའི་སྤྱི་གཙུག་ཏུ་པད་སྡོང་དམར་པོ་འདབ་མ་སྟོང་ལྡན་སུམ་བརྩེགས་ཀྱི་སྟེང་དུ༔ བླ་མ་ཨོ་རྒྱན་རིན་པོ་ཆེ་ཚེ་དཔག་མེད་སྐུ་མདོག་བྱི་རུ་ལྟ་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཡུམ་དང་འཁྲིལ་བ༔ སྐུ་གཟི་མདངས་དང་ལྡན་པར་གྱུར༔ ཕྱོགས་བཞི་པདྨ་འདབ་བཞིའི་སྟེང་༔ ཞེས་པ་ནས་འཛབ་དགོངས་བར་གཞུང་ལྟར་འདོན༔ འཛབ་དགོངས་ནི༔ རང་གི་སྤྱི་གཙུག་གི་ཚེ་དཔག་མེད༔ དེའི་གནས་གསུམ་དུ་ཡིག་འབྲུ་གསུམ་གསལ་བ༔ ཡིག་འབྲུ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས༔ མཉམ་གཞག་གི་བུམ་པར་ཐམས་ཅད་སིབ་སིབ་ཐིམ༔ འཆི་མེད་ཀྱི་བདུད་རྩི་འོ་མ་ལྟ་བུས་གང་༔ དེ་ལས་འོད་ཟེར་འཕྲོས་པས༔ ལྷ་དང་དྲང་སྲོང་ཚེ་ལ་དབང་བ༔ འགྲོ་བ་མིའི་སྲོག་ཧཱུྃ༔


CMR008_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་བཞིའི་བཅུད་ནམ་མཁའ་ཐམས་ཅད་སིབ་སིབ་བུམ་པར་འཁྱིལ་ནས༔ བུམ་པ་ཆིལ་ཆིལ་ཁོལ༔ དེ་ལྟར་དམིགས་པས་ཡུན་རིང་བསྒོམ་ཞིང་སྔགས་ཁྲི་ཚོ་རེ་ཙམ་བཟླས་ལ༔ དེ་ནས་སྤྱི་བོའི་ཚེ་དཔག་མེད་ལ་དམིགས་པ་གཏད་ལ༔ བདག་གིས་རྩེ་གཅིག་ཏུ་གསོལ་བ་བཏབ་སྟེ༔ ཧཱུྃ༔ འགྲོ་བའི་བླ་མ་ཨོ་རྒྱན་ཚེ་དཔག་མེད༔ ཅེས་གསོལ་འདེབས་དེ་དབྱངས་དང་བཅས་རྒྱང་འབོད་ཚུལ་དུ་གསོལ་འདེབས་ལན་གསུམ་བྱ༔ དེ་རྗེས་རླུང་རོ་སྣ་བུག་གཡས་ནས་གཅིག་བུས༔ གཡོན་ནས་གཅིག་བུས་ཏེ༔ སྣ་ཁ་ཡ་སྡིགས་མཛུབ་ཀྱིས་འཆར་ལ་ལྷག་མ་མ་ལུས་པར་བུས༔ དེ་ནས་སྣ་གཉིས་ཀ་ནས་གཅིག་དང་ལན་གསུམ་བུས་པའི་རྗེས་སུ་ལུས་ཀྱི་ནད་གདོན་ཚེའི་བར་ཆད་ཐམས་ཅད་སངས་ཀྱིས་དག་སྟེ་ལུས་སྟོང་སང་ངེ་བར་བསྒོམ་ལ་རྩེ་གསུམ་འཁོར་ལོ་བཞི་གསལ་བཏབ་སྟེ་འཇམ་རླུང་ཡུན་ཅི་ཐུབ་བཟུང་ཞིང་སྔགས་ཡིད་བཟླས་བྱེད༔ མི་ཐུབ་སྙམ་ཙ་ན་རླུང་རྔུབ་ཆུང་ཞིག་བྱས་ལ་ཕོ་བར་དགོང་ལ་མནན༔ དེ་འདྲ་གཉིས་གསུམ་ཙམ་བྱས༔ དེ་ནས་དགོང་མི་ཐུབ་པ་ན་རླུང་སྣ་གཡས་གཡོན་གང་ནས་འགྱུ་བའི་ངོས་ནས་ལྷག་མ་མ་ལུས་པར་སངས་ཀྱིས་


CMR008_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བུས་པ་དང་༔ རླུང་དེ་དུ་བ་ལྟ་བུ་སྔོ་ནར་གྱིས་སོང་ནས༔ སྤྱི་བོའི་བླ་མ་ཚེ་དཔག་མེད་ཀྱི་བུམ་པའི་ཞབས་བརྡོལ་ནས༔ བུམ་པའི་ཁ་ལ་རླུང་ཐོལ་གྱིས་སྔོ་སངས་སེ་ཐོན་པ་དང་༔ བུམ་པའི་ཞབས་ནས་བདུད་རྩི་རྡོལ་ཁ་ནས་ཁོལ་ཞིང་ལུད་པ་དང་༔ ཡབ་ཡུམ་བདེ་བས་བསྐུལ་བའི་སྦྱོར་མཚམས་ནས་དྭངས་མ་དཀར་དམར་དུ་བབས་པ་རྣམས་ན་ར་ར་བབ༔ རང་གི་སྤྱི་གཙུག་དང་ཁའི་ནང་གཉིས་ཀ་ནས་མར་བྱུང་བར་བསམས་ལ༔ ཁས་ཧུབ་ཧུབ་ཅེས་བཏུང་ལ་མཆིལ་མ་ལན་གསུམ་མིད་ལ༔ ལྟེ་བ་སྙིང་ག་མགྲིན་པ་ཁེངས་ནས༔ སྤྱི་བོར་ཆི་ལི་ལི་ལུད་པ་དང་༔ ལུས་ཀྱི་ཕྱི་ནང་མར་དཀར་ཞམ་གྱིས་བྱུང་བར་བསམ༔ རླུང་ཐུབ་ཐང་བཟུང་ལ་ཁུག་པ་གསུམ་གྱི་རྗེས་སུ་བདུད་རྩི་བབ་ལ་ཤེས་པ་གཏད་དེའི་དམིགས་པ་དེ་རྣམས་བྱེད་ཅིང་སྟོང་ཙམ་རེ་བཟླས༔ དེ་ལྟར་ལན་དུ་ཐོན་དམིགས་པ་དང་རླུང་དང་སྔགས་བཟླས་པ་རྣམས་སྦག་མར་བྱའོ༔ དེ་ནས་ཐུན་མཚམས་སུ་དབང་བཞི་བླང་བ་ནི༔ མདུན་བསྐྱེད་ཀྱི་བླ་མ་ཚེ་དཔག་མེད་པའི་སྤྱི་བོའི་ཨོ་ལས་འོད་ཟེར་དཀར་པོ་ཐིག་ལེའི་རང་བཞིན་ཅན་ཞེས་སོགས༔ བསྙེན་པའི་དུས་ཀྱི་


CMR008_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ལ་ཨོཾ་ཨཱཿཧཱུྃ་ཧིབཞི་ལ་སྤྲོ་བསྡུའི་དམིགས་པ་བསྙེན་པའི་དུས་ལྟར་བྱ་ཞིང་༔ བསྙེན་པའི་དུས་དང་ཅུང་ཟད་མི་འདྲ་བ་ནི༔ ཕྱག་ཞབས་བཞི་ལ་འོད་ཟེར་སྤྲོ་བསྡུ་དང་༔ སྤྲོ་བསྡུའི་དུས་རླུང་བཟུང་བ་མི་དགོས་སོ༔ འདིར་སྤྱི་བོའི་བླ་མ་ཚེ་དཔག་མེད་ལས་བྱང་སེམས་ཀྱི་རྒྱུན་གྱི་དབང་བླང་ཡང་རུང་མོད་ཀྱིས༔ མདུན་བསྐྱེད་ལས་ལེན་པ་འདི་ལེགས་ཏེ༔ དེ་མིན་ན་སྒྲུབ་པའི་ཚེ་མདུན་བསྐྱེད་དོན་མེད་པའི་སྐྱོན་དུ་འགྱུར་ལ༔ སྒྲུབ་པ་ནི་མདུན་བསྐྱེད་གཙོ་ཆེ་བ་སྤྱིའི་ལུགས་ཡིན་པས་སོ༔ དེ་ནས་སྤྱི་བོའི་བླ་མ་ཚེ་དཔག་མེད་ཚངས་བུག་ནས་མར་རང་གི་སྙིང་གར་བྱོན༔ དེའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་མཆོང་གི་བུམ་པ་ཞིག་བསམ༔ དེའི་བུམ་པར་བདག་གི་སྲོག་ཡིག་དྲྀ་ལྗང་གུ་ཞིག་བསྒོམ༔ དེ་ལས་འོད་འཕྲོས་ཕྱོགས་བཅུའི་འཁོར་འདས་ཐམས་ཅད་ཀྱི་ཚེ་བཅུད་ཐམས་ཅད་སིབ་སིབ་འདུས་ལུས་ཀྱི་ནང་ཐམས་ཅད་དཀར་མེར་གྱིས་གང་ནས་ལུས་ཀྱི་ཕྱི་བ་སྤུའི་བུ་ག་ལའང་སྐྱ་ཁྲོམ་ཁྲོམ་བྱུང་བར་བསྒོམ༔ བར་རླུང་ཅི་རིགས་པར་བསྒོམ༔ བར་རླུང་ནི་རླུང་རྔུབ་ནས་བཟུང་བ་ཡང་མ་ཡིན་པར༔ འོག་སྒོ་ཅུང་ཟད་བསྡོམ༔ ཁ་སྣའི་རླུང་རང་


CMR008_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སོར་བཞག་ལ༔ གསུས་པ་ཐེར་གྱིས་བརྒྱངས་ནས་འདུག་པའོ༔ དམིགས་པ་དེ་དང་བར་རླུང་སྦྲག་ལ་བཟླས་པ་སུམ་བརྒྱ་ཙམ་ལྕེ་རྩེ་གཡོ་བ་ཙམ་དུ་བཟླ༔ དེ་ནས་མདུན་བསྐྱེད་བཞག་ལ༔ བདག་བསྐྱེད་དཀྱིལ་འཁོར་ལ་ཐིམ༔ འཁོར་བདག་ལ་ཐིམ༔ བདག་སྙིང་གའི་ཚེ་དཔག་མེད་ལ་ཐིམ༔ དེ་ཡང་རྡོ་རྗེ་ལ་ཐིམ༔ དེ་ཡང་བུམ་པ་ལ་ཐིམ༔ བུམ་པ་དྲི་ལ༔ ནི་དེ་སྐད་ཅིག་གིས་རྡོ་རྗེ་རྩེ་ལྔ་པ་འགྱུར་མེད་དུ་ཁྲོང་ངེ་བ་ཞིག་ང་རྒྱལ་དང་ལྡན་པར་བྱའོ༔ དམིགས་པ་དེ་རྣམས་མ་ཟིན་བར་དུ་བཟླས་པ་བྱ༔ དེ་ནས་མི་གཙང་ལུས་འདི་བོར་བར་གྱུར་མ་ཐག༔ ཅེས་སོགས་བསྔོ་བ་བྱ༔ རྫོགས་རིམ་སེམས་ངོ་ནི་གོང་གི་དམིགས་པའི་སྐབས་སྐབས་སུ་བསྒོམས་པས་བོགས་ཆེ༔ སེམས་ངོའི་གཤིས་མ་ཤོར་བར་བསྐྱེད་རིམ་བསྒོམ་ཐུབ་ན་ནི་རབ་ཡིན༔ ཐ་མ་ནི་ཐུན་མཚམས་འདིར་ཡུད་ཙམ་བསྒོམ་མོ༔ དེ་ནས་ཐུན་མཚམས་འདིར་ཆོས་སྤྱོད་སོགས་གཞན་དགེ་སྦྱོར་གང་དགོས་ཅུང་ཟད་བྱའོ༔ དེ་ནས་སླར་ཡང་ཐུན་བཟུང་སྟེ༔ ལས་བྱང་གི་མགོ་སྐྱབས་འགྲོ་མན་ཆད་གོང་ལྟར་རོ༔ དེ་ལྟར་ཉིན་ཐུན་གསུམ་མཚན་ཐུན་དང་བཞི་བྱའོ༔ དེ་མ་ཐུབ་


CMR008_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉིན་སྔ་ཐུན་ཕྱི་ཐུན་གཉིས༔ མཚན་ཐུན་གཅིག་དང་གསུམ་བྱའོ༔ ནུབ་ཚོགས་རེ་འགྲུབ་ནའང་ལེགས་སོ༔ དེ་ལྟར་སྒྲུབ་པའི་དུས་ནི་བདུན་གཉིས་སམ་བདུན་གསུམ་ཟླ་བ་སོགས་གང་རུང་ངོ་༔ གྲངས་དང་རྟགས་སོགས་ནི་གཞུང་དུ་གསལ་ལྟར་རོ༔ སྒྲུབ་པའི་ཟིན་བྲིས་སོ༔ ༈ དེ་ནས་ལས་སྦྱོར་ནི་ལྷ་བསྐྱེད་སྐབས་སུ༔ ཕོ་བྲང་གཞལ་ཡས་དཀྱིལ་འཁོར་དབུས༔ ཞེས་སམ༔ ཕྱི་ནང་དག་པ་འོད་ལྔའི་དཀྱིལ༔ པདྨ་དམར་པོ་འདབ་མ་སྟོང་ལྡན་གྱི་སྟེང་དུ་ཧཱི༔དམར་པོ་ཞིག་བསམ༔ དེ་ལས་འོད་ཟེར་ཕར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ བདག་དང་མདུན་བསྐྱེད་ཚེ་དཔག་མེད་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན༔ ཕྱག་གཡས་ཚེའི་བུམ་པ་བསྣམས་པ༔ ཡུམ་པདྨ་མཁའ་འགྲོ་གཅེར་བུ་རྒྱན་དང་ལྡན་པ༔ གྲི་གུག་དང་བུམ་པ་བསྣམས་ནས་འཁྲིལ་བ༔ དར་དང་རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་བརྒྱན་པ༔ དེའི་སྤྱི་གཙུག་ཏུ་པད་སྡོང་དམར་པོ་འདབ་མ་སྟོང་ལྡན་སུམ་བརྩེགས་ཀྱི་སྟེང་དུ༔ བླ་མ་ཨོ་རྒྱན་རིན་པོ་ཆེ་ཚེ་དཔག་མེད་སྐུ་མདོག་བྱི་རུ་ལྟ་བུ་


CMR008_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་པའི་སྐུ་ཡུམ་དང་འཁྲིལ་བ༔ སྐུ་གཟི་མདངས་དང་ལྡན་པར་གྱུར༔ བདག་ཉིད་ཚེ་དཔག་མེད་དུ་གསལ་བའི་སྤྱི་བོར་རྣམ་སྣང་ཚེ་དཔག་མེད་སྐུ་མདོག་དཀར་པོ་ཡུམ་དང་འཁྲིལ་བ་ཕྱག་མཉམ་བཞག་གི་སྟེང་ན་ཚེའི་བུམ་པ་འཛིན་པ༔ མགྲིན་པར་རིན་འབྱུང་ཚེ་དཔག་མེད་སྐུ་མདོག་སེར་པོ་ཡུམ་དང་འཁྲིལ་བ་ཕྱག་མཉམ་བཞག་གི་སྟེང་ན་ཚེའི་བུམ་པ་འཛིན་པ༔ ཐུགས་ཀར་མི་བསྐྱོད་པ་ཚེ་དཔག་མེད་ཡབ་ཡུམོ་མཐིང་ག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ཚེའི་བུམ་པ་འཛིན་པ༔ ལྟེ་བར་དོན་གྲུབ་ཚེ་དཔག་མེད་ཡབ་ཡུམ་ལྗང་གུ་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ཚེའི་བུམ་པ་འཛིན་པ་དེ་རྣམས་གསལ་བར་གྱུར༔ ཤར་དུ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཞེས་སོགས་གཞུང་ལྟར་རོ༔ དེ་ཡང་བདག་བསྐྱེད་ཀྱི་སྐུའི་གནས་བཞིར་ཚེ་བདག་རིགས་བཞི་ཐུགས་ཀའི་མི་བསྐྱོད་ཚེ་དཔག་མེད་པའི་ཐུགས་ཀར་བུདྡྷ་ཐོད་ཕྲེང་རྩལ༔ དེའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་མཆོང་གི་བུམ་པ་ཞིག༔ དེའི་ནང་དུ་བདག་གི་སྲོག་ནི་ལྗང་གུ་ཞིག་བསྒོམ་སྟེ༔ དེ་དག་ངག་ཏུ་བརྗོད་མི་དགོས་ལ༔ གཞན་ཡང་ལྷ་དང་རིག་འཛིན་ཚོགས་ཞེས་


CMR008_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་སུ༔ གཞལ་ཡས་ཁང་གི་ཕྱིའི་བར་ཁྱམས་ལ༔ ལཱ་སྱཱ༔ མཱ་ལེ༔ གིཏྟི༔ ནིརྟི་སྟེ་མཆོད་པའི་ལྷ་མོ་བཞི་དང་༔ དཀར་མོ་མགྱོགས་མ་སོགས་ལྷ་མོ་བཞི་དང་བརྒྱད་པོ་ཕྱོགས་བཞི་མཚམས་བརྒྱད་དུ་མོས་པ་ཙམ་དུ་བསྒོམ་པར་བྱའོ༔ མདུན་བསྐྱེད་ཀྱི་གནས་བཞིར་རིགས་བཞི་བསྒོམ་པ་སོགས་ཀྱང་འདྲ་སྟེ༔ གསེར་གྱི་རྡོ་རྗེ་རྒྱ་གྲམ་མཆོང་བུམ་སོགས་དང་ནི་མི་བསྒོམ་མོ༔ ཡང་མདུན་བསྐྱེད་སྐུའི་ལྷ་བཞི་མ་བསྒོམས་ཀྱང་རུང་མོད་ཀྱིས༔ བསྒོམ་ན་མདུན་བསྐྱེད་མཆོད་ཡུལ་རིགས་ལྔ་ཁ་ཚང་བས་བསོད་ནམས་ཆེའོ། དེ་ནས་འཛབ་དགོངས་བར་ནི་གཞུང་དང་འདྲ་ལ༔ འཛབ་དགོངས་དམིགས་པ་ནི༔ བདག་དང་བདག་གི་སྐུའི་གནས་ཀྱི་ཚེ་བདག་རིགས་ལྔ་ཡབ་ཡུམ༔ དེ་རྣམས་སྦྱོར་བ་མཛད་པའི་སྦྱོར་མཚམས་དང་༔ རང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ༔ དེ་ཡང་རང་གཙོ་བོའི་སྦྱོར་མཚམས་དང་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ འབྱུང་བ་མེའི་བཅུད་དང་༔ ཡེ་ཤེས་ཀྱི་མེ་དང་༔ བསྐལ་པའི་མེ་དང་༔ ཉི་མ་ལ་སོགས་པའི་བཅུད་ཐམས་ཅད་བསྡུས་ནས་གཙོ་བོའི་ཕྱག་གི་བུམ་པར་


CMR008_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སིབ་སིབ་ཐིམ་པར་བསམས་ལ༔ དམིགས་པ་མ་གསལ་བར་དུ་སྙིང་པོ་བཟླས༔ ཡང་སྤྱི་བོར་རྣམ་སྣང་ཡབ་ཡུམ་སྦྱོར་མཚམས་དང་ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ འབྱུང་བ་ནམ་མཁའི་བཅུད་ཐམས་ཅད་སྤྱི་བོའི་སྣམ་སྣང་གི་བུམ་པར་བསྡུ༔ མགྲིན་པར་རིན་འབྱུང་ཡབ་ཡུམ་གྱི་སྦྱོར་མཚམས་དང་༔ ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ སའི་བཅུད་དང་༔ རི་བོ་རི་བྲན་གངས་རི་སྨན་རི་རྩི་ཤིང་ནགས་ཚལ་གྱི་བཅུད་ཐམས་ཅད་རིན་འབྱུང་གི་བུམ་པར་བསྡུས༔ སྙིང་གའི་མི་བསྐྱོད་པ་ཡབ་ཡུམ་སྦྱོར་མཚམས་དང་༔ ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ འབྱུང་བ་ཆུའི་བཅུད༔ རྒྱ་མཚོ་ཆེན་པོ་དང་ཆུ་བྲན་ལ་སོགས་པའི་བཅུད་ཐམས་ཅད་མི་བསྐྱོད་ཚེ་དཔག་མེད་ཡབ་ཡུམ་གྱི་བུམ་པར་བསྡུ༔ ལྟེ་བར་དོན་གྲུབ་ཡབ་ཡུམ་གྱི་སྦྱོར་མཚམས་དང་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རླུང་གི་བཅུད་ཐམས་ཅད་དོན་གྲུབ་ཀྱི་བུམ་པར་བསྟིམ༔ དེ་དག་རེ་རེ་ལ་ཡང་བརྒྱའམ་དམིགས་པ་གསལ་བས་ལན་གསུམ་རེ་ཙམ་བསྡུས་ནས་བསྟིམ་མོ༔ དེ་ནས་ཚེ་དཔག་མེད་


CMR008_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་བུམ་པ་རྣམས༔ ཚེའི་བདུད་རྩི་ཆི་ལི་ལི་ཁོལ་བར་བསྒོམས་ལ༔ ཀྱེ་མ་འགྲོ་བའི་མགོན་པོ་སོགས་རིགས་ལྔའི་གསོལ་འདེབས་དེ་དབྱངས་དང་བཅས་ལན་གསུམ་གསོལ་བ་བཏབ་རྗེས་ལ༔ རིགས་ལྔའི་བུམ་པ་ནས༔ འཆི་མེད་ཀྱི་བདུད་རྩི་ན་ར་ར་བབ་ཅིང་བདག་གི་ལུས་དཀར་ལྟེམ་གྱིས་གང་བར་བསྒོམ༔ དེའི་དབང་དོན་སྒོམ་པ་ནི༔ འབྱུང་བ་ནམ་མཁའི་བཅུད་བསྡུས་པས་བདག་ལུས་སྐྱེ་འཆི་དང་༔ གཞིག་གཞོམ་གང་ཡང་མེད་དེ་རྡོ་རྗེའི་སྐུ་ཐོབ༔ ཆུའི་བཅུད་ཀྱིས་རྒྱུན་ཆད་མེད་ཅིང་ཚེ་རིང་བར་བྱས༔ མེའི་བཅུད་ཀྱིས་བཀྲག་མདངས་དང་ལྡན་པར་གྱུར༔ སའི་བཅུད་ཀྱིས་ཤ་རྒྱས་གཉེར་མ་མེད་ཅིང་སྲ་བ་དང་བརྟན་པར་གྱུར༔ རླུང་གི་བཅུད་ཀྱིས་ཡང་རྩལ་ཆེ་ཞིང་མི་འགྱུར་བར་གྱུར༔ དེ་ལྟར་འབྱུང་བ་ཕྱིའི་བཅུད་བསྡུས་པས་ནང་གི་འབྱུང་བ་སྟོབས་སུ་འགྱུར་ཞིང་སོ་སོར་གནས་པས༔ ལུས་ལ་ཚ་གྲང་འདུ་བའི་ནད་མི་འབྱུང་༔ ཚེའི་རིག་འཛིན་ཐོབ་པར་གྱུར་སྙམ་དུ་བསྒོམ་ཞིང་༔ དེ་ལྟར་འབྱུང་བའི་བཅུད་བསྡུས་དམིགས་པ་དེ་ཐམས་ཅད་བྱེད་ཅིང་སྔགས་ཁྲི་ཚོ་གཅིག་འགྲོ་བར་བྱས་ལ༔ ཡོང་སྤོག་ཆོག་གི་ཚུལ་དུ༔ ཀྱེ་མ་འགྲོ་


CMR008_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཐུགས་རྗེ་ཅན༔ ཞེས་སོགས་གསོལ་བ་ལན་གསུམ་བཏབ་པས༔ རྒྱལ་བ་རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས༔ འོད་ཟེར་སྐར་མདའ་ལྟ་བུ་འཕྲོས་པས༔ བདག་གི་བླ་ཚེ་ཡར་བའམ་གདོན་བགེགས་ཀྱིས་ཁྱེར་བ་ལ་སོགས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་ཐམས་ཅད་བསྡུས་ནས་རང་གི་སྙིང་གའི་དྲི་ལ་ཐིམ་པས༔ སྦྱོར་མཚམས་ནས་བྱང་སེམས་ན་ར་ར་བབས་པས་བདག་གི་ལུས་གང་བར་བསམ༔ ཁྱད་པར་དུ་ལུས་ཀྱི་རྩ་འཁོར་ལོ་ལྔ་གོང་ལྟར་བསྒོམ༔ ཚེ་ཉམས་པ་སོར་ཆུད་པར་བསམ་ལ་སུམ་སྟོང་ཙམ་བཟླའོ༔ དེ་ཡང་ཚེ་བདག་རིགས་བཞི་ལུས་ཀྱི་ནང་དུ་བཞུགས་པར་སྒོམ་བདེ་ལ༔ གཙོ་བོ་པདྨ་ཚེ་དཔག་མེད་ཕྱི་ཡིན་པས་སྒོམ་མི་བདེ་ཞིང་གཅིག་ཡོད་པ་ལ་འབྱུང་བ་མེའི་བཅུད་བསྡུས་པའི་བདུད་རྩི་ཕྱག་གི་བུམ་པའི་མཆུ་དཀུ་ལ་བརྟེན་པ་ནས་ལྟེ་བའི་བུ་གར་ཞུགས་ཏེ་ལུས་གང་བར་བསྒོམ་པ་དང་༔ བྱང་སེམས་སྦྱོར་མཚམས་ནས་ཡུམ་གྱི་མཁའ་ལ་བབས་པས་ཡུམ་གྱི་བྱང་སེམས་དཀར་དམར་འདྲེས་ནས་ཡུམ་གྱི་བྷ་ག་ཁེངས་པ་ལས༔ སྦུ་གུ་རྒྱུད་ནས་འོ་མ་བཏུང་བ་ལྟར་རྡོ་རྗེའི་སྦུབས་


CMR008_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡར་བྱང་སེམས་དྲངས་བས་སྐུ་ལུས་གང་བར་བསྒོམ་མོ༔ དེ་ལྟར་སྔགས་གྲངས་ཁྲི་སུམ་སྟོང་དེ་ཐུན་གཅིག་ཏུ་བྱས་ལ༔ ཐུན་མཚམས་སུ་སྒྲུབ་ཆེན་གཞུང་གི་ཚེ་འགུགས་དེ་སྦྱར༔ སྤྱི་བོའི་ཨོ་རྒྱན་ཚེ་དཔག་མེད་མར་བྱོན་ནས་སྙིང་གའི་བུདྡྷ་ཐོད་ཕྲེང་རྩལ་ལ་ཐིམ་པས་ཚེ་དཔག་མེད་ཀྱི་སྐུར་ལམ་གྱིས་གྱུར་ཏེ༔ དེའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་མཆོང་གི་བུམ་པའི་ནང་དུ་ཧཱུྃ་ལྗང་གུ་ཡང་གསལ་བཏབ༔ དེ་ནས་མདུན་བསྐྱེད་ནི་སྒྲུབ་པ་མ་ཚར་བར་བཞུགས་ལ༔ བདག་བསྐྱེད་གཞལ་ཡས་ཁང་འཁོར་ལ་བསྡུ་འཁོར་བདག་ལ་བསྡུ༔ བདག་ཀྱང་ཡས་མར་འོད་དུ་རིམ་པར་ཞུ་ནས་ཐུགས་ཀའི་ཚེ་དཔག་མེད་ལ་ཐིམ༔ དེ་ཡང་རྡོ་རྗེ་རྒྱ་གྲམ་ལ༔ དེ་ཡང་བུམ་པ་ལ༔ བུམ་པ་ཚིགས་ལ་ཐིམ༔ ཧཱུྃ་དེ་སྐད་ཅིག་གིས་རྡོ་རྗེ་རྩེ་ལྔ་པ་འགྱུར་མེད་དུ་ཁྲོང་ངེ་བ་ཞིག་ཏུ་ང་རྒྱལ་ཡུད་ཙམ་བཟུང་༔ དེ་ཡང་མི་དམིགས་སྟོང་ཉིད་ངང་དུ་དར་གཅིག་བཞག་གོ༔ བསྔོ་བ་སྨོན་ལམ་བྱ༔ དེ་ལྟར་ཐུན་བཞིའམ་གསུམ་མམ་ཐ་ན་གཉིས་བྱས་ཏེ༔ ལས་སྦྱོར་འདི་ལ་ཡུན་ནི༔ སྒྲུབ་པ་བདུན་གཉིས་ཡིན་ན་ལས་སྦྱོར་ཞག་གསུམ༔ སྒྲུབ་པ་བདུན་གསུམ་ཡིན་ན་


CMR008_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་འདི་ཞག་བདུན༔ སྒྲུབ་པ་ཟླ་གཅིག་ལ་འདི་ཞག་བཅུ་ཙམ༔ དེ་ཙམ་གྱི་མང་ཉུང་བྱའི་གཞུང་རང་ནས་ཡུན་རིང་མ་གསུངས་ཀྱང་འདི་ཟབ་པས་ཅུང་ཟད་མང་བར་བྱ་སྟེ༔ ལས་སྦྱོར་གཞན་དང་འདི་མི་འདྲ་སྟེ་འདི་སྒྲུབ་པའི་དངོས་གཞི་ལྟ་བུར་ཡོད་པས་སོ༔ འདི་རྩ་རླུང་བསྒོམ་པ་གཙོ་བོ་ཡིན་པས་བྱང་སེམས་འཕེལ་ཐབས་བཅུད་ལེན་བྱ་བ་དང་༔ འདི་ཚེ་བསྲིང་ཐབས་ཡིན་པས་སྲོག་སྐྱབས་ཚེ་ཐར༔ རྐྱེན་ངན་སེལ་ཕྱིར་བསྐང་གསོ་ཚ་ཚ་སོགས་སྐུ་རིམ་རྣམས་རྒྱབ་སྐྱོར་ཡོད་ན་བཟང་༔ གཞན་ནད་པ་སོགས་ལ་བཏབ་པ་དམིགས་རིམ་སྲུང་འཁོར་བསྒོམ་པ་གྲིབ་ཆེན་ལ་ངག་གཏམ་ཙམ་ཡང་མི་བྱེད་པ་དང་༔ ཟས་གྲིབ་ཆེན་འཛེམ་པ་སོགས་བསྒྲུབ་དུས་བྱུང་ན་གལ་ཆེ་ཞིང་རྟགས་མཚན་གསལ་ལོ༔ དེ་རྣམས་མ་འཕྲོད་ཀྱང་སླར་རྐྱེན་ངན་འོང་བའི་སྣ་འདྲེན་པ་ཁྲོ་བོའི་སྒྲུབ་པ་དམ་ཚིག་ལྟ་བུ་ནི་མ་ཡིན་ནོ༔ སྒྲུབ་པ་ཐོན་ནས་རྗེས་ཆོག་རྣམས་བྱའོ༔ རྒྱུན་དུ་བརྒྱ་རེ་ཡི་དམ་བྱ་བར་གསུངས་པས༔ དེའང་རབ་ནི་སྐུ་འབག་བཤམས་ལ་གཏོར་མ་དང་མཆོད་པ་ཅི་འབྱོར་བྱས་ལ༔ ལས་བྱང་གཉིས་གང་རུང་ཚར་རེ་བཏང་སྟེ༔ ལྷ་བསྐྱེད་ལས་སྦྱོར་དུས་


CMR008_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱས་ལ་བསྙེན་སྒྲུབ་ལས་གསུམ་དམིགས་པ་རིམ་པར་འཛབ་དགོངས་སྐབས་སུ་ཡིད་ཀྱིས་བསྒོམ་ཞིང་༔ སྟོང་ངམ་སུམ་བརྒྱ་ཙམ་རེ་བཟླས་ལ༔ དེ་ནས་གོང་ལྟར་དམིགས་མེད་དུ་བསྣུ༔ མདུན་བསྐྱེད་སྐུ་འབག་ལ་བསྟིམ༔ དེ་ལྟར་རྒྱུན་དུ་འཕྲོད་ན་རབ་བོ༔ གཏོར་མ་སོགས་མེད་ན་སྐུ་འབག་བཤམས་ལ༔ སྔོན་འགྲོ་བཞི་སྦྱོར་བྱས་ལ་མཁར་དྲུང་གིས་མཛད་པ་ལྟར་གཙོ་རྐྱང་བསྒོམ་ལ་ཅུང་ཟད་བསྙེན་སྒྲུབ་ལས་གསུམ་ཀ་ཐུན་རེ་བྱའོ༔ དེ་ནི་འབྲིང་ཡིན་ལ༔ ཐ་མ་སྐུ་འབག་མེད་ཀྱང་སྐད་ཅིག་དྲན་རྫོགས་སུ་བདག་མདུན་བསྒོམས་ནས༔ བསྙེན་སྒྲུབ་ལས་སྦྱོར་དམིགས་པ་སྐད་ཅིག་རེ་ལ་བསྒོམ་ལ་སྔགས་བརྒྱ་རྩ་ནི་མ་ཆག་པར་བྱ་བ་གལ་ཆེའོ༔ ལོངས་སྐུ་སྒྲུབ་པའི་འདོན་འགྲིགས་ཨ་རཱ་གས་བཀོད་པ་ལ་ཉེས་པ་གང་མཆིས་ལྷ་དང་སྲུང་མར་བཤགས་ཤིང་༔ དགེ་བས་ཆོས་མཛད་ཐམས་ཅད་སྐུ་ཚེ་རིང་བ་དང་༔ སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག༔ མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


no previousབླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ ལོངས་སྐུ་སྒྲུབ་པའི་ཟིན་བྲིས།next