Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
བླ་མ་སྐུ་གསུམ་གྱི་སྒྲུབ་པ་རྒྱུན་ཁྱེར་དུ་བྱ་བ་སྤྲོས་མེད་ཨ་ཏི་ལྟར་ཉམས་སུ་ལེན་ཚུལ་གྱི་ཟིན་བྲིས་བདག་རང་གི་ཐུགས་དམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་སྐུ་གསུམ་གྱི་སྒྲུབ་པ་རྒྱུན་ཁྱེར་དུ་བྱ་བ་སྤྲོས་མེད་ཨ་ཏི་ལྟར་ཉམས་སུ་ལེན་ཚུལ་གྱི་ཟིན་བྲིས་བདག་རང་གི་ཐུགས་དམ།next

བླ་མ་སྐུ་གསུམ་གྱི་སྒྲུབ་པ་རྒྱུན་ཁྱེར་དུ་བྱ་བ་སྤྲོས་མེད་ཨ་ཏི་ལྟར་ཉམས་སུ་ལེན་ཚུལ་གྱི་ཟིན་བྲིས་བདག་རང་གི་ཐུགས་དམ།


CMR008_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྐུ་གསུམ་གྱི་སྒྲུབ་པ་རྒྱུན་ཁྱེར་དུ་བྱ་བ་སྤྲོས་མེད་ཨ་ཏི་ལྟར་ཉམས་སུ་ལེན་ཚུལ་གྱི་ཟིན་བྲིས་བདག་རང་གི་ཐུགས་དམ་ལགས་སོ༔


CMR008_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་དྷརྨ་ཀཱ་ཡ་ནིར་མ་ཀཱ་ཡ་སམྦྷོ་ཀཱ་ཡ་ཡེ༔ སྐུ་གསུམ་བླ་མའི་ཞབས་ལ་ཕྱག་འཚལ་ནས༔ སྐུ་གསུམ་སྒྲུབ་པ་རྒྱུན་ཁྱེར་གདམས་པ་བྲི༔ ཌཱ་ཀི་བཀའ་སྲུང་བཀའ་ཡི་གནང་བ་སྩོལ༔ དེ་ལ་སྤྲོས་བཅས་ཀྱི་སྐུ་གསུམ་སྒྲུབ་པ་སྔོན་དུ་སོང་ཞིང་དམིགས་རིམ་གསལ་འདེབས་དང་བཅས་པ་བློ་ལ་གསལ་བའི་གང་ཟག་གིས་རྒྱུན་དུ་སྐུ་འབག་དཀྱིལ་ཐང་མི་ལྕོགས་ཤིང་ལས་བྱང་གཞུང་བསྲང་ཡང་མི་འགྲུབ་ལ༔ མཆོད་གཏོར་ཡང་མི་འཛོམ་པའམ༔ དེ་དག་འཛོམ་ཡང་སྤྲོས་མེད་ཨ་ཏི་ལ་མོས་ཤིང་༔ སྤྲོས་པ་མང་ན་ཉམས་རྟོགས་ལ་གནོད་ན༔ རྒྱུན་དུ་སྤྲོས་མེད་ལྟར་སྒོམ་བཟླས་ཐུན་རེ་


CMR008_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆག་པར་བྱ་སྟེ༔ ཐུན་མོང་གི་སྔོན་འགྲོ་རྣམས་རྒྱུད་ལ་སྐྱེས་ཡོད་པས་འཐུས་ཚིག་གཤར་མི་དགོས༔ སྐྱབས་སེམས་སོགས་ཁྱད་པར་གྱི་སྔོན་འགྲོ་གསར་རྙིང་གང་རུང་རྒྱས་བསྡུས་ཅི་ལྕོགས་སྔོན་དུ་སོང་ནས༔ ངག་ཏུ་བསྙེན་པ་ཁོ་ན་བྱ་ཞིང་ཡིད་ཀྱིས་དམིགས་རིམ་བསྒོམས་པས་འཐུས་ཏེ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ་ཐུགས་སྒྲུབ་དཀྱིལ་འཁོར་ཡོངས་རྫོགས་སམ༔ རྟ་ཕག་ཡབ་ཡུམ་སྤྱི་བོར་སྤྲུལ་སྐུ་དང་བཅས་པ་དམ་ཡེ་དབྱེར་མེད་དུ་གསལ་བཏབ་སྟེ༔ དེ་ཡང་སྐུ་ཆེ་བ་འཛམ་གླིང་ཁེངས་བར་བསྒོམས་ལ༔ རང་ཁ་ལྷོ་ནུབ་ཏུ་རྒྱུ་ནས་ལྷོ་ནུབ་རྔ་ཡབ་གླིང་པདྨ་འོད་ཀྱི་ཕོ་བྲང་


CMR008_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཀྱི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་ཡིན་པ་ལ་ཡིན་པ་ལྟར་གསལ་བཏབ་ནས༔ ཟངས་མདོག་དཔལ་རིའི་རྩེའི་གུ་རུ་སྤྲུལ་སྐུ་དེ་ཉིད་མདུན་བསྐྱེད་དཀྱིལ་འཁོར་གཙོ་བོར་བྱས༔ དེའི་གནས་བཞིར་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཕྱག་ཞབས་བཞི་ལ་ཧ་རི་ནི་ས་ར་ཙ་ཧཱིཡ་དང་བཅས་པ་གསལ་བཏབ་ལ༔ སྤྲུལ་སྐུ་སྒྲུབ་པའི་གསོལ་འདེབས་གཅིག་གམ་གསུམ་བྱས༔ བསྡུ་ན་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ་ཞེས་བརྗོད་ནས་རླུང་ཞིག་བུས་རང་གི་ཉམས་ཆག་དང་སྡིག་སྒྲིབ་ཐམས་ཅད་ཕར་ཐོན་ཅིང་དག་པར་བསམ༔ ཚུར་རྔུབ་པའི་ཚེ་གུ་རུའི་གནས་བཞི་ནས་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་ངོ་བོ་ཨོ་དཀར་དམར་ཧཱུྃ་མཐིང་ཧྲཱིཿལྗང་གུ་རྣམས་འོད་ཟེར་དང་བཅས་པ་དང་༔ ཕྱག་ཞབས་ཡིག་འབྲུ་བརྒྱད་ལས་འོད་ཟེར་སྣ་ཚོགས་བྱུང་སྟེ་རང་གི་གནས་བཞི་དང་ཡན་ལག་བཞིར་ཐིམ་པས་སྒྲིབ་པ་བཞི་དག༔ སྐུ་གསུང་ཐུགས་དང་སྐུ་གསུམ་ཡོངས་རྫོགས་ཀྱི་དངོས་གྲུབ་ཐོབ༔ མཆོག་ཐུན་མོང་དང་ཕྲིན་ལས་བཞིའི་བྱིན་རླབས་དངོས་གྲུབ་ཀྱི་དབྱིག་ཆེན་པོ་ཐོབ་པར་བསམས་ལ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པ་བརྒྱའམ་ཅི་ནུས་


CMR008_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པས་བསྙེན་པའོ༔ དངོས་གཞི་ལ་རང་གི་སྤྱི་བོ་ནས་བླ་མ་མར་བྱོན་སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་གསང་འདུས་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ལམ་གྱིས་གྱུར༔ ལྷོ་ནུབ་རྔ་ཡབ་གླིང་དེ་མདུན་བསྐྱེད་ཀྱི་དཀྱིལ་འཁོར༔ དེ་ལ་གླིང་དགུ་ཡོད་པའི་དབུས་གླིང་དེ་བུམ་པ༔ སིན་དྷུ་རོལ་པའི་མཚོའི་དབུས་དེ་བུམ་ཆུ༔ རི་དེ་པདྨའི་སྡོང་པོ༔ དེའི་སྟེང་ན་ཐུགས་སྒྲུབ་ལྷ་ཚོགས་དངོས་སུ་གསལ་བའི་རྟ་མགྲིན་གྱི་དབུ་གཙུག་ཨོ་རྒྱན་རིན་པོ་ཆེ་དེ་ཡང་རྡོ་རྗེ་འཆང་གསང་འདུས་ཡབ་ཡུམ་གྱི་སྐུར་གནས་འགྱུར་བའི་ཐུགས་ཀ་དང་༔ རང་གི་ཐུགས་ཀའི་རྡོ་རྗེ་འཆང་གི་ཐུགས་ཀར་ཟླ་བའི་གདན་ལ་ཧཱུཾ་མཐར་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་རྒྱལ་བ་ཐམས་ཅད་ལ་མཉེས་མཆོད་འབུལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་རང་ལ་བསྟིམ་ཞིང་༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བསྙེན་པ་ལས་གཉིས་འགྱུར་རམ་སུམ་འགྱུར་མང་ཙམ་བཟླས༔ དེ་ནི་སྒྲུབ་པའོ༔ དེ་ནས་རང་ཉིད་རྟ་མགྲིན་འོད་དུ་ཞུ་བ་སྙིང་གའི་རྡོ་རྗེ་འཆང་ལ་ཐིམ༔ རང་ཉིད་རྡོ་རྗེ་འཆང་དེ་སྐད་ཅིག་ལ་རྡོ་རྗེ་ཐོད་ཕྲེང་རྩལ་དུ་


CMR008_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འགྱུར་དམ་ཡེ་དབྱེར་མེད་པའི་གནས་བཞིར་ཡིག་འབྲུ་ཁ་དོག་བཞི་དང་༔ ཐུགས་ཀར་ཧཱུྃ་དཀར་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས་ནད་གདོན་བགེགས་དང་བར་ཆད་ཐམས་ཅད་ཞི་བར་བསྒོམས་ལ༔ ཨོཾ་བཛྲ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཤཱནྟི་ཀུ་རུ་སྭཱ་ཧཱ༔ ཞེས་སྒྲུབ་པའི་སྔགས་དེ་ཅི་ཙམ་བཟླས་པའི་བཅུ་ཆ་གཅིག་ཙམ་བཟླ་བ་བཞི་ཀ་འདྲའོ༔ དེ་ནས་རྡོ་རྗེ་ཐོད་ཕྲེང་རྩལ་དེ་སྐད་ཅིག་ལ་རཏྣ་ཐོད་ཕྲེང་རྩལ་དུ་གནས་འགྱུར་གནས་བཞིར་ཡི་གེ་བཞི་དང་༔ ཐུགས་སྲོག་ཏུཾ་སེར་པོའི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་སེར་པོ་ཕྱོགས་བཅུར་འཕྲོས་པས༔ བདག་གི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་རྒྱས་པར་བསྒོམས་ལ༔ ཨོ་རཏྣ་གུ་རུ་སརྦ་སིདྡྷི་ཧཱུྃ༔ པུཊྚི་ཀུ་རུ་སྭཱ་ཧཱ༔ ཞེས་བཟླ༔ དེ་ནས་རཏྣ་ཐོད་ཕྲེང་རྩལ་དེ་ཉིད་སྐད་ཅིག་ལ་པདྨ་ཐོད་ཕྲེང་རྩལ་དུ་གནས་འགྱུར་གནས་བཞིར་ཡིག་འབྲུ་བཞི་དང་ཐུགས་སྲོག་ཨཱདམར་པོའི་མཐར་སྔགས་ཕྲེང་དམར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣང་སྲིད་ལྷ་འདྲེ་མི་གསུམ་ཚེ་དང་བསོད་ནམས་འཁོར་ལོངས་སྤྱོད་སྣང་བ་ཐམས་ཅད་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུས་བཀུག་ཅིང་རང་ལ་


CMR008_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམས་པས་སྣང་སྲིད་དབང་དུ་འདུས་པར་བསམས་ལ༔ ཨོ་པདྨ་གུ་རུ་སརྦ་སིདྡྷི་ཧཱུྃ༔ པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླ༔ དེ་ནས་རང་ཉིད་པདྨ་ཐོད་ཕྲེང་རྩལ་དེ་ཉིད་སྐད་ཅིག་ལ་ཀརྨ་ཐོད་ཕྲེང་རྩལ་དུ་གནས་འགྱུར༔ གནས་བཞིར་ཡི་གེ་བཞི་དང་ཐུགས་སྲོག་ཧ་ལྗང་མཐར་སྔགས་ཕྲེང་ལས་འོད་ཟེར་ལྗང་གུ་ཕྱོགས་བཅུར་འཕྲོས་པས༔ གནོད་བྱེད་གདོན་དང་དགྲ་བགེགས་འབྱུང་པོ་ཐམས་ཅད་ཚར་བཅད་པར་བསམ་ཞིང་༔ ཨོཾ་ཀརྨ་གུ་རུ་སརྦ་སིདྡྷི་ཧཱུྃ༔ མཱ་ར་ཡ་ཆད་ནན༔ ཞེས་བཟླས༔ དེ་ནས་ཐུན་མཚམས་ངག་འདོན་ཧཱུཾ་སྒྲུབ་ནི༔ བདག་ཀརྨ་ཐོད་ཕྲེང་རྩལ་དང་མདུན་བསྐྱེད་རྔ་ཡབ་གླིང་གི་གཙོ་བོ་གཉིས་ཀ་སྐད་ཅིག་ལ་གནས་འགྱུར་ནས་གུ་རུ་དྲག་པོ་མཐིང་ནག་རྡོ་རྗེ་དང་ཕུར་པ་བསྣམས་པ༔ འཁོར་ཐམས་ཅད་ཐོད་ཕྲེང་རིགས་བཞི་གུ་རུ་མཚན་བརྒྱད་ཐམས་ཅད་གཙོ་བོ་འདྲ་བ་འགྱུར་ཞིང་ཐུགས་སྲོག་ཧཱུྃ་ནག་པོ་ལས་མེ་འབར་བས་ལུས་གང་ནད་གདོན་སྡིག་སྒྲིབ་བསྲེགས་པ་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་གནོད་བྱེད་ཐམས་ཅད་བསྲེགས༔ བདག་མདུན་ཐམས་ཅད་ཧཱུྃ་སྒྲས་འཇིག་རྟེན་ཐམས་ཅད་གཡོ་འགུལ་བྱེད་པར་བསམས་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པ་ཅི་ལྕོགས་བཟླས༔ དེ་


CMR008_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མདུན་བསྐྱེད་རྔ་ཡབ་གླིང་གི་འཁོར་ཐམས་ཅད་གཙོ་བོ་ལ་ཐིམ༔ གཙོ་བོ་ཡེ་ཤེས་པའི་ཚུལ་དུ་ཚུར་བྱོན་བདག་ལ་ཐིམ༔ བདག་བསྐྱེད་ཀྱི་དཀྱིལ་འཁོར་རྣམས་འཁོར་ལ་ཐིམ༔ འཁོར་རྣམས་བདག་ལ་ཐིམ༔ བདག་ཧཱུྃ་ལ་ཧཱུཾ་གྱེན་རྫོགས་སུ་ཡལ་ནས་སྟོང་ཉིད་རྫོགས་པ་ཆེན་པོའི་ངང་དུ་བཞག༔ སླར་ཡང་རྟ་མགྲིན༔ རྒྱན་དང་ཡབ་ཡུམ་ཕྱག་མཚན་མེད་པ་ཞིག་ཏུ་བསྒོམས་ནས་བསྔོ་བ་སྨོན་ལམ་ཤོ་ལོ་ཀ་རེ་བྱས་ལ༔ སྤྱོད་ལམ་ལ་འཇུག་སྟེ༔ སྤྲུལ་སྐུ་སྒྲུབ་པ་ལ་ཡི་དམ་བྱེད་འདོད་ན་སྒོམ་བཟླས་འདི་ཐུན་རེ་མ་ཆག་པ་གལ་ཆེའོ༔ སྤྲུལ་སྐུ་སྒྲུབ་པ་སྤྲོས་མེད་ཉམས་སུ་ལེན་ཚུལ་བདག་ཨ་རཱ་གས་བསྡེབས་པ་ལ་ཉེས་པ་གང་མཆིས་ལྷ་དང་སྲུང་མའི་ཚོགས་ལ་བཤགས་སོ༔ འདི་ཕྱིར་སྒྲིབ་པ་དང་རྐྱེན་དུ་མ་གྱུར་ཅིག༔ ༈ གཉིས་པ་བླ་མ་ལོངས་སྐུ་སྒྲུབ་པ་སྤྲོས་མེད་རྒྱུན་ཁྱེར་གྱི་དམིགས་རིམ་ནི༔ སྐད་ཅིག་དྲན་རྫོགས་སུ་རང་ཉིད་རྟ་མགྲིན་ཡབ་ཡུམ་རི་རབ་ཙམ་སྤྱི་བོར་བླ་མ་ལོངས་སྐུ་དང་བཅས་པ༔ འཛམ་བུ་གླིང་འདིར་ཐུགས་སྒྲུབ་ཀྱི་དཀྱིལ་འཁོར་གྱི་ལྷ་རྟེན་བརྟེན་པ་དང་བཅས་པ་དམ་ཡེ་དབྱེར་མེད་དུ་གསལ་བཏབ༔ ཁ་ལྷོ་ནུབ་ཏུ་གྱུ་ལ༔ རྔ་ཡབ་གླིང་དེ་མདུན་བསྐྱེད་དཀྱིལ་འཁོར་བརྟེན་པ་


CMR008_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་ལྷ་རྟེན་དཀྱིལ་འཁོར་དང་བཅས་པ་གསལ་བཏབ་པའི༔ རྟ་མགྲིན་གྱི་དབུ་གཙུག་ཏུ་ཨོ་རྒྱན་རིན་པོ་ཆེ་དེ་ཉིད་བླ་མ་ལོངས་སྐུའི་ཆ་ལུགས་སུ་གསལ་བའི་སྐུའི་གནས་བཞིར་ཡིག་འབྲུ་བཞི༔ ཕྱག་ཞབས་ཡིག་འབྲུ་བརྒྱད་དང་བཅས་པ་གསལ་བཏབ་ལ༔ ༈ ཧྲཱི༔ འགྲོ་བའི་བླ་མ་ཨོ་རྒྱན་ཚེ་དཔག་མེད༔ མི་འགྱུར་མི་ཤིགས་འཇིགས་མེད་རྡོ་རྗེའི་སྐུ༔ ལྷག་པའི་སྨོན་ལམ་ལས་གྲུབ་འོད་དཔག་མེད༔ སྔོན་ལས་འཕྲལ་རྐྱེན་ཚེ་ལ་གནོད་པའི་བགེགས༔ མི་མཐུན་བར་ཆད་ཞི་བར་གསོལ་བ་འདེབས༔ བླ་མ་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ ཞེས་དང་༔ བསྡུ་ན༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ༔ ཞེས་གསོལ་བ་བཏབ་ནས་རླུང་ཞིག་བུས་པས་ལུས་ཀྱི་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ༔ ཚུར་རྔུབ་དུས་རྔ་ཡབ་ཀྱི་བླ་མ་ལོངས་སྐུ་དེའི་སྐུའི་གནས་བཞི་ནས་ཨོ་དཀར་ཨཱདམར་ཧཱུྃ་མཐིང་ཧྲཱིཿལྗང་བཞི༔ ཐིག་ལེའི་རང་བཞིན་ཅན་བར་མ་ཆད་པར་རང་གི་གནས་བཞིར་ཐིམ་པས༔ སྒྲིབ་པ་བཞི་དག་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་


CMR008_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཡོངས་རྫོགས་ཀྱི་བྱིན་རླབས་ཞུགས༔ དབང་བཞི་ཐོབ་ཅིང་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམ༔ དེ་ཅི་མང་བསྒོམ་པའམ་དུས་གཅིག་ཏུ་བསྒོམ་ཡང་རུང་སྟེ༔ ཕྱག་ཞབས་ཡིག་འབྲུ་བརྒྱད་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཐིག་ལེའི་རང་བཞིན་བར་མ་ཆད་པར་རང་གི་ཡན་ལག་བཞི་ལ་ཐིམ་པས་མཆོག་དང་ཐུན་མོང་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་དང་༔ བྱིན་རླབས་དང་དངོས་གྲུབ་ཀྱི་དབྱིག་ཆེན་པོ་ཐོབ་པར་བསམ་ཞིང་༔ བཟླས་པ་ནི་བསྙེན་པ་ཡིན་ནོ༔ དེ་ནས་མདུན་བསྐྱེད་རྔ་ཡབ་གླིང་གི་དཀྱིལ་འཁོར་ལྷ་དང་བཅས་བདག་བསྐྱེད་ཀྱི་དཀྱིལ་འཁོར་ལ་ཡེ་ཤེས་པའི་ཚུལ་དུ་ཐིམ་པའི་སྟོབས་ཀྱིས་བདག་ཉིད་རྟ་མགྲིན་ཡབ་ཡུམ་སྐད་ཅིག་ལ་ཚེ་དཔག་མེད་ཡབ་ཡུམ་གྱི་སྐུར་གྱུར༔ ཁྱད་པར་དུ་རྔ་ཡབ་གླིང་གི་བླ་མ་ལོངས་སྐུ་དེ་ཙན་གྱིས་བྱོན་ནས་རང་གི་སྤྱི་བོའི་ལོངས་སྐུ་ལ་ཡེ་ཤེས་པའི་ཚུལ་དུ་ཐིམ་པའི་གནས་གསུམ་དུ་ཡིག་འབྲུ་གསལ་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་མཉམ་གཞག་གི་བུམ་པར་སིབ་སིབ་ཐིམ་འཆི་མེད་ཀྱི་བདུད་རྩི་འོ་མ་ལྟ་


CMR008_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བུས་གང་༔ དེ་ལས་འོད་ཟེར་འཕྲོས་ལྷ་དང་དྲང་སྲོང་གྲུབ་ཆེན་ཚེ་ལ་དབང་བ༔ འགྲོ་བ་མིའི་སྲོག་ནི་འབྱུང་བ་བཞིའི་བཅུད་ནམ་མཁའི་བཅུད་ཐམས་ཅད་སིབ་སིབ་འདུས་བུམ་པར་འཁྱིལ༔ བུམ་པའི་བདུད་རྩི་ཆི་ལི་ལི་ཁོལ་བ་དང་༔ གསོལ་འདེབས་གོང་ལྟར་བྱ་སྟེ༔ ཧྲཱི༔ འགྲོ་བའི་བླ་མ་སོགས་གོང་དུ་གསོལ་འདེབས་བྱ་བར་གཞུང་ནས་གསུངས་པས་འདིར་འཐུས་ལ༔ མཁར་དྲུང་ལུགས་ལྟར་གཉིས་གང་བྱས་ཀྱང་ལེགས་སོ༔ རླུང་རོ་ལན་གསུམ་བུས་པས་ལུས་ཀྱི་ནད་གདོན་ཚེའི་བར་ཆད་ཐམས་ཅད་སངས་སེ་དག་སྟེ་ལུས་སྟོང་སང་ངེ་རླུང་དུ་བ་ལྟ་བུ་སྔོ་ནར་གྱིས་སོང་བས་སྤྱི་བོའི་ཚེ་དཔག་མེད་ཀྱི་བུམ་པའི་ཞབས་རྡོལ་ནས་བུམ་པའི་ཁ་ན་རླངས་པ་ཐོལ་གྱིས་སྔོ་སངས་སེར་ཐོན་པ་དང་༔ བུམ་པའི་ཞབས་ནས་བདུད་རྩི་རྡོལ༔ ཁ་ནས་ཁོལ་ཞིང་ལུད་པ་དང་༔ ཡབ་ཡུམ་བདེ་བས་བསྐུལ་བའི་སྦྱོར་མཚམས་ནས་དངས་མ་དཀར་དམར་དུ་ན་ར་ར་བབས་པས༔ རང་གི་སྤྱི་གཙུག་དང་ཁའི་ནང་གཉིས་ཀ་ནས་མར་བྱུང་བར་བསམས་ལ༔ ཁས་ཧུབ་ཧུབ་ཅེས་བཏུང་ལ་མཆིལ་མ་མིད་པས་ལྟེ་སྙིང་མགྲིན་པ་ཁེངས་སྤྱི་བོར་ཆིལ་གྱིས་ལུད་པ་དང་༔ ལུས་ཕྱི་ནང་ཡར་མར་དཀར་ཤམ་


CMR008_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བྱུང་བར་བསམ་ཞིང་རླུང་བཟུང་༔ བདུད་རྩི་བབས་པ་ལ་ཤེས་པ་གཏད་ལ༔ ཨོཾ་གུ་རུ་ཨཱ་ཡུ་ཛྷཱ་ན་ཧཱུཾ་ཧཱུཾ༔ནཾ་ཛསིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་སྒྲུབ་པའོ༔ དེ་ནས་རང་གི་སྤྱི་བོར་རྣམ་སྣང་ཚེ་དཔག་མེད་ཡབ་ཡུམ་དཀར་པོ་མགྲིན་པར་རིན་འབྱུང་ཚེ་དཔག་མེད་ཡབ་ཡུམ་སེར་པོ༔ ཐུགསཾ་ཀར་མི་བསྐྱོད་ཚེ་དཔག་མེད་ཡབ་ཡུམ་མཐིང་ག༔ ལྟེ་བར་དོན་གྲུབ་ཚེ་དཔག་མེད་ཡབ་ཡུམ་ལྗང་གུ་ཐམས་ཅད་མཉམ་གཞག་ཚེ་བུམ་འཛིན་པ་དམ་ཡེ་དབྱེར་མེད་པར་བསྐྱེད༔ དེ་རྣམས་ཀྱི་སྦྱོར་མཚམས་དང་ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ འབྱུང་བ་བཞིའི་བཅུད་ཐམས་ཅད་བསྡུས་ཏེ༔ ནམ་མཁའི་བཅུད་ཐམས་ཅད་རྣམ་སྣང་གི་བུམ་པར༔ ས་བཅུད་ཐམས་ཅད་རིན་འབྱུང་གི་བུམ་པར༔ ཆུ་བཅུད་ཐམས་ཅད་མི་བསྐྱོད་པའི་བུམ་པར༔ རླུང་བཅུད་ཐམས་ཅད་དོན་གྲུབ་ཀྱི་བུམ་པར་བསྡུས༔ མེ་བཅུད་ཐམས་ཅད་བདག་གཙོ་བོའི་བུམ་པར་བསྡུས་ཏེ༔ ཚེ་བདག་རིགས་ལྔའི་བུམ་པ་རྣམས་ཚེ་ཡི་བདུད་རྩིས་གང་ཞིང་ཆི་ལི་ལི་ཁོལ་བར་བསྒོམས་ལ༔ ཀྱེ་མ་འགྲོ་མགོན་ཐུགས་རྗེ་ཅན༔ སྨོན་ལམ་ལས་གྲུབ་རྒྱལ་བའི་སྐུ༔ དུས་མིན་འཆི་བ་སྐྱོབ་པའི་དཔལ༔ རྒྱལ་བ་རིགས་


CMR008_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཚེ་དཔག་མེད༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ དུས་མིན་འཆི་བ་བཟློག་ཏུ་གསོལ༔ ཅེས་གསོལ་བ་བཏབ་པའམ༔ བསྡུ་ན་ཡིད་ཀྱིས་གསོལ་བ་བཏབ་པས༔ རིགས་ལྔའི་བུམ་པ་ནས་འཆི་མེད་ཀྱི་བདུད་རྩི་ན་ར་ར་བབ་ཅིང་བདག་ལུས་དཀར་ལྟེམ་གྱིས་གང་བས༔ ནམ་མཁའི་བཅུད་ཀྱིས་སྐྱེ་ཤི་གཞོམ་གཞིག་མེད་པ་འཆི་མེད་རྡོ་རྗེའི་སྐུ་ཐོབ༔ ཆུ་བཅུད་ཀྱིས་ཚེ་རྒྱུན་རིང་༔ མེ་བཅུད་ཀྱིས་བཀྲག་མདངས་རྒྱས༔ ས་བཅུད་ཀྱིས་ཚེ་སྲ་བརྟན་ཤ་རྒྱས༔ རླུང་བཅུད་ཀྱིས་ཡང་རྩལ་བདེ་ཞིང་མི་འགྱུར་བར་བྱས་ཏེ༔ འཁོར་ལོ་ལྔ་བདུད་རྩིས་གང་ཕྱི་འབྱུང་བའི་བཅུད༔ ནང་འབྱུང་བའི་སྟོབས་སུ་གྱུར་ནས་ཚེའི་རིག་འཛིན་ཐོབ་པར་བྱས༔ དེ་ནས་རྒྱལ་བ་ཡབ་ཡུམ་རྣམས་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་འོད་ཟེར་སྐར་མདའ་ལྟར་འཕྲོས་པས༔ བདག་གི་བླ་ཚེ་ཡར་བའམ༔ གདོན་བགེགས་ཀྱིས་ཁྱེར་བ་ལ་སོགས་པ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་ཐམས་ཅད་བསྡུས་ནས༔ རང་གི་སྙིང་གའི་རྩྭ་ལ་ཐིམ་པས་སོར་ཆུད༔ སྦྱོར་མཚམས་ནས་བྱང་སེམས་བབས་པས་བདག་ལུས་འཁོར་ལོ་ལྔ་གང་༔ རིགས་བཞི་ཡབ་ཡུམ་ཡང་འོད་དུ་ཞུ་ནས་བདག་དང་དབྱེར་མེད་དུ་


CMR008_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པར་བསམ༔ དེ་ལྟར་བསམ་ཞིང་སྔགས་བཟླས་པ་ལས་སྦྱོར་སྤོག་ཆོག་ལྟ་བུ་ཡིན་ལ༔ དེ་ནས་ཐུན་མཚམས་སུ་སྤྱི་བོའི་བླ་མ་ཚེ་དཔག་མེད་དེ་རང་གི་སྙིང་གར་བྱོན༔ དེའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་མཆོང་གི་བུམ་པ་ཞིག་བསམ༔ དེའི་ནང་དུ་བདག་གི་སྲོག་ནི་ལྗང་གུ་ཞིག་བསྒོམ༔ དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་འཁོར་འདས་ཐམས་ཅད་སིབ་སིབ་འདུས་ནས་ལུས་ཀྱི་ནང་ཐམས་ཅད་དཀར་མེར་གྱིས་གང་ནས༔་ལུས་ཀྱི་ཕྱི་བ་སྤུའི་བུ་ག་ལའང་སྐྱ་ཕྲོམ་མེ་བྱུང་༔ བདག་གི་སྙིང་གའི་ཚེ་དཔག་མེད་ལ་ཐིམ༔ དེ་ཡང་རྡོ་རྗེ་རྒྱ་གྲམ་ལ༔ དེ་ཡང་བུམ་པ་ལ༔ བུམ་པ་ནི་ལ༔ ཧྲཱིཿ་དེ་སྐད་ཅིག་གིས་རྡོ་རྗེ་རྩེ་ལྔ་པ་འགྱུར་མེད་དུ་ཁྲོང་ངེ་བ་ཞིག་ཏུ་ང་རྒྱལ་དང་ལྡན་པར་བྱའོ༔ དེ་ནས་རང་སེམས་སྐྱེ་འཆི་མེད་པའི་རང་ཞལ་བལྟས་ཤིང་བླ་མ་ལོངས་སྐུའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བའི་བསྔོ་བ་སྨོན་ལམ་ཤོ་ལོ་ཀ་ཙམ་བྱའོ༔ དེ་ལྟར་ཐུན་རེ་ཙམ་ཀྱང་མ་ཚིག་པར་བྱའོ༔ ལོངས་སྐུ་སྤྲོས་མེད་ཉམས་ལེན་རྒྱུན་ཁྱེར་བྱ་ཚུལ་འདི་བཀོད་པ་ལ༔ ཉེས་པ་གང་མཆིས་ལྷ་དང་ཆོས་བདག་སྲུང་མ་རྣམས་ལ་བཤགས་སོ༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་པར་མ་གྱུར་ཅིག༔ འདི་ལ་


CMR008_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག༔ ༈ དེ་ནས་བླ་མ་ཆོས་སྐུར་སྒྲུབ་པ་ནི༔ སྐད་ཅིག་དྲན་རྫོགས་སུ་བདག་བསྐྱེད་ཐུགས་སྒྲུབ་དཀྱིལ་འཁོར་ཡོངས་རྫོགས་སམ༔ བསྡུ་ན་རྟ་ཕག་ཡབ་ཡུམ་གཙོ་རྐྱང་སྒོམ་པའི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་ཨཱ་ལི་ཀཱ་ལིས་མཚན་པའི་སྟེང་དུ་བླ་མ་ཆོས་སྐུ་རྡོ་རྗེ་འཆང་ཡབ་ཡུམ་སྐུའི་གནས་བཞིར་ཡིག་འབྲུ་བཞི་དང་བཅས་པ༔ དམ་ཡེ་དབྱེར་མེད་དུ་བསྒོམ༔ ཡེ་ཤེས་པ་སྤྱན་འདྲེན་མི་དགོས་ཏེ་ཆོས་སྐུས་མ་ཁྱབ་པ་མེད་ལ༔ ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ་གསུངས་པའི་ཕྱིར་རོ༔ དེ་ནས་བླ་མ་ཆོས་སྐུའི་གསོལ་འདེབས་དང་༔ ལེའུ་བདུན་མའི་དབུའི་ཤོ་ལོ་ཀ་གཅིག་གམ༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ༔ ཞེས་རྒྱང་འབོད་ཚུལ་དུ་བྱས་ལ༔ བདག་གི་བླ་མ་རིན་པོ་ཆེ་བདག་ལ་ད་ལྟ་ཉིད་དུ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ དབང་བཞི་རྫོགས་པར་བསྐུར་དུ་གསོལ༔ ཅེས་གསོལ་བ་བཏབ་པས༔ བླ་མ་ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་དུ་ན་ར་ར་བབས་པས་ཚངས་


CMR008_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བུག་ནས་མར་བྱུང་༔ སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཐམས་ཅད་གང་བས་ལུས་སྒྲིབ་ཐམས་ཅད་དག་བུམ་དབང་ཐོབ་པར་བསམ༔ དེ་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཐམས་ཅད་གང་ངག་སྒྲིབ་དག་གསང་དབང་ཐོབ༔ སྙིང་ག་ཆོས་ཀྱི་འཁོར་ལོ་ཐམས་ཅད་གང་ཡིད་སྒྲིབ་དག་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་གང་༔ སྒོ་གསུམ་སྡིག་སྒྲིབ་ཐམས་ཅད་དག་ཚིག་དབང་རིན་པོ་ཆེ་ཐོབ༔ དེ་ནས་བླ་མ་སྤྱི་བོ་ནས་མར་བྱོན་སྙིང་གི་དཀྱིལ་དུ་ཐིམ༔ འོད་དུ་ཡལ་རང་དང་གཉིས་མེད་དུ་ཕྲུག་གིས་འདྲེས་སྤྲོས་མེད་དོན་གྱི་བླ་མ་དང་མཇལ་བའི་ངང་དུ་མ་བཅོས་པར་བཞག༔ གཉིས་མེད་ཐུགས་རྒྱུད་འཕོས་པའི་ངང་དེ་ལ༔ སྟོན་སེར་ནམ་མཁའ་བཞིན་དུ་གསལ་དྭངས་བཞག༔ སྨྲར་མེད་ཡིད་ཆེས་འདི་ཞེས་བརྗོད་བྱ་བྲལ༔ འདི་འདྲའི་ཡིན་ལུགས་མ་མཐོང་མཐོང་རྒྱུ་ཞིག༔ ས་ལེ་རང་གསལ་རྟོག་མེད་རྗེན་ནེ་བ༔ དེ་ཚེ་རང་བྱུང་བླ་མའི་རང་ཞལ་མཇལ༔ འགྲོ་མགོན་བླ་མའི་བྱིན་རླབས་དེ་ཚེ་ཞུགས༔ དེ་ཡི་དོན་རྟོགས་རྒྱུན་དུ་དེ་ལྟར་བསྒོམ༔ གེགས་སེལ་བོགས་འདོན་གསོལ་འདེབས་ཁོ་ནས་སེལ༔ འདོད་པའི་དོན་ལ་གསོལ་བ་གང་བཏབ་འགྲུབ་༔ འདིའི་བསྙེན་


CMR008_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཚོགས་བསགས་ཀྱི་རིམ་པ་དང་༔ ལས་སྦྱོར་ནི་ཉམས་ལེན་སྐྱོང་ཞིང་བོགས་ཅི་ཐོན་བྱེད་པས་འཐུས་སོ༔ ཐུན་མཚམས་བསྔོ་བ་སྨོན་ལམ་ཡང་བྱ་ཞིང་༔ རྒྱུན་དུ་དེ་ལྟར་སྐུ་གསུམ་ཁ་ཐུན་རེ་རེའམ༔ སྐུ་གསུམ་གང་འདོད་པའི་སྒོམ་བཟླས་ཐུན་རེ་མ་ཆག་པ་དང་༔ ལས་བྱང་གཞུང་བསྲང་རེ་གྲུབ་ན་ལེགས༔ མ་གྲུབ་ཀྱང་གཏོར་མ་སྔགས་བསྔོས་མ་ཆག་པར་བྱས་ལ༔ ཚེས་བཅུ་སོགས་དུས་ཁྱད་པར་ཅན་ལ་ལས་བྱང་གཞུང་བསྲང་༔ ཚོགས་བསྐང་གསོལ་བཀའ་སྲུང་མཆོད་པ་སོགས་རྒྱས་པར་བྱའོ༔ དུས་དང་རྣམ་པ་ཀུན་དུ་ཡང་བླ་མ་ཆོས་སྐུའི་ཉམས་ལེན་ངོ་བོ་སྐྱོང་བ་དེ་ཁོ་ན་ལ་ནན་ཏན་བྱའོ༔ དེ་དང་མ་བྲལ་བར་ཙུག་ཅི་ཐུབ༔ དེ་ལ་བོགས་ཅི་ཐོན༔ དེས་ཉོན་མོངས་རང་ཞིར་འགྲོ་ཅི་ཐུབ༔ དེ་སྤྱོད་ལམ་རྣམ་བཞི་དང་ཅི་འདྲེས་བྱེད༔ དེ་ན་ཚ་དང་སྡུག་བསྔལ་འདྲེས་ཅི་ཐུབ་བྱེད་པ་ཡིན་ལགས་སོ༔ ཞེས་པ་སྐུ་གསུམ་སྒྲུབ་པ་རྒྱུན་ཁྱེར་རང་གི་ཉམས་ལེན་བརྗེད་ཐོ་འདི་ནི༔ ཤིང་ཕོ་རྟ་ལོ་ཆུ་སྟོད་ཅན་གྱི་གནམ་གང་ཉིན་ཁོ་ན་ཉིད་ལ་རྫོགས་པར་བཀོད་པའོ༔ འདི་བྲིས་ཉེས་པ་གང་མཆིས་རྩ་གསུམ་ཌཱཀི་གཏེར་སྲུང་རྣམས་ལ་བཤགས་སོ༔ འདི་ཕྱིའི་སྒྲིབ་པར་མ་གྱུར་


CMR008_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ འདི་བྲིས་དགེ་བས་བདག་དང་བདག་ལ་འབྲེལ་ཚད་བདེ་བ་ཅན་དུ་སྐྱེས་ནས་བླ་མ་ལོངས་སྐུ་བླ་མར་དངོས་སུ་བསྟེན་པའི་སྐལ་པ་ཅན་དུ་གྱུར་ཅིག༔ ཅེས་རྣལ་འབྱོར་པ་༧༔ ཨ་རཱ་གས་སོ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousབླ་མ་སྐུ་གསུམ་གྱི་སྒྲུབ་པ་རྒྱུན་ཁྱེར་དུ་བྱ་བ་སྤྲོས་མེད་ཨ་ཏི་ལྟར་ཉམས་སུ་ལེན་ཚུལ་གྱི་ཟིན་བྲིས་བདག་རང་གི་ཐུགས་དམ།next