Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ རྗེས་ཆོག་གི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ རྗེས་ཆོག་གི་ཟིན་བྲིས།next

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ རྗེས་ཆོག་གི་ཟིན་བྲིས།


CMR008_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ རྗེས་ཆོག་གི་ཟིན་བྲིས་བཞུགས་སོ༔


CMR008_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ རྗེས་ཆོག་གི་ཟིན་བྲིས་ནི༔ སྒྲུབ་ཆེན་ཡིན་ན་གཅིག་གིས་སྒྲུབ་ཆེན་ལྟར་སྒྲུབ་པའམ༔ སྒྲུབ་ཕྲན་ལྟར་སྟ་གོན་མེད་པར་བསྒྲུབས་སམ༔ སྐུ་གསུམ་སྦྲེལ་མའི་སོ་སོར་སྒྲུབ་བམ༔ ལོ་སྒྲུབ་ཟླ་སྒྲུབ་གང་བྱེད་ཀྱང་དུས་གྲངས་ཀྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་ཐེམ་ནས༔ གཏང་རག་གི་ཚོགས་འཁོར་རྒྱས་པར་བྱས༔ ཐུགས་སྒྲུབ་དང་ཆོས་སྐྱོང་མ་ནིང་གི་བསྐང་གསོལ་བྱའོ༔ དྲི་མེད་བཤགས་རྒྱུད་དམ་ཡང་ན་ཀློང་བཤགས་ཚར་གཅིག་འདོན་པས་ཆད་ལྷག་བཀང་༔ དངོས་གྲུབ་ལེན་ཆོག་སྒྲུབ་ཆེན་རྟགས་ཡིག་མཇུག་ནས་བྱུང་བ་


CMR008_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དངོས་གྲུབ་བླང་སྟེ་བདུད་རྩི་བཏུང་༔ དངོས་གྲུབ་རྫས་དང་པོ་ནས་བཤམས་པ་དེ༔ ལས་བྱང་ནས་གསུངས་པའི་དངོས་གྲུབ་ལེན་ཆོག་བླངས་ལ་ཅུང་ཟད་བཟ༢༔ དབང་སྐུར་ན་སྐབས་འདིར་རོ༔ རང་གཅིག་པུ་ལ་ཡང་ལས་བྱང་ལྟར་གཏོར་མ་བུམ་པ་གནས་བཞིར་གཏུག་དབང་བླང་གཏོར་མ་ནས་ཅུང་ཟད་བཟའ་འོ༔ བཀའ་སྲུང་ལ་གཏོར་མ་གཅིག་བསྔོས་ལ་སྒོའི་དམ་ཡིག་བླངས་བཅོལ༔ དེ་ནས་དཀར་གཏོར་ལྔ་ནི་གཅིག་གཞི་བདག་ལ་གཏང་རག་ཏུ་བསྔོས་ལ་སྒོ་རྩའི་ཐོ་བསྐྱེལ༔ བཞི་རྒྱལ་ཆེན་བཞི་ལ་སོ་སོར་བསྔོ་སྟེ་སྒྲུབ་ཆེན་མཇུག་ནས་གསུངས་པ་ལྟར་བྱ༔ ཁྲོ་བོ་


CMR008_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་ཡང་དམར་གཏོར་བསྔོས་ཏེ་སྒོ་བྱང་བསྡུའོ༔ དེ་ནས་གཏེར་སྦ་བ་ནི་རྡུལ་ཚོན་ཡིན་ན་གཞུང་ལྟར་སྦྲའི་རས་བྲིས་ལ་ནི་མི་དགོས་ཀྱང་གཏེར་རྗེས་སུ་སྦ་ཡང་རུང་ངོ་༔ ཡང་དལ་གྱི་དྲུང་དུ་སྦས་མེད་ན༔ སྒྲུབ་གནས་དེའི་ཉེ་ལོགས་ཀྱི་རི་བྲག་ས་བཀྲ་ལེགས་སར་སྦས་ན༔ སྙིང་གཏེར་གྱི་གོ་ཆོད་དོ༔ དེ་ནས་དམར་གཏོར་ཆོས་སྐྱོང་གི་གྲངས་རྗེས་སུ་དམ་བརྡར་ལ་ཆེ་བ་ཞིག་དང་སྤྲོ་ན་ཟོར་ཡང་བཤམ༔ མེད་ན་གཏོར་མས་ཆོག༔ དེ་ཡང་སྒྲུབ་ཆེན་མང་པོ་འཚོགས་ནས་སྤྲོས་བཅས་བྱས་པ་ཡིན་ན་ཕྱི་རོལ་དུ་འགྲོ་ནས་གཏོར་རྒྱག་བཞེས་འབོད་དགུ་གཏོར་ཆེན་པོ་ལྟར་བྱེད་རྒྱུ་ཡིན་ནའང་༔ རྣལ་འབྱོར་པས་རང་དོན་གཅིག་པུ་ལ་དེ་རྣམས་མི་དགོས་རང་མདུན་སླ་ངའམ་ལྕགས་སྡེར་དུ་ལིངྒ་བཤམས་བཀུག་གཞུག་བསྒྲལ་ཆོག་རྒྱས་བསྡུས་གང་འོས་བྱས༔ ཕྱོགས་དང་མཁའ་འགྲོ་རྒྱུ་ལྡོག་ལེགས་པར་བརྩིས་ལ་དེར་ཁ་གྱུ་བས་གསེར་སྐྱེམས་གཏོར༔ གཏོར་མ་རྣམས་ཕྱུར་ནག་སྟེང་དུ་ཕྲེང་བྱས་བཤམས༔ གཏོར་མ་ཆེ་བའི་ནང་དུ་སྒྲུབ་གཏོར་ཅུང་ཟད་བཅུག༔ དཀར་གཏོར་སྤྱིའི་དེ་ཕུལ༔ མཁའ་རི་ལ་གཏོར་མ་ཞིག་ཕུལ༔ ཆད་མདོ་བརྟན་སྐྱོང་ཕུལ༔ ཆོས་སྐྱོང་སྤུ་གྲི་སོགས་སྤྱི་ལ་དམར་གཏོར་


CMR008_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གམ་གང་ལྕོགས་ཙམ་ཕུལ༔ དེ་ནས་མ་ནིང་དམ་བརྡར་བཏོན་ལ་གཏོར་མ་དེ་ཕྱར་ནག་གི་མར་སྣེ་སླ་ང་ནང་གི་ལིངྒ་ལ་བརྒྱབ༔ དེ་ནས་ཟ་ལམ་བཀའ་བརྒྱུད་ནས་ཁ་སབ་ལ་དམར་གཏོར་དེ་ལ་བཏོན་ལ་ཕྱིར་བསྒྱུར༔ དེ་ནས་ཐུགས་སྒྲུབ་བསྐུལ་བྱང་བཏོན་ལ་ཟོར་ཡོད་ན་དང་ཟོར་མེད་ན་གཏོར་མ་དེ་ལིང་ལ་བརྒྱབ་བོ༔ གཏོར་སྣོད་རྣམས་ཆང་དང་ཁྲག་ཆུས་བཤལ་ལ༔ སླར་བརྟེན་མ་ཚར་གཅིག་འདོན་ལ་མཆོད༔ དེ་ནས་གཏོར་སྣོད་ཐམས་ཅད་ཁ་སྦུབ་ལ་རྟ་བྲོ་བརྡུང་༔ སླར་ཚེ་གཏོར་ཚེ་ཆང་སོགས་གཞུང་ལྟར་བཤམས་ལ༔ སྒྲུབ་ཆེན་ལྟར་ཚེ་འགུགས་རྒྱས་པར་བྱ༔ དེ་ནས་མཆོད་པ་དང་བསྒྲུབ་རྫས་རྣམས་སོ་སོར་བསྡུས་ལ༔ མདུན་བསྐྱེད་ཡེ་ཤེས་པ་ཐམས་ཅད་སྐུ་འབག་ལ་བསྟིམས་ལ་བརྟན་བཞུག་བྱ༔ འཇིག་རྟེན་པ་གཤེགས༔ ཧཱུྃ་ཧཱུྃ་བརྗོད་པས་སྣང་སྲིད་འོད་དུ་ཞུ་ཞེས་སོགས་སྒྲུབ་ཆེན་ནས་གསུངས་པ་ལྟར་དང་༔ ལས་བྱང་ནས་ཆོས་སྐུ་སྐྱེ་མེད་བྱ་བ་བརྗོད་ལ༔ དཀྱིལ་འཁོར་རྡུལ་ཚོན་ཡིན་ན་མཐའ་ནས་དབུས་སུ་བསྡུ༔ རས་བྲིས་ཡིན་ན་དྲིལ་ཅིང་ཨཱ་ལི་ཀཱ་ལི་བཟླས༔ ལྷར་ལྡང་བ་ནི་བདག་ཉིད་ཀྱང་སྟོང་པའི་ངང་ལས་རྟ་མགྲིན་ཕྱག་གཉིས་རྒྱུན་མེད་པར་མོས་ལ་


CMR008_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་དྲིལ་ཐུགས་ཀར་བསྣོལ་ལ༔ ཧཱུྃ༔ རང་ལུས་འབྱུང་བ་ལྔ་དང་ཞེས་སོགས་སྒྲུབ་ཆེན་དང་༔ ལས་བྱང་ནས༔ ཧཱུྃ༔ སྣང་སྟོང་ཟུང་འཇུག་ཅེས་སོགས་བརྗོད༔ ཡོན་འབུལ་བ་ནི་རང་གི་སྒྲུབ་པ་ལ་མི་དགོས་ཏེ་སློབ་མ་ལ་དབང་བསྐུར་བའི་དོན་དུ་སྒྲུབ་ཆེན་བྱས་ན་སློབ་མས་ཡོན་འབུལ༔ ཡོན་བདག་གི་སྦྱིན་བདག་བྱས་ན་སྒྲུབ་ཆེན་བཙུགས་ན་ཡོན་བདག་དེས་དེ་སྐད་ཞུ་ཞིང་ཡོན་འབུལ་བ་ཡིན་ནོ༔ དེ་ནས་མར་མེ་སྨོན་ལམ་མཆེད་ལྕམ་མང་པོ་ཡོད་ན་ཐམས་ཅད་ཀྱིས་མར་མེ་སོགས་ཐོགས་ལ༔ མེད་ན་རང་ཉིད་མར་མེ་ཐོགས་ལ་སྨོན་ལམ་སྒྲུབ་ཆེན་ནང་གི་དང་༔ ན་མོ་བདག་གིས་བླ་མ་བསྒྲུབས་ལགས་ཀྱི༔ ཞེས་སོགས་བརྗོད་མར་མེ་སྨོན་ལམ་འདི་དཀྱིལ་འཁོར་མ་བསྡུས་གོང་བསྐང་བཤགས་ཀྱི་མཇུག་ཏུ་བྱས་ན་ཡང་ལེགས་སོ༔ དེ་ནས་བཀྲ་ཤིས་ནི་སྒྲུབ་ཆེན་དང་ལས་བྱང་གཉིས་ཀ་ནས་བཤད་པ་ལྟར་བརྗོད་དོ༔ རང་ལུས་སྲུང་བ་ཆོས་སྐུ་སྐྱེ་མེད་སོགས་བརྗོད༔་ཡང་ཕྱི་རོལ་དུ་གཏོར་རྒྱག་སོགས་སྤྲོས་བཅས་མི་བྱ་ཞིང་ཐམས་ཅད་ཀྱིས་མཐོང་བར་མི་བྱེད་ན༔ རྒྱལ་ཐོ་འདི་ནས་བསྡུ་ན་ཐམས་ཅད་མཚམས་ཁུངས་ནས་གྲུབ་པར་བྱའོ༔ ཕྱིར་གཏོར་རྒྱག་བྱེད་ན་སྔོན་དུ་རྒྱལ་ཐོ་བསྡུ་ནས་


CMR008_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མ་རལ་བ་བྱའོ༔ དེ་ནས་ཕུགས་གཏོར་ད་རུང་ཡོད་པས་ལས་བྱང་ཚར་གཅིག་བཏང་ཞག་གཉིས་གསུམ་ཐག་རིང་དུ་མི་འགྲོ་གྲིབ་ཆེན་ལ་འཛེམ༔ རོལ་མོ་དང་བཅས་རྡུལ་ཚོན་ཡོད་ན་ཆུ་བོར་བསྐྱལ་ལ་རོལ་མོ་སོགས་བྱེད་ཅིང་༔ སྣོད་ཆུས་བཀང་ལ་ཁྱིམ་དུ་འོང་དེ་ནས་ནང་དུ་སྒྲུབ་ཆེན་ནས་གསུངས་པ་དང་རང་གི་འདོད་པ་ལྟར་དགེ་བའི་རྩ་བ་བསྔོ་བས་རྒྱས་བཏབ་བོ༔ འདིའི་གོ་རིམ་ཅུང་ཟད་གཞུང་དང་མི་མཐུན་པ་ནི༔ གཞུང་གི་དེ་སྒྲུབ་ཆེན་སྤྲོས་བཅས་དང་༔ རྣལ་འབྱོར་གཅིག་གིས་བྱ་ཚུལ་གཉིས་སྤྱི་སོ་སོར་གསུངས་པ་ཡིན་པོས༔ སྐབས་སུ་གང་བབ་དཔྱད་ཤེས་པར་བྱ་ཡི་གཅིག་ཏུ་ངེས་པ་མེད་དོ༔ དེ་ཡང་སྐུ་གསུམ་སྒྲུབ་པ་མི་གཅིག་གིས་བསྒྲུབ་ན༔ དང་པོ་ཐམས་ཅད་ཚང་བར་བྱས་ལ་ཕྱིའི་རྒྱལ་ཐོ་སོགས་བསྡུ་བ་ལེགས་སོ༔ མདོར་ན་མཚམས་གྲོལ་ནས་ཀྱང་ཁད་ཀྱིས་ཇེ་ལྷོད་དུ་བྱ་བ་གལ་ཆེའོ༔ སྒྲུབ་ཤུལ་གྱི་རྫས་སོགས་ཐམས་ཅད་ཀྱང་བསྡུས་ལ་མི་མངོན་པར་བྱའོ༔ རྩ་གསུམ་འཁོར་ལོ་དང་ཐོག་ཕུབ་སྐུ་གསུམ་སྐུ་འབག་བྷནྡྷ་རྡོ་རྗེ་མེ་ལོང་སོགས་ནང་རྟེན་ཚུལ་དུ་འཆང་༔ རྩ་གསུམ་འཁོར་ལོ་ལུས་ལ་འཆང་ཐོན་ན་ལེགས༔ རྒྱུན་དུ་ཡང་སྒོམ་བཟླས་དང་


CMR008_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་སོགས་མ་ཆག་པར་ཐུགས་དམ་དུ་བྱ༔ རྗེས་ནས་ཀྱང་སྒྲུབ་པའི་ཁ་གསོའམ་སྒྲུབ་པ་སྤོག་ཆོག་ཐོན་ན་ཤིན་ཏུ་བཟང་བས་བློ་ཕུགས་སྒྲུབ་པ་འདི་ལ་གཏད་ནས་སྙིང་ཕུགས་སུ་འཆང་བར་བྱའོ༔ དམ་ཚིག་རྣམས་པྲ་ཁྲིད་མཇུག་དང་ལང་གྲོའི་ཞུས་ལེན་ལ་ཡང་ཡང་ལྟ་ཞིང་སྤང་བླང་ལ་འབད་པ་གལ་ཆེའོ༔ འདི་ལྟར་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་སྟེ་འདི་ལྟར་གཞུང་ཞལ་ཤེས་གསལ་པོ་བཀོད་ཅིང་དགོས་འདོད་འབྱུང་བས་ནི་རིན་ཆེན༔ ཟབ་ཅིང་ཤོག་སེར་དངོས་དང་འདྲ་བས་ཤོག་འདྲ་ཞེས་བྱ་བ༔ ཤིན་ཏུ་གོ་བདེ་བ་དཔེ་འདི་མཐོང་དབང་ལུང་ཐོབ་པོད་གཞུང་ཡོད་ན་སློབ་དཔོན་གཞན་བསྟེན་མི་དགོས་པར་བྱས་ཏེ༔ བདག་གིས་མ་འོངས་པའི་སེམས་ཅན་སྔགས་འཆང་གསར་བུ་འགའ་ལ་ཕན་ཕྱིར་སེམས་བསྐྱེད་ཁོ་ནས་བྲིས་ཏེ༔ དེ་ཡང་ཧ་ཅང་བསམ་གཞིག་མ་བྱས་པར་ཅི་མྱུར་དུ་བྲིས་པ་ལ་འགལ་འཁྲུལ་བྱུང་ན༔ བླ་མ་སྐུ་གསུམ་སྒྲུབ་པའི་བཀའ་སྲུང་རྣམས་ལ་བཤགས་ཤིང་༔ དགེ་བས་བདག་དང་བདག་ལ་འབྲེལ་བ་ཐོགས་ཚད་བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་གྱུར་ཅིག༔ ཅེས་པ་སྔགས་འཆང་ཨ་རཱ་ག་ཞེས་བྱ་བས་སྦྱར་བ༔ བཀྲ་ཤིས་དཔལ་འབར་ཆོས་འདི་དར་རྒྱས་


CMR008_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་ཅིག༔ མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousབླ་མ་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་རིན་ཆེན་ཤོག་འདྲ་ལས༔ རྗེས་ཆོག་གི་ཟིན་བྲིས།next