Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གསང་ཁྲིད་རིམ་པ་ལྔའི་ནང་ནས་བོགས་འདོན་གཅོད་ཁྲིད་ཀྱི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གསང་ཁྲིད་རིམ་པ་ལྔའི་ནང་ནས་བོགས་འདོན་གཅོད་ཁྲིད་ཀྱི་ཟིན་བྲིས།next

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གསང་ཁྲིད་རིམ་པ་ལྔའི་ནང་ནས་བོགས་འདོན་གཅོད་ཁྲིད་ཀྱི་ཟིན་བྲིས།


CMR008_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གསང་ཁྲིད་རིམ་པ་ལྔའི་ནང་ནས་བོགས་འདོན་གཅོད་ཁྲིད་ཀྱི་ཟིན་བྲིས་བཞུགས་པའི་དབུའོ།།


CMR008_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་བཞི་འདུལ་མཛད་དཔལ་ཆེན་ཧེ་རུ་ཀ །ཀརྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ནས། །བདག་དང་བདག་འདྲ་གཞན་ལའང་ཕན་པའི་ཕྱིར། །ཟབ་ཆོས་ཐུགས་སྒྲུབ་ཡང་སྙིང་འདུས་པ་ཡི། །བོགས་འདོན་གཅོད་ཁྲིད་ལྷན་ཐབས་འདིར་བཀོད་བྱ། །ཆོས་བདག་གཏེར་སྲུང་ཌཱ་ཀིས་བཀའ་གནང་ཞིང་། །བརྩེ་བའི་ཐུགས་རྗེས་བྱིན་རླབས་དངོས་གྲུབ་སྩོལ། །དེ་ལ་རྣལ་འབྱོར་པ་ཐུགས་སྒྲུབ་ཀྱི་དབང་རྒྱས་བསྡུས་གང་རུང་ཐོབ་ཅིང་། སྐུ་གསུམ་སྒྲུབ་པ་གསུམ་ཀའམ་རེ་རེ། ཡང་ན་ཀུན་དྲིལ་ཡིད་བཞིན་ནོར་བུའི་བསྙེན་པ་ཐེམ་པ། གསང་ཁྲིད་རིམ་ལྔའམ།


CMR008_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཀྱི་བསྐྱེད་རྫོགས་ལ་ངེས་ཤེས་ཐོབ་པའི་རྣལ་འབྱོར་པས། རང་གི་རྟོགས་པ་བོགས་འདོན་པའམ། གདུལ་བྱ་གཞན་ལ་ཕན་པའི་ཕྱིར་དུ་གཉན་ཐོག་བཅད་པར་བྱ་སྟེ། དང་པོ་གང་དུ་འགྲོ་བསམ་པའི་གནས་དེ་གསང་བ་གལ་ཆེ། ང་འདི་ན་འགྲོ་རྒྱུ་ཡིན་མི་སྨྲ། གལ་ཏེ་རིགས་ཀྱང་ཟིལ་གནོན་འཕངས་མ་ཚར་བར་དུ་གསང་བར་བྱའོ། །ཟིལ་གནོན་ནི། ཕཊ༔ རང་ཉིད་རྣལ་འབྱོར་མ་མཐིང་ནག་འཇིགས་སུ་རུང་བའི་ཐུགས་ཀ་ནས་གནམ་ལྕགས་ཀྱི་རྡོ་རྗེ་རི་བོ་ཙམ་ཞིག་འཕྲོས་ནས། མདའ་འཕངས་བ་ལྟར་སོང་། གཉན་ས་དེ་ལ་ཕོག་པས་ས་གཞི་ཐམས་ཅད་རྩམ་


CMR008_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གཞོང་བསིགས་པ་ལྟར་གྱུར། རི་ཉིལ་མཚོ་དཀྲུགས་ཤིང་ཐམས་ཅད་བཅག་ལམ་བསྣོགས་བྲག་དང་ཕ་ཝང་ཐམས་ཅད་ཆག་ནས་རྡུལ་དུ་བརླག །དེ་ནས་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལྟར་ཁྲོས་མ་མཐིང་ནག་དགུར་གྱུར་ཏེ། ཕྱོགས་མཚམས་བརྒྱད་དབུས་དང་དགུ་ནས་བསྲུངས་པས་ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམ། ཡང་ས་ཆ་རྒྱུས་མེད་པ་ལ་ཟིལ་གནོན་འཕེན་པ་ནི། རང་ཕག་མོ་མཐིང་ནག་གི་ཐུགས་ཀ་ནས། གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་འཕྲོས་པས་ས་ཆ་དེ་རྩམ་གཞོང་བསིགས་པ་ལྟར་གྱུར། ཕཊ༔ དེ་ཡོངས་སུ་གྱུར་པ་ལས་དཔའ་བོ་ཌཱ་ཀིར་གྱུར། དེ་རྒྱབ་མི་ནག་ལག་སྦྲེལ་གྱི་གུར། དེ་རྒྱབ་མུན་ནག་གི་གུར་ཁང་དུ་གྱུར་ནས། ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམ། །ཁྱིམ་ནས་སྒོར་འགྲོ་ཚེ། ཕཊ༔ རང་གི་སྤྱི་བོར་བླ་མ་དང་ཀརྨ་ཐོད་ཕྲེང་རྩལ་བསྒོམས་ལ། ལུས་གདོན་གནས་གདོན་གྱིས་གཙོར་བྱས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་གཉན་ས་རི་ཁྲོད་དུ་འགྲོ་སྙམ་དུ་སེམས་བསྐྱེད་ལ། ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དང་བཅས་པ་ཀརྨ་ཐོད་ཕྲེང་རྩལ་ལ་ཕུལ་བར་བསྒོམ། གསོལ་


CMR008_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཀྱང་བྱ། དེ་ནས་ལུས་འདི་རོའི་ཚུལ། རིག་པ་འདི་རོ་ཁུར་མི། གཉན་ས་དེ་དུར་ཁྲོད། ལྷ་འདྲེ་རྣམས་བྱ་དང་གཅན་གཟན་གྱི་ཚུལ་དུ་དམིགས་ལ་གཉན་སའི་ས་མགོ་མ་མཐོང་བར་དུ་འགྲོ། ས་མགོ་མཐོང་ནས། ཕཊ༔ རང་ཉིད་རྗེ་བཙུན་མ་དམར་མོ་གཅིག་ཏུ་གྱུར། མི་རྐང་གི་གླིང་བུ་ཚག་ཚག་འབུད་པས་ལྷ་འདྲེ་ཐམས་ཅད་འདར་ཆོམ་ཚོམ་བྱེད་ཅིང་། ལམ་དེའི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་འདུས་ནས་རང་ལ་བསྐོར་ནས་འགྲོ་བར་བསྒོམ། མ་ཡེངས་པར་འགྲོ། ལམ་དུ་ཆུ་གཅིག་ཤིང་གཅིག་བྲག་ཟུར་ཕ་ཝང་རྟགས་ཅན་འདུག་ན། ཕཊ༔ བརྗོད་ཅིང་། གཉེན་སར་མ་ཕྱིན་བར་དུ་འགྲོ། དེ་ནི་ལམ་གྱི་དབང་སྡུད་དང་སོ་པ་གཟིར་པ་གཉིས་ཀ་ཡིན་ནོ། །དེ་ནས་གཉན་ས་དེར་ཕྱིན་ནས་། ད་ཅིའི་ཟིལ་གནོན་དུས་ཀྱི་ཁྲོས་མ་དབུས་མ་དེ་རང་ལ་བསྟིམ། ཕཊ༔ ཕྱོགས་མཚམས་ཀྱི་མཁའ་འགྲོ་ནག་མོ་བརྒྱད་དེས་སྔར་ལྟར་བསྲུང་བས་གནས་དེའི་ལྷ་འདྲེ་དང་ལམ་ནས་ཁྲིད་པའི་ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམས་ལ། ཕཊ༔ བརྗོད་ཅིང་རྐང་དུང་འབུད་དོ། ༈ །དེ་ནས་གཉན་མིག་གསལ་བ་ནི། ཆུ་མིག་མགོ་གཅིག་པའི་


CMR008_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མགོ །གཉིས་པའི་བར། མགོ་གསུམ་པ་ཡན་གྱི་འདུས་མདོ། དགུ་ཡན་གྲངས་མེད་ཀྱི་དཀྱིལ་སྐམ་པ་ས་ཆ་གདུགས་རྒྱལ་མཚན་རིན་པོ་ཆེ་མཆོད་རྟེན་འདྲ་བའི་རྩེ། པདྨ་དཔལ་བེའུ་དུང་ཕུག་པ་འདྲ་བའི་དཀྱིལ། གསས་མཁར་མང་པོ་དང་སྨན་ལམ་གྱི་དཀྱིལ། ལུང་གསུམ་དང་སྒང་གསུམ་གྱི་འདུས་མདོ། ཁང་པ་འདྲེ་ཅན་ལྷ་ཁང་དཀོར་ཁང་གི་སྒོ་ཐེམ། །ཁང་རལ་གྱི་མཛོད་སྒོ། མཁར་གྱི་ཞོལ་ར། །ཆུ་བོའི་འཁུག་སོ་དང་ཆུ་འདུས་སྣ། མཚོའི་དཀྱིལ་སྣ། སྒང་པོའི་སྣ། ཐང་ཆེན་ལམ་རྒྱ་གྲམ་ཚོང་འདུས་རྣམས་ཀྱི་དཀྱིལ། བྱ་དང་མི་དང་སྦལ་པ་གྱེན་དུ་བརྒྱུག་འདྲའི་སྙིང་ཁ། གླང་ཆེན་གྱི་གཙུག །སེང་གེའི་གཡུ་རལ། དུད་འགྲོའི་རྭ་བར། ནགས་འཐུག་པོའི་སྲབ་ས། སྲབ་པའི་འཐུག་ས། མདོར་ན་གནས་དེའི་གནད་ཆེ་ཞིང་ཕར་ཞེན་པས། དཔེར་ན་མིའི་སྙིང་ལྟ་བུ་ལ་རང་འདུག་གོ །དུད་འགྲོའི་རྭ་རྩེ་གཅན་གཟན་མཆེ་བ་ལྟ་བུ་ལ་འདུག་མི་རུང་ངོ་། །དེ་ཡང་གཉན་ས་ཆེན་པོ་ཡིན་ན། གཅོད་དཔོན་རང་གང་གཉན་སར་བསྡད། དེ་མཚན་གཉན་ས་གཅིག་ན་ནད་པ་བཞག །དེ་མཆན་གཉན་ས་གཅིག་ལ་ཐབ་ཀ་བཅའོ། །ནད་པ་དང་གཅོད་དཔོན་ཐག་ཉེ་


CMR008_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བ་གལ་ཆེའོ། །གཉན་ས་ཆུང་ན་གཉན་སར་ནད་པ་བཞག །དེ་མཆན་གཉན་སར་གཅོད་པ། དེ་མཆན་ཐབ་ཀ་བཅའོ། །ཡང་གཉན་སའི་ས་མིག་མ་རྙེད་པའམ། །ན་བུན་གྱིས་བཏུམས་ནས་མ་རྙེད་ན། ཕཊ༔ རང་ཉིད་ཕག་མོ་མཐིང་ནག་སྐུ་ལ་མི་ལྤགས་གསོལ་བར་བསམ། དྷ་དྲིལ་འཁྲོལ་ཞིང་ཕཊསྒྲ་དང་བཅས་པས་གར་སྟབས་འཆམ་ཞིང་ས་ཆ་དེར་བསྐོར་བ་བྱས་ལ། ལྗིད་ཟིང་ངེ་བའམ། སྐྱི་ཤ་ཟ་བའམ། སྐྱག་ཛབ་པའམ། འཇིགས་རུབ་རུབ་བའམ། བག་དྲོ་བ་ཉམས་དགའ་ཡ་ལེ་བ། དེ་འདྲ་གར་བྱུང་ས་དེར་བསྡད། དེ་ནས་གུར་རམ་ཁྲ་ཐེར་ཅོག་པུའམ། གཡབ་དེར་ཕུབ་ལ། གུར་དེ་རྡོ་རྗེ་ཕག་མོ་སྐུ་མདོག་དཀར་མོ། ཆོན་ཐག་འཇའ་ཚོན་གྱི་དྲྭ་བ། ཆོན་ཕུར་རྣམས་རིགས་བཞི་མཁའ་འགྲོར་བསྒོམ། ཕུར་པ་རྣམས་ཤར་ནས་རིམ་པར། ཧོ་བཛྲ་ཌཱ་ཀི་ནཱི་ཧཱུྃ༔ རི་རཏྣ་ཊཱ་ཀི་ནཱི་ཧཱུྃ༔ ནི་པདྨ་ཊཱ་ཀི་ནཱི་ཧཱུྃ༔ ས་ཀརྨ་ཊཱ་ཀི་ནཱི་ཧཱུྃ༔ ཞེས་དང་གུར་ལ། ཨོཾ་བྷུདྡྷ་ཌཱ་ཀི་ནི་ཧཱུྃ༔ དེ་ལྟར་བྱིན་གྱིས་བརླབས་ནས་མི་འགོང་བ་དམ་ཚིག་གོ །དེ་ནས་དེའི་ནང་དུ་ཉལ་ས་བདེ་མོ་ཞིག་བཅས། ས་དེའི་ཤིང་ལོ་སྣ་ཚོགས་བཏིང་། ཕཊ༔ ཉལ་ཞབས་དེར་


CMR008_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཁང་གྲུ་གསུམ་ཁ་རུབ་ལ་གཏིང་ཟབ་པ། རྒྱ་ཆེ་ལ་རྔམ་འཐུག་པ་ཞིག་ཏུ་གྱུར། སྟན་མཆན་ཁུང་དུ་བཅུག་ལ། ཕཊ༔ རང་རྗེ་བཙུན་མ་དམར་མོ་ཕྱག་གཡས་གཡང་གཞི་གཡབ་ཅིང་། གཡོན་རྐང་གླིང་ཚག་ཚག་འབུད་པ་ཞིག་ཏུ་བསྒོམ། ཅོག་བུའི་ཕྱོགས་བཞིར་རྐང་དུང་འབུད། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུར་འཕྲོས་པས་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་བཀུག་པར་བསྒོམ། ཕཊབརྗོད། ལྷ་འདྲེ་འདུས་རབ་གཉན་འབོད་བྱེད། ནད་པ་ཡོད་ན། ནད་པ་འདིའི་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པ། ཚེ་ལ་རྐུ་བ་སྲོག་ལ་འཇབ་པ་ཐམས་ཅད་ཚུར་འདུས་ཤིག །ཅེས་འབོད་པ་བྱ། ལྷ་འདྲེ་ཐམས་ཅད་རང་གི་དྲུང་དུ་འཁོད་། ཕྱི་ནས་མཁའ་འགྲོ་བརྒྱད་པོས་བསྲུངས་པས་འགྲོ་དབང་མེད་པར་བསམ། གནས་གདོན་ལུས་གདོན་གཉིས་ཞབས་ལྕགས་ཁང་དུ་ཚུད་པར་བསྒོམས་ལ་འགུགས་གཞུག་ལན་གསུམ་བྱེད། གཉན་སར་ཇག་རྐུན་འོང་དོགས་ན། ཕཊ༔ ལྕགས་ཁང་ཁ་ལྕགས་སྲེག་གི་དྲྭ་བས་བཀབ་པའི་དྲྭ་མིག་ཏུ་ཚྭ་མགོ་མཐུར་བསྟན་གྲངས་མེད་ལས་བྱུང་བའི་ཇག་རྐུན་


CMR008_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མགོ་མཐུར་དུ་རྐང་པ་དྲྭ་བ་ལ་འཐོགས་པར་བསྒོམས་ལ་འགུགས་གཞུག་སྐབས་སུ་བྱའོ། །དེ་ནས་སྟན་དེ་མི་ལྤགས་ཀྱི་གཡང་གཞིར་གྱུར་པས་ལྕགས་ཁང་དེའི་ཁ་བཀབ་པར་བསམས་ལ་སྟན་བཏིང་། དེ་ནས་རྐང་དུང་བུས་ལ། ནད་པ་ཡོད་ན་ལྷ་འདྲེ་ཐམས་ཅད་ལ་འབོད་པ་ཆེན་པོ་བྱས་ལ། ༈ འོ་ལྷ་འདྲེ་ཁྱེད་རྣམས་ཉོན་ཅིག །མི་འདིའི་ལུས་ལ་ནད་བྱུང་ནས་འོང་བ་ཡིན་པས། མི་འདི་ད་ལྟ་ཉིད་ལ་སྐད་ཅིག་ཉིད་དུ་མནར་མེད་པའི་དམྱལ་བར་བསྐྱུར་ནས་གཏན་དུ་ཐར་དུས་མེད་པ་ཞིག་གྱིས། ལུས་འདི་ད་ལྟ་ཉིད་དུ་ཟོ་ལ་ལྷག་མ་ཏིལ་འབྲུ་ཙམ་ཡང་མེད་པ་ཞིག་ད་ལྟ་ཉིད་དུ་སྐད་ཅིག་ཉིད་དུ་གྱིས། ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། གློ་བུར་ཉི་ཁྲི་ཆིག་སྟོང་ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཐམས་ཅད་ད་ལྟ་སྐད་ཅིག་ཉིད་ལ་ཐོངས། ན་མི་ཐུབ་ཤི་མི་ཐུབ་དབུགས་ཕྱི་ནང་དུ་རྒྱུ་མི་ཐུབ་པ་ཞིག་ད་ལྟ་ཉིད་ལ་བྱེད་པ་ན་ར་ཀན། ད་ལྟ་ཉིད་དུ་དེ་མི་བྱེད་ན་ནད་འདི་དང་གདོན་འདི་ལོང་། ལུས་དང་ལུས་གདོན་སྲོལ། གལ་ཏེ་དེ་གཉིས་གཅིག་མི་བྱེད་ན། ངོ་གནས་འདིར་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་


CMR008_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །མཛེ་ཤ་དམེ་ཤ་ནལ་ཤའི་ཐང་མ་བརྡལ། མཛེ་ཁྲག་དམེ་ཁྲག་གཡུགས་ས་མའི་མངལ་ཁྲག་དུག་ཁྲག་གི་རྒྱ་མཚོ་བསྐྱིལ། དཀར་ཐབ་དམར་ཐབ་སྔོ་ཐབ་སྣ་ཚོགས་བཏང་། རྫས་རྒོད་ཀྱི་དུ་བས་ཡུལ་ཁམས་བཀང་། བྲག་བཤིགས་ཤིང་གཅོད་མཚོ་དང་ཆུ་མིག་དཀྲུག །རི་བསྙིལ་གསས་མཁར་བརྫོགས། གནམ་ས་ཁ་ཞབས་ལྡོག །ནམ་མཁའ་འདི་མ་ཞིག་གི་བར་དུ་ཁྱོད་ལྷ་འདྲེ་རྣམས་དང་འབྲལ་བ་མེད་པར་སྐད་ཅིག་ཀྱང་གཡོ་འགུལ་མི་བྱེད་དོ། །ཞེས་བརྗོད། དེ་བསམ་ཡང་བསམ། དེ་བས་ད་ལྟ་ཉིད་དུ་ཕྲིན་ལས་སྒྲུབས་ཤིག༔ ཕཊ༔ ཅེས་ལན་གསུམ་བརྗོད། ནད་པ་མེད་ན་ལྷ་འདྲེ་ལ་འབོད་པ་བྱས་ལ། ཁྱོད་རྣམས་ཉོན་ཅིག །ཁྱོད་རྣམས་ལ་བདག་གིས་དམ་པའི་ཆོས་བཤད། བྱང་ཆུབ་ཏུ་སེམས་བསྐྱེད་ནས་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་འོང་བ་ཡིན་པས། བདག་གི་ཕྲིན་ལས་སྒྲུབས་ཤིག །ཆར་འབོད་ཡིན་ན། སེམས་ཅན་ཐམས་ཅད་མུ་གེའི་འཇིགས་པ་ལས་སྐྱོབ་པའི་དོན་དུ་ཆར་འབེབས་པའི་ཕྱིར་དུ་འོང་བ་ཡིན་པས། འཛམ་གླིང་ཁྱབ་པའི་ཆར་ཆེན་པོ་ཕོབ། གལ་ཏེ་དེ་ཙམ་མེད་ན་ཡུལ་ཆེ་གེ་རྣམས་སུ་ཆར་ཆེན་པོ་ཕོབ། དེ་ལྟར་མི་བྱེད་ན། ཞེས་


CMR008_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གོང་ལྟར་བརྗོད། དེ་ནས་སྟན་ཐོག་ཏུ་འདུག་པ་དང་མཉམ་དུ། རང་ཉིད་ཁྲོས་མ་མཐིང་ནག་འཇིགས་སུ་རུང་བ་ཐོ་བ་དང་ལྕགས་ཀྱུ་བསྣམས་པར་བསྒོམ། ཧཱུྃ་ལན་བདུན་བརྗོད་པས་སྐུ་ལས་ཁྲོ་མོ་རང་འདྲ་བ་གྲངས་མེད་པ་འཕྲོས་པས། ཕྱི་རོལ་ཐམས་ཅད་ཁྲོ་མོའི་གུར་དུ་གྱུར་ནས་ལྷ་འདྲེ་གང་ཡང་འགྲོ་དབང་མེད་པར་གྱུར་པས། ཟིལ་གྱིས་གནོན་ནས་རང་ལ་ཐལ་མོ་སྦྱར་ནས་བཀའ་ཉན་པར་བསྒོམ། ཕཊ༔ མདུན་གྱི་ནམ་མཁར་སྐྱབས་ཡུལ་དཀོན་མཆོག་གསུམ་དང་ཐུགས་སྒྲུབ་ཀྱི་ལྷ་ཚོགས་ཐམས་ཅད་ནམ་མཁའ་ལ་སྤྲིན་ཕུང་ལྟར་བཞུགས་པར་བསྒོམ། ཕཊ༔ རང་ཉིད་ཐ་མལ་པར་གྱུར་ཏེ་ལྷ་འདྲེ་རྣམས་ཀྱང་རང་གི་རམ་བུ་བཀྱག་ནས་སྐྱབས་འགྲོ་སེམས་བསྐྱེད་མཉམ་དུ་བྱེད་པར་བསྒོམས་ལ། ཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས༔ ཞེས་སོགས་བརྗོད་ཅིང་ལྷ་འདྲེ་ལ་སྙིང་རྗེ་བསྐྱེད་ཅིང་། ན་མོ་འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔་ཞེས་སོགས་གཞུང་ལྟར་སྐྱབས་སེམས། རྡོར་སེམས་སྒོམ་བཟླས། མཎྜལ་བླ་མའི་རྣལ་འབྱོར་རྣམས་བྱ། དེ་ནས་གཉན་མིག་ཏུ་ཐབ་བཅས་ལ། འོ་ཇི་སྲིད་སངས་མ་རྒྱས། བྱང་མ་ཆུབ། བྱམས་པ་མགོན་པོ་མ་བྱོན་བར་


CMR008_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དུ། ལྷ་འདྲེ་ཁྱེད་རྣམས་དང་འབྲལ་བ་མེད་པར་གནས་འདི་ན་ཕོ་བྲང་བཏབ་པ་ཡིན་ནོ། །བརྗོད། ཐབ་གསུར་ཤོར་དོགས་ན་ཐབ་འཕྲུག་ཡང་བྱེད་ཐབས། དང་པོ་ནས་སྣོད་གཅིག་ཏུ་འོ་མ་ཆང་ཇ་སོགས་བླུགས་ལ་དེའི་ནང་དུ་མེ་ཞིག་བཅུག་ལ། གཅིག་གིས་ཐབ་ཐལ་ཞེས་འབོད་དོ། །གལ་ཏེ་ཐབ་གསུར་ཤོར་ན། གཅོད་པ་དཔོན་སློབ་ཐམས་ཅད་ཁྲོས་མ་དམར་མོ་བསྒོམས་ལ། ཀུན་གྱི་ཐབ་འདུལ་བརྗོད་ཅིང་ཕུཊ༔ མང་དུ་བརྗོད་པས་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་གཉིས་རེས་མོས་སུ་འཕྲོས་ནས། ཁོའི་གནས་ཁང་བཤིགས་ནས་ཁོ་ལ་རྒྱབ་བསྡིག་བྱས་པས་གར་ཡང་འགྲོ་དབང་མེད་པར་བསྒོམ། ཡང་ན་ཐབ་འདུལ་དམིགས་པ་ནི། རང་གི་ཤ་ཁྲག་ཉིལ་གྱིས་སོང་བ་ལྷ་འདྲེ་ཐབ་བདག་ཐམས་ཅད་ཀྱིས་ཟོས་འཐུང་ཚིམ་ཞིང་རྒྱས། ཐབ་བདག་དེའི་ནད་དང་ཐབ་ཀྱི་རླངས་པ་ཐམས་ཅད་ལ་ཐིམ་པར་བསམ། ཐབ་ཀྱི་ནད་དང་ཐབ་རླངས་ཐམས་ཅད་བདག་ལ་ཐིམ་པར་གྱུར། ཕཊ༔ ཅེས་བརྗོད་དེ། །དམིགས་མེད་དུ་བཞག །འདི་ཚོའི་དམིགས་པ་ཀུན་གྱིས་བཟུང་བ་གལ་ཆེའོ། །དེ་མིན་ཐབ་གསུར་ཤོར་ན་ཤུ་ཐོར་འོང་བས་ཇ་ཧུབ་ནམ་འཕུར་ཤོར་ཡང་དམིགས་པ་བྱ་དགོས། དེ་


CMR008_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྔོན་འགྲོ་ཡིན་ནོ། །སྤྱི། ས་མཱ་ཡ། དངོས་གཞི་ལ། དཀར་བགེགས་ནི་མི་བྱེད། དེ་མིན་མཆོད་གཏོར་ཡང་བསྡུས་པ་གཅིག་བཤམ། ལྷ་འདྲེ་དེ་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་བསྐྱེད་རྫོགས་ཉམས་སུ་ལེན་པར་བྱ་སྙམ་དུ་སེམས་བསྐྱེད་ལ། རང་གིས་རྒྱུན་ཁྱེར་གྱི་ཐུགས་སྒྲུབ་མང་ཉུང་གང་རུང་ངམ། ཉུང་བ་ཙམ་བྱ། དེ་ཡང་མཚམས་གཅོད་ནི་མི་བྱེད། ཐུན་མཚམས་ཡིན་པས་ཐུན་རེ་མ་རྫོགས་པར་སྲུང་འཁོར་ལྕགས་ཁང་གི་ཁ་དེར་བསྒོམ་ཆོག །གཏོར་བསྔོས་སོགས་ཚང་བར་བྱས། ཐུན་བསྡུས་མི་དམིགས་པར་བྱས། དེ་ནི་སྔ་ཕྱི་ནམ་བྱེད་ཀྱང་ཐུན་ལ་མི་བརྩི། དེ་མིན་པའི་ཐུན་རི་བོས་གསེར་ཞུ་གྱོན་དུས། ཉིན་ཕྱེད་དང་པོ། གྲིབ་ཆེན་འདུས་དུས། སྲོད་སྐར་མ་ཤར་དུས་མཚན་ཕྱེད་དང་དུས་དྲུག་ལ་ཐུན་བཟུང་། ཐུན་དྲུག་ཀ་ལ་དང་པོ། ཕཊ༔ རང་ཉིད་རྗེ་བཙུན་མར་གསལ་བའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས། གནོད་བྱེད་ཐམས་ཅད་དང་སྣང་སྲིད་ཀྱི་ལྷ་འདྲེ་ཁྱད་པར་དུ་གནས་གདོན་དང་ལུས་གདོན་ཐམས་ཅད་རང་དབང་མེད་པར་བཀུག་ལ། ཐམས་ཅད་ཁྲོམ་ཚོགས་པ་ལྟར་རང་གི་མཐར་བསྐོར་དུ་སྤྱང་ངེ་


CMR008_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད། གནོད་བྱེད་རྣམས་འོག་གི་ལྕགས་ཁང་དུ་ཚུད་པར་དམིགས། ཀྱེ་མ་འདི་ཐམས་ཅད་འཁོར་བ་མཐའ་མེད་དུ་འཁྱམས་ཤིང་ད་རུང་ཡང་ངན་སོང་དུ་ཡང་ནས་ཡང་དུ་འཁོར་བ་འདི་སྙིང་རེ་རྗེ། ཞེས་ཞེ་ཐག་པ་ནས་བསྒོམས་ལ། ༈ ཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས། །ཞེས་རྒྱང་འབོད་བྱེད། མདུན་གྱི་ནམ་མཁར་རྩ་གསུམ་གྱི་ལྷ་ཚོགས་དམིགས་ལ། །ལྷ་འདྲེ་དང་རིགས་དྲུག་ཐམས་ཅད་ཀྱིས་རམ་བུ་བྱེད་པར་བསམས་ལ། སྐྱབས་འགྲོ་སེམས་བསྐྱེད་གཞུང་ལྟར་བྱེད། རྡོར་སེམས་མཎྜལ་བླ་མའི་རྣལ་འབྱོར་བྱས་ལ། བླ་མ་སྤྲུལ་སྐུའི་གསོལ་འདེབས་སོགས་དང་། ཐུགས་སྒྲུབ་གསོལ་འདེབས་སོགས་བྱས། དེ་ཡང་རང་དང་ནད་པའི་ནད་གདོན་ཞི་བའི་ཕྱིར་སྐྱབས་འགྲོ་སོགས་བྱས་ན་མི་རུང་བས། ལྷ་འདྲེ་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་སྐྱབས་འགྲོ། ལྷ་འདྲེ་བྱང་ཆུབ་ཐོབ་པའི་ཕྱིར་དུ་སེམས་བསྐྱེད། ལྷ་འདྲེ་ཚོགས་རྫོགས་ཕྱིར་མཎྜལ། ལྷ་འདྲེའི་རྒྱུད་བྱིན་གྱིས་བརླབ་ཕྱིར་བླ་མའི་རྣལ་འབྱོར་དང་གསོལ་འདེབས་བྱེད་པ་ཡིན། བྱེད་ལུགས་འདྲ་སྟེ་བསམ་ལུགས་མི་འདྲའོ། །དེ་ཡང་སྐྱབས་ཡུལ་རྣམས་མཁའ་ལ་མི་བསྡུ་བར་བཞག །དེ་ཟིལ་གནོན་ཡང་ཡིན།


CMR008_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་དེ་ལ་འབུལ། རྡོར་སེམས་དུས་ལྷ་འདྲེ་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་རྡོར་སེམས་བསྒོམས་ལ་བདུད་རྩིའི་རྒྱུན་གྱིས་བཀྲུ་བར་བྱེད། རྡོར་སེམས་ཐམས་ཅད་རང་གི་རྡོར་སེམས་ལ་བསྟིམས་ནས་རང་ལ་བསྟིམ་པ་སོགས་བྱ། བླ་མའི་རྣལ་འབྱོར་དུས་ཀྱང་བླ་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ ལྷ་འདྲེའི་གནས་གསུམ་ལ་ཐིམ་པས་རྒྱུད་སྨིན་ཅིང་གྲོལ་བར་བསྒོམ། དེ་ནས་རང་ལ་བྱང་སེམས་ཀྱི་དབང་བསྐུར་སོགས་གཞུང་ལྟར་བྱས། དེ་ནས་རང་ཉིད་སྐད་ཅིག་ཐུགས་རྗེ་ཆེན་པོར་བསྒོམས་ལ། གནོད་བྱེད་ལྷ་འདྲེས་གཙོར་བྱས་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཆེན་ཁོ་ན་ཡིན། འདི་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན། བདེ་བའི་རྒྱུ་དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་དང་ལྡན་ན་ཅི་མ་རུང་། ཞེ་ཐག་པ་ནས་བསྒོམས་ལ། དབུགས་ཕར་བཏང་བ་དང་མཉམ་དུ་རང་གི་དགེ་བ་དང་བདེ་བ་ཐམས་ཅད་གདོན་དང་གཞི་བདག་གིས་གཙོས་པའི་སེམས་ཅན་ཐམས་ཅད་ལ་གཅིག་ཀྱང་མ་ལུས་པར་སིབ་ཀྱིས་ཐིམ་པས། ཁོང་རྣམས་གནས་སྐབས་སུ་བདེ་སྐྱིད་ཕུན་སུམ་ཚོགས་ནས། མྱུར་དུ་སངས་རྒྱས་པའི་སྐལ་བ་ཅན་


CMR008_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པར་བསྒོམས་ལ། བདག་གི་བདེ་དགེ་མ་ལུས་སེམས་ཅན་ཐམས་ཅད་ཀྱིས་ཐོབ་གྱུར་ཅིག །ཅེས་བརྗོད། ལྷ་འདྲེ་དང་གནོད་བྱེད་ཀྱིས་གཙོར་བྱས་སེམས་ཅན་ཐམས་ཅད་སྔར་ཡང་འཁོར་བ་མཐའ་མེད་དུ་འཁྱམས། ད་རུང་ཡང་གནོད་སེམས་དང་གདུག་རྩུབ་ཀྱིས་ངན་སོང་མཐའ་མེད་དུ་འཁྱམས་དགོས་པ་སྙིང་རེ་རྗེ། འདི་རྣམས་འཁོར་བའི་སྡུག་བསྔལ་ཐམས་ཅད་དང་བྲལ། སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བའི་བསམ་སྦྱོར་དང་བྲལ་ན་ཅི་མ་རུང་། ཞེ་ཐག་པ་ནས་བསྒོམ། རླུང་ཚུར་རྔུབ་པ་དང་བསྟུན། ལྷ་འདྲེ་གཞི་བདག་གནོད་བྱེད་ཀྱིས་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྡིག་སྒྲིབ་ཐམས་ཅད་གཅིག་ཀྱང་མ་ལུས་ཚུར་སིབ་ཀྱིས་རང་གི་ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ་པས། མེ་ལྕེ་ལ་ཤིང་བསྣན་པ་ལྟར་སྒྲིབ་པ་དང་སྡུག་བསྔལ་ཐམས་ཅད་སང་གིས་བསྲེགས་ནས། རང་དང་གྷིཡིག་སྔར་བས་བཀྲག་མདངས་རྒྱས་པར་བསྒོམ། ལྷ་འདྲེ་སེམས་ཅན་ཐམས་ཅད་ཟག་མེད་ཀྱི་བདེ་བ་དམ་པ་དང་མ་བྲལ་ན་དགའ་བ་ལ་སྙམ་པ་དང་། ལྷ་འདྲེ་སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་མཉམ་པས་ཐམས་ཅད་ཁྱད་མེད་པའི་བཏང་སྙོམས་བསྒོམ། རྒྱས་པར་སྤྲོ་ན་ལུས་སྦྱིན་མང་ཉུང་གང་


CMR008_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཤིག་ཁ་སབ་རུང་ལ། མ་བྱས་ཀྱང་རང་གཞུང་འདིས་ཆོག་པས། ཉམས་ལེན་རྩ་བ་ཆོས་སྤྱོད་ལམ་རིམ་ནས་གསུངས་པའི་ཀུ་སུ་ལུ་པའི་ཚོགས་གསོག་དང་། གསང་ཁྲིད་གཞུང་གི་ཐོད་ཞལ་མའི་དམིགས་པ་འདི་གཉིས་ཡིན་པས། ཐུན་རེ་ལ་དམིགས་པ་བརྒྱ་རྩའམ། ལོ་གྲངས་སམ་ཉེར་གཅིག་གམ། ཟིན་དཀའ་ན་ཚར་བདུན་རེ་ཙམ་བྱེད་། དེ་ཡང་ནམ་མཁའ་སྒོ་འབྱེད་དུས་བསྲེ་བ་གལ་ཆེ། རང་གི་ལུས་ཀྱི་ནང་དུ་རྩ་དབུ་མ་གསང་གནས་ནས་སྤྱི་གཙུག་བར་དུ་སྦ་ལྕག་ཙམ་ཟང་ཐལ་དུ་ཡོད་པར་བསྒོམས་ལ། ལྟེ་འོག་སོར་བཞི་ན་རང་གི་རྣམ་ཤེས་བླ་ཚེའི་ངོ་བོ་ཐིག་ལེ་དཀར་དམར་མདངས་ཅན། བྱ་མ་སར་གྱི་སྒོ་ངའམ་རྒྱ་སྲན་རློན་པ་ཙམ་ཞིག་བསྒོམ། དེ་ནས་ནད་པ་དང་འཁོར་དང་རྟ་ཁལ་རྣམས་ཀྱི་རྣམ་ཤེས་ཐིག་ལེ་སྦར་བ། གསང་གནས་ནས་ལྟེ་འོག་རང་གི་ཐིག་ལེ་ལ་བསྟིམ། །དེ་ནས་ཕཊཅེས་ཐིག་ལེ་སྤྱི་བོ་ནས་རྒྱངས་སེ་ཐོན་ནས། སྤྱི་བོའི་ནམ་མཁའ་ལ་རྡོ་རྗེ་ཕག་མོ་གཞུང་ལྟར་གསལ་བའི་ཐུགས་ཀར་བསྟིམ། རྣལ་འབྱོར་མ་ཡང་རྩ་བ་གསུམ་གྱི་ལྷ་ཚོགས་ལ་ཐིམ། དེ་ཡང་འཇའ་ཡལ་བ་ལྟར་དམིགས་མེད་དུ་དར་གཅིག་བཞག་ལ་དབྱིངས་རིག་


CMR008_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེ༔ སླར་ཡང་རང་སེམས་རྗེ་བཙུན་མ་ཆུ་ལས་ཉ་ལྡང་བ་ལྟར་བྱོན། འཁོར་དང་རྟ་ཁལ་ནད་པའི་རོ་རྣམས་རང་གི་རོ་ལ་བསྟིམ། དེ་ནི་རོ་བསྲེའོ།། ༈ དེ་ནས་བདག་གི་ལུས་ཚོགས་མཆོད་ཀྱི་དམིགས་པ་ནི་ཁྲིད་གཞུང་ལྟར་ཡིན་ལ། ཕཊ༔ དཀར་འགྱེད་ནི་རོ་དེ་བདུད་རྩི་འོ་མའི་རྐྱལ་པ་ལྟ་བུ་དཀར་གསུམ་མངར་གསུམ་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་ལ་སོགས་གྱུར་ནས་དཀོན་མཆོག་མཆོད། ཕཊ༔ རྟེན་རྫས་སྒྲུབ་རྫས་སུ་གྱུར་ནས་ཆོས་སྐྱོང་བསྐང་། ཕཊ༔ རང་གི་ཙིཏྟ་འདོད་པའི་བཟའ་བཏུང་ལོངས་སྤྱོད་དུ་གྱུར་ནས་རིགས་དྲུག་ཚིམ། ཕཊ༔ ལན་ཆགས་བུ་ལོན་བྱང་། ཕཊ༔ འབྲུ་སྨན་རིན་ཆེན་དར་ཟབ་གོ་ཁྲབ་ཏུ་གྱུར་ནས་གཞི་བདག་མཉེས། ཕཊ༔ བདུད་རྩི་ཀླུ་སྨན་སྣ་ཚོགས་སུ་གྱུར་ནས་ཀླུ་ནད་སེལ་བར་བསྒོམ། ཕཊ༔ དབང་ཆུང་བ་རྣམས་རང་རང་གི་ལོངས་སྤྱོད་ཅི་འདོད་པའི་ལྷག་མ་ཐོབ་པར་དམིགས། ༈ དམར་འགྱེད་ནི། ཕཊ༔ རང་ཉིད་རྗེ་བཙུན་མས་གྲི་ཁུག་གིས་ལྤགས་པ་བཤུས་ནས་བཏིང་བས་སྟོང་གསུམ་ཁྱབ། དེའི་སྟེང་དུ་བམ་རོ་ལ་གྲི་གུག་ཚད་ཙམ་གྱིས་ཤ་རི་ཁྲག་མཚོ་བཙོས་སྲེག་རློན་གསུམ་ཅི་འདོད་པར་གྱུར་པ་ལ། ལྷ་འདྲེ་ཤ་ཁྲག་


CMR008_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགའ་བ་ཐམས་ཅད་ཀྱིས་ལྷག་མེད་དུ་ཟོས་པས་དགའ་མགུ་ཡི་རང་བར་བསྒོམ། དེ་ནས་ཐུན་མཚམས་ཐམས་ཅད་དུ་ནད་པའི་དོན་ཡིན་ན་ནད་སོ་སོའི་དམིགས་པ་གཞན་ནས་འབྱུང་བས་རྒྱས་བཏབ་པའམ། རང་གཞུང་གེགས་སེལ་ནས་བྱུང་བའི་དམིགས་པ་གནད་དུ་བསྣུན། བོགས་འདོན་ཡིན་ན། བྱམས་སྙིང་རྗེ་སྒྱུ་ལུས་བསྐྱེད་རིམ་སྟོང་ཉིད་གང་ལ་བོགས་འདོན་པ་དེའི་དམིགས་པ་གཞུང་ན་ཡོད་པ་ལྟར་འབད། དེ་ལྟར་བྱས་པས་སློང་རྟགས་མ་བྱུང་ན། རང་ཉིད་རྗེ་བཙུན་མ་ནག་མོ་འཇིགས་སུ་རུང་བར་བསྐྱེད་ལ་བརྟུལ་ཞུགས་བྱ་སྟེ། མཚོ་ཡིན་ན་ཕྱག་གཡས་གསེར་གྱི་རྡོ་རྗེས་མཚོ་དེ་དང་ཀླུའི་ཕོ་བྲང་ཐམས་ཅད་དཀྲུག་པར་བསྒོམ། ན་བ་ལ་ཕྱག་ན་འཇོར་བསྣམས་པས་ཁོའི་གནས་ཁང་དང་བཅས་པ་རྨོངས་ནས་རློག་པར་བསྒོམ། བྲག་ལ་ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཁོའི་གནས་ཁང་ལ་བརྒྱབ་པས་ཤིག་ཤིག་བྱེད་པར་བསྒོམ། ཤིང་ལ་ཕྱག་ན་གསེར་གྱི་ཟོར་བ་བསྣམས་པས་ཁོའི་བ་སྤུ་སྨྲ་ར་ཨག་ཚོམ་ཅོ་ཐོ་ཐམས་ཅད་བྲག་པར་བསྒོམ། རི་ལ་རྡོ་རྗེ་བརྒྱབ་པས་ཐལ་ཕུང་ལ་སྤྱོད་བརྒྱབ་པ་ལྟར་བསྒོམ། དེ་རྣམས་དངོས་སུ་གཞུང་ནས་བྱེད་པ་ལྟར་གསུངས་


CMR008_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། དངོས་སུ་བྱེད་ན་ཤན་པ་ལག་དམར་དང་འདྲ་བར་གསུངས་པས། ཡིད་ཀྱིས་བྱེད་རྒྱུ་ཡིན་ནོ། །ཐབ་བཏད་གསུངས་པ་ཡང་དངོས་སུ་མི་རུང་བས། དམིགས་པ་དཀར་ཐབ་དམར་ཐབ་ཆེན་པོ་གཉན་ས་དེར་བཏང་རྒྱུ་འུར་རི་ཉིལ་པ་ཙམ་དུ་བསྒོམ་མོ། །གཞུང་ལྟར་ཕུར་པ་ཐོགས་ལ་སྟངས་སྟབས་འཆམ་མོ། །དེ་ཡང་མགར་བ་དང་སོལ་ཁང་མགར་བྱེད་པ་རྨི་བ་ཉམས་ལ་ལྕགས་རྡུང་བའི་སྒྲ་དང་། ས་འོག་ནས་སྒྲ་གྲག་པ་རྐང་པ་སྦྲིད་ཆིལ་ཆིལ་བྱེད་ན་སྟེང་འོག་གི་ཐོག་ཡོད་ལ། ཚྭ་ཚྭ་དང་ཟེར་སྒྲ་ཙིར་སྒྲ་གྲག་ན་ད་ལྟ་ཉིད་དུ་འོང་། ཐོག་སྲུང་སྟེང་གི་ནམ་མཁར་གསེར་གྱི་འཁོར་ལོའི་ལྟེ་བར་ཤཱཀྱ་ཐུབ་པ། རྩིབས་སྟོང་ལ་སངས་རྒྱས་སྟོང་། རང་ཉིད་རྗེ་བཙུན་མ་རིགས་ལྔས་དབུ་བརྒྱན་པའི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་ནང་དུ་ནད་པ་རྟ་ཁལ་བསྲུང་བྱ་ཐམས་ཅད་བཙུད། རང་གི་ཕྱོགས་མཚམས་མཁའ་འགྲོ་མའི་རྭ་གུར། རྐང་ཞབས་སུ་གཡུའི་གྲོད་པ་ཆེན་པོ་ཞིག་བསྒོམ་པ་ཐོག་སྲུང་ཡིན། རང་གི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་འཕྲོས་ཐོག་སེར་བདག་པོ་དང་བཅས་པ་མཐའི་རྒྱ་མཚོའི་ཕར་འགྲམས་སུ་རྒྱང་བཏང་བར་བསྒོམས་ལ་ཕཊོདྲག་ཏུ་བརྗོད་སྡིགས་མཛུབ་བྱའོ། །དེ་ན་དགེ་སྦྱོར་ཐུན་དུ་བཅད་


CMR008_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པས་སློང་ཚད་ནི་དངོས་སུ་ཡང་རང་ལ་མ་ཉེས་ཁ་ཡོག་དང་འབར་ཤ་སྐུར་འདེབས་བྱེད་པ། བཀྱིག་བརྡུང་གསོད་གྲབ་བྱེད་པ། སློབ་དཔོན་མཆེད་གྲོགས་སྔར་མཐུན་པ་རྣམས་བྱེ་བ་འགྲས་པ། འབྲུག་གློག་ཐོག་སེར་རླུང་ཐོག་རྦབ་འོང་བ། འབོད་པ་འགྲམ་ལྕག་རྡེག་པ། སྐགས་བྱིང་བ་སྤུ་ལོང་བ་ལུས་བསྔངས་ཤིང་རྔུལ་བའོ། །རྨི་ལམ་དུ་ཡང་ཆོ་འཕྲུལ་སྣ་ཚོགས་བརྗོད་ཀྱིས་མི་ལང་ངོ་། །ནང་སློང་ནད་སྣ་ཚོགས་དང་གློ་བུར་སྐྲག་སྔངས་འབྱུང་ངོ་། །གསང་སློང་ཐེ་ཚོམ་འཁུ་འཕྲིགས་དང་ཉོན་མོངས་ཀྱི་རྣམ་རྟོག་སྣ་ཚོགས་སྔར་བས་ཆེ་བར་འབྱུང་ངོ་། །ཁྱད་པར་དུ་གཟུགས་མཛེས་མར་སྤྲུལ་ནས་བསླུ་བ་དང་། མི་སྡུག་པ་སྤྲུལ་ནས་མ་སྡོད་ཟེར་བ་དང་། འཆི་དུས་འདེབས་པ་དང་། ལྷ་དང་བླ་མར་སྤྲུལ་ནས་ཆོས་དང་འགལ་བའི་ལུང་སྟོན་པ་རྣམས་སློང་ཚད་དོ། །དེ་ནས་ཉམས་ལེན་ངང་ལ་བསྡད་པས། ཆོད་ཚད་དམ་ཚར་ཚད་ནི། ནད་པ་ཡོད་ན། རུ་བ་སྐྱེས་པ་ཚོང་བའི་སྒར་བཀྱག་པ། དམག་འུར་བྲོས་ཞོག་དང་། སྐྱེ་ཤིང་ཆག་པ། ཆུ་མིག་སྐམ་པ། བཅིངས་ཐག་བཅད་པ། བུད་མེད་དུ་བ་དང་། བུད་མེད་ཤི་བ་བསྲེགས་པ། དུད་འགྲོ་བཏགས་པ་གྲོལ་བ།


CMR008_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ནོར་མི་ལ་ཤོར་བ། གོས་ཕུད་པ། གཅེར་བུར་བུད་པ། གྲོང་ཞིག་པ། ཁོང་ཁྲག་ཤད་པ། ཁྲུས་བྱེད་པ། ངོ་ཤེས་པའི་སེམས་ཅན་ཤི་བ་དང་བསྲེགས་པ་དང་། ཤ་ཉེ་ཤི་བ་དང་། ནོར་ཤོར་བ་ཆུ་སྐམ་པ། ཤིང་སྐམ་པ་རི་མེ་ཤོར་བ། སྲོ་ཤིག་འབུ་སྲིན་སེམས་ཅན་བུད་པ། གོས་རུལ་ཕུད་པ། སྐྱུག་སྦྱངས་དྲི་ཆེན་དྲི་ཆུ་འདོར་བ། ལུད་སྙིགས་ཕྱགས་པ། ལྷ་ཁང་འགྱེལ་པ། ཁྲག་རྣག་ཆུ་སེར་འཛག་པ། ན་ཚ་སྔར་བས་ཆུང་ཞིང་ལུས་ཡང་ཟ་མ་འདོད་པ་རྣམས་ནད་ཆོད་རྟགས་སོ།། ༈ ནད་མེད་ན་འཐབ་པ་དུམ་བྱས་པ། །ཕོ་བྲང་བསྟན་པ། གློ་སྙིང་སོགས་སྲོག་འཕྲོག་པ། ཚུར་གཏད་པ། མེ་ཏོག་དཀར་སེར་ཐུ་བ་དང་། ཆོ་འཕྲུལ་ཞི་བ་སོགས་བཟང་རྟགས་སྤྱི་དང་མཐུན་ཞིང་། ཕྱག་འཚལ་ཞིང་རྫས་ཁྱད་པར་ཅན་སྟེར་ན་ཚར་ཚད་ཡིན་ནོ། །དེ་ཡང་དངོས་སུ་འབུལ་བ་སོགས་སྙད་སྙོད་མེད་པར་བྱུང་ན་ཆོད་རྟགས། ཟས་ནོར་སྙད་སྙོད་མེད་པར་བྱུང་ན་མ་ཆོད་པའོ། །རྨི་རྟགས་བཟང་ཡང་ཡིད་མི་བདེ་ན་མ་ཆོད། རྨི་ལྟས་ཚར་ཚད་བརྡའ་ཅི་བྱུང་བས་ཡིད་བདེ་ན་ཆོད་རྟགས་སོ། །དད་པ་དག་སྣང་སྐྱེ་བ། ཏིང་འཛིན་གསལ་བ། རྟོགས་པ་ལ་བོགས་བྱུང་ན་


CMR008_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་རྟགས་སོ། །དེ་ཡང་ངོ་ཤེས་པ་རྣམས་ལུས་གདོན། ངོ་མི་ཤེས་པ་རྨི་བ་གནས་གདོན། དང་པོ་ངོ་ཤེས་པ་རྒྱབ་ནས་ངོ་མི་ཤེས་པར་འགྱུར་ན། གནས་གདོན་ལུས་གདོན་དུ་བརྫུས་པ་ཡིན། དང་པོ་ངོ་མི་ཤེས་པ་དེ་ནས་ཤེས་པར་འགྱུར་ན། ལུས་གདོན་གནས་གདོན་དུ་བརྫུས་པ་ཡིན། སྔར་ནས་རྒྱུན་དུ་རྨི་བའི་གདོན་རྨི་རྣམས་ལུས་གདོན། ངོ་མི་སྟོན་ཞིང་འགྱུར་ལྡོག་ཆེ་ན་གནས་གདོན་ཡིན་ནོ། །དེ་ཡང་དང་པོ་ལུས་གདོན་ཆོ་འཕྲུལ་བྱུང་དེ་ནས་གནས་གདོན་ཆོ་འཕྲུལ་བྱུང་ན་གཉན་ས་ཞན་པ་ཡིན་ནོ། །སྔོན་དུ་གཉན་སའི་ཆོ་འཕྲུལ་རྗེས་ནས་ལུས་གདོན་གྱི་རྟགས་བྱུང་ན་གཉན་ས་འབྲིང་ཡིན། གཉན་སའི་ཆོ་འཕྲུལ་རྟག་པར་བྱུང་ལུས་གདོན་འོང་རྒྱུ་མ་རྙེད་ན་གཉན་ས་ཆེན་པོ་ཡིན་ནོ། །ཆོ་འཕྲུལ་འདྲ་བའི་ཚར་ཚད་ནི། ཚུར་ལ་མཚོན་བརྒྱབ་པའི་རྭ་ཅོས་བརྡུང་བ་མཆེ་བས་རྨས་པ། རང་བཤས་པ། ཉེ་དུ་གང་དམར་ཤི་བ། རང་གི་ཁང་པ་འགྱེལ་བ། མེ་ལ་ཤོར་བ། ཟོག་རྩིས་གང་ཆེ་བོར་བ། དགྲ་ལ་ཤོར་བ། དུག་ཟོས་པ། རང་གིས་རང་ཟོས་པ། ཁྱུང་སྤྲུལ་ཉ་ཡིས་རང་མིད་པ། རང་ལུས་རྡུལ་བཞིན་གཏོར་བ། རང་གི་སྙིང་རང་གིས་ཟོས་པ། །


CMR008_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་གློ་སྙིང་རང་ལ་བྱིན་བ་རྣམས་ཆོ་འཕྲུལ་འདྲ་ཡང་ཚར་ཚད། ཚར་ཚད་འདྲ་བའི་ཆོ་འཕྲུལ་ནི། བུད་མེད་རིགས་མི་འདྲ་བ་མང་པོས་བཀུར་སྟི་བྱེད་པ་དང་། གཤིན་པོ་མང་པོས་བཀུར་སྟི་བྱེད་པ་དང་། ཞྭ་ནག་པོ་དང་སྔོན་པོ་གྱོན་པ། གདན་སྔོན་པོ་དང་ནག་པོ་བཏིང་བ། གོས་སྔོ་ཁྲ་གོས་ནག་བལ་ནག༔ སྦང་མ་ཚྭ་གཡེར་ཤ་ཁྲག་རློན་པ་དང་ཤ་བཙོས་པ་རྣམས་ཕུལ་བ་དང་། སྒོག་པ་དང་སྔོ་ཚད་ཟོས་པ། གྲོ་མ་དང་རམ་པ་མོན་བུ་མར་ནག་ལྕགས་སྤྱད་བུ་རམ་ནག་འདུར་བྱེད་པ། མེ་ཏོག་སེར་པོའི་གླིང་དུ་ཕྱིན་པ་རྣམས་མགོ་གཡོགས་ཡིན་པས་ད་རུང་འདུག་གོ །སེམས་ཅན་རང་རྒྱུད་པ་དང་ཆོ་འཕྲུལ་གཉིས་ཀྱི་དབྱེ་བ་ནི། རང་གི་ཉལ་ས་སོགས་སུ་སྦྲུལ་དང་སྦལ་པ་སོགས་སེམས་ཅན་གདའ་ན། ཕཊ༔ རང་ཉིད་རྗེ་བཙུན་མ་མཐིང་ནག་གི་ཐུགས་ཀ་ནས་མདའ་རྒོད་སྒྲོ་མ་ཉེར་གཅིག་གནམ་ལྕགས་ཀྱི་མདེའུ་ཚྭ་ཚྭ་ཁོལ་བ་འཕྲོས། སེམས་ཅན་དེའི་སྙིང་དཀར་ནག་མཚམས་སུ་བརྒྱབ་པས་ཐལ་བ་བུན་ནེ་སོང་བར་བསྒོམ། ཕཊ༔ ཤར་དྲག་པོ་ཉེར་གཅིག་བྱའོ། །དེས་སེམས་ཅན་དེ་ཆེར་སོང་ངམ་ཆུང་དུ་སོང་ངམ་སྟེང་དུ་མཆོང་བྱུང་ན་ཆོ་འཕྲུལ་ཡིན་པས། ཕཊ༔ སེམས་ཅན་དེ་


CMR008_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་སུ་རུང་བ་ཞིག་ཏུ་གྱུར་པའི་ཁའི་ནང་དུ་རང་འཛུལ་བས་ཁོས་ཟོས་པར་བསྒོམས་ལ། རང་གི་ཁོག་སྨད་རྗེས་ལ་ཁོའི་ཐོག་ཏུ་འདུག་ལ་ཕུག་པར་བྱའོ། །ཡང་གོང་དུ་དམིགས་པ་དང་ཕཊཤར་བྱས་པས་སེམས་ཅན་དེ་བྲོས་ནས་ཐལ་ན་སེམས་ཅན་རང་ག་ཡིན་གར་འགྲོར་བཏང་ལ་རྗེས་སུ་ཐེ་ཚོམ་མི་བྱེད་པ་གལ་ཆེའོ། །སེམས་ཅན་རང་གི་སྟེང་དུ་བསྡད་ན་བསད་པས་སྡིག་ཆེའོ། །ཆོ་འཕྲུལ་གྱི་སེམས་ཅན་ལ་རྣམ་རྟོག་གིས་འཇིགས་པར་བྱས་ན་རང་ལ་ནད་སོགས་བར་ཆད་འོང་བས་སྙེམས་ཐག་ཆོད་པར་བྱའོ། །ནུབ་མོ་ལྷ་འདྲེ་དང་ཇག་རྐུན་མ་འབྱེད་ན། ཕཊ༔ རང་ཉིད་ཁོའི་ཁ་ནང་དུ་ཞུགས་པས་ཁོས་རང་ལུས་ཟོས་པར་བསྒོམས་ལ། ཕཊ༔ དྲག་ཏུ་བརྗོད་པས་ལྷ་འདྲེ་ཡན་ན་མེད་ནས་འགྲོ། དེ་ནས་སྟོང་ཉིད་ངང་ལ་བཞག་པར་བྱའོ། །གལ་ཏེ་གཉན་སའམ་དུས་གཞན་དུ་མིའི་དགྲ་བྱུང་ནས་ཆས་ཀ་ཤོར་ན། བྱམས་སྙིང་རྗེ་བསྒོམས་ནས་བསྔོ་བ་བྱས་ཏེ་གནོད་ལན་དུ་ཕན་བྱས་ན་གཅོད་པ་རབ་ཡིན་ནོ། །དེ་མ་ཐུབ་ན་རྗེས་ས་བཟུང་ལ་གཉན་ས་དེའམ་གཞན་དུ་ཚར་ཚད་མ་བྱུང་བར་དུ་མཐའ་གཏད་བྱེད། ཚར་ཚད་བྱུང་ནས་མནན་པ་སོགས་ཞལ་ལས་ཤེས་སོ། གཅོད་ཀྱི་


CMR008_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་སེལ་བ་ནི། གཉན་སར་སློང་ཆོ་འཕྲུལ་བྱུང་ནས་བྲོས་པ་དང་སློང་གིས་ནད་སོགས་བྱུར་བ་དང་། སློང་གིས་ནད་པ་ཐུ་བ་ལ་སྐྲག་ནས་ཁྱིམ་དུ་ཁྲིད་ནས་གཏོ་དགེ་རིམ་གྲོ་བྱས་ན། །གཅོད་ལོག་པ་ཡིན་པས་རང་ལ་ཡང་མི་དགེ་བ་དུ་མ་འབྱུང་།་ནད་པ་མྱུར་དུ་འཆི་བས་སླར་གཉན་ས་དེ་ཉིད་དུ་སོང་ལ་ཚར་ཚད་མ་བྱུང་བར་དུ་བསྡད། ཁྱད་པར་དུ་རང་ཉིད་མཁའ་འགྲོ་ཁམ་ནག་གཟི་བརྗིད་དང་ལྡན་པར་བསྒོམ། ཕྱག་གཡས་གནམ་དང་གཡོན་ས་བཟུང་ནས་གནམ་ས་ཆ་ལང་ལྟར་བརྡབ་པས། ལྷ་འདྲེ་རྣམས་བཅར་ཞིང་སྐྱབས་ནས་སྐད་ངན་ཙེར་ཙེར་ཁས་བླངས་དམ་བཅས་པར་བསྒོམ་ཞིང་ཚར་ཚད་མ་བྱུང་བར་དུ་གཟིར་བར་བྱའོ། །ཡུན་རིང་དུ་བསྡད་ཀྱང་རྟགས་ཅི་ཡང་མེད་ན་གཅོད་རྡུགས་པ་ཡིན་པས་མཐའ་གཏད་གང་རུང་ཞིག་བྱའོ་།ཡང་རྨི་ལམ་དུ་བུ་ལོན་སོད་སྟེང་བོདས་པ་དང་། ཁ་མཆུ་དུམ་སྟེང་ཟློག་ཟེར་བ་དང་གྱེན་ལ་འགྲོ་བ་དེ་ཐུར་ལ་འགྲོ་རྩིས་བྱེད། གོས་ཕུད་ནས་གྱོན་ཆས། ཁྲལ་སོད་རྒྱབ་དེད་པ། སྤྱད་པ་ཁྱེར་རྒྱབ་གཏད་པ། སེམས་ཅན་གྲོལ་བ་བཏག་ཆིས། གོས་ནག་བསྐོན་ཆིས། མི་རྣམས་ངོ་འཛུམ་ནག་པ། ཞིང་རྨོ་ཆེས་བྱེད་པ་རྣམས་བསྡད་ཡུན་རིང་ནས་


CMR008_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་བྱེད་པའི་རྟགས་ཡིན་པས་མྱུར་དུ་སྤོའོ། །གལ་ཏེ་མ་སྤོས་ན་ནད་པ་ལ་ནད་སྣ་ཚོགས་ནི་འོང་ངོ་། །གཉན་ས་ནས་ཉིན་སྐོར་ལ་སོང་ཞག་པོ་ཐོག་ན་གཅོད་བུག་པ་ཡིན་པས་གཉན་ས་དེར་རང་ཉིད་ཡོད་པར་བསྒོམས་ལ་ཉམས་ལེན་བྱ་སྟེ། གཅོད་བུག་ན་དམིགས་པའི་རྒྱང་ཞགས་གཅེས། ཞེས་གསུངས་སོ། །གཉན་ས་མ་ཆོད་པར་འགྲོ་དགོས་བྱུང་ན། གཅོད་རལ་བ་ཡིན་པས། རང་ཉིད་རྗེ་བཙུན་མར་བསྐྱེད་ལ་འོད་ཟེར་ལྕགས་ཀྱུ་ལྟ་བུས་ལྷ་འདྲེ་ཐམས་ཅད་བསྡུས་ཏེ། རང་གི་མལ་ཞབས་རྡེའུ་གཅིག་ལ་ཧཱུྃ་བྲིས་པ་ལ་བསྟིམ། སོར་མཛུབ་ཌཱ་ཀི་སྡེ་ལྔས་གནས་པོ་དེ་ཙེར་གྱིས་བཟུང་བར་བསྒོམས་ལ་སྣོད་ལྕགས་ཀྱི་པར་བུར་བསྒོམས་པའི་ནང་དུ་བཅུག །ཁ་སྦྲུལ་ནག་གིས་བཅིངས་ལ་ལུས་ལ་འཆང་ཞིང་ཞབས་སུ་བཅུག་ལ། རང་གར་འདུག་ཀྱང་གཉན་ས་དེ་ཡིན་པར་བསྒོམས་ལ་ཉམས་ལེན་བྱ། གཅོད་པ་མང་པོ་གཉན་ས་གཅིག་ལ་འགྲོ་ན། དཔོན་དེས་འགྲོ་མི་བྱས་ཐལ་ནས། །རང་ཉིད་རྗེ་བཙུན་མའི་ཐུགས་ཀ་ནས་གནམ་ལྕགས་ཀྱི་རྡོ་རྗེ་དཔག་མེད་འཕྲོས་པས། རྡོ་རྗེའི་གུར་དུ་གྱུར་པའི་ནང་དུ་གཅོད་སྒར་ཚུད་པར་བསྒོམ། གཅོད་རབ་རྡོ་རྗེའི་གོར་ཞེས་པའི་


CMR008_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནོ། །ཡང་འདུག་ས་དེ་གཉན་མིག་མ་ནོན་ནས་དེའི་གཉན་ས་གཞན་དུ་གདའ་ན་གཅོད་འཁྱམས་པ་ཡིན་པས། ས་དེའི་གཉན་མིག་གར་གདའ་ནས་ས་རྡོ་ཤིང་གསུམ་བླངས་ལ་རང་གི་ཞབས་སུ་བཅུག་གོ །དེ་ནས་ཚར་ཚད་བྱུང་ཡང་ཞག་གཅིག་བསྡད་ལ་མགོ་སྐོར་དང་རྗེས་བསྙེག་ཨེ་འདུག་བརྟག་།དེ་ནས་ཕྱིར་ནངས་ལུས་སྦྱིན་ཚར་གཅིག་བྱས། ནམ་མཁའི་སྐྱབས་ཡུལ་གཤེགས་པའམ་རང་ལ་བསྡུ། བྷུདྡྷ་ཌཱ་ཀི་ནི་ཧཱུྃ། ཞེས་སོགས་བརྗོད་ཅིང་ཕུར་པ་རྣམས་ཕྱུངས་ལ། ཟིལ་གནོན་གྱི་མཁའ་འགྲོ་མ་རྣམས་རང་གི་ཐུགས་ཀར་བསྡུ། སྟན་བཀྱག་རྡོ་རྡེལ་ཡོད་ན་སྐུད་པ་བཀྲོལ། ལྕགས་ཁང་ནང་གི་གནས་གདོན་ལུས་གདོན་རྣམས་རྒྱ་གྲོག་ཚང་རློག་པ་ལྟར་ཡར་བུད་པར་བསྒོམ། དེ་ནས་དཀར་ནག་ཤན་འབྱེད། ལྷ་འདྲེ་རལ་ཁྲིད་ནི་མདུན་དུ་རྡེའུ་གཅིག་བཞག་ལ་རང་ཁྲོས་མར་བསྒོམས། བདེན་སྟོབས་བརྗོད་ལ། ལྷ་འདྲེ་ཁྱེད་རྣམས་ཀྱི་ནང་ནས་བདག་གི་བཀའ་ལ་མི་ཉན་གསུང་མི་སྡོད་ཕྲིན་ལས་མི་བསྒྲུབ་དངོས་གྲུབ་མི་སྟེར། མགོ་སྐོར་རྗེས་བསྙག་ཕྱི་འབྲང་བྱེད་པའི་ལྷ་འདྲེ་གང་ཡིན་པ་ཐམས་ཅད་རྡེའུ་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཅེས་རྡོ་དྲིལ་བཟུང་བའི་དམིགས་པ་


CMR008_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཁྱེར། དེ་ནས་ཁ་ཆར་བབ་ནས་འགྲོ་དཀའ་ན། མལ་སྟན་ཐམས་ཅད་སྲེག་ཅིང་། རང་གཞན་ཀུན་རྗེ་བཙུན་མ་དམར་མོར་བསྒོམ། ཀུན་གྱིས་ཚེར་ལྕག་བྲ་མས་གོ་ཁ་བཤད་ཅིང་། ངེད་རྣམས་གནས་སྤོ་བ་ཡིན་པས། གནས་སུ་མ་སླེབ་བར་ཁ་ཆར་མ་བཏང་ཞིག །བརྗོད། གནས་དེའི་ལྷ་ཀླུ་ས་བདག་བྲ་མའི་ལྕག་ཚན་གྱིས་བཤད་པས་ཁ་ཆར་མི་བཏང་བར་ཁས་བླངས། དབང་པོ་སྒོ་ལྔ་ནས་མེ་འུ་རུ་རུ་འབར་ནས་ལྷ་ཀླུ་སྣང་སྲིད་ཚིག་ལ་ཁད་དུ་བསྒོམ་ཞིང་། ཕཊ༔ བརྒྱ་བརྗོད་ཅིང་ནམ་མཁའ་དྭངས་ཤིང་ཉི་མ་ཚ་བར་བསྒོམ༔ དེ་ནས་ཁལ་མ་ཡང་བཀལ་ལ། ཕཊ༔ སྔར་གྱི་ལྕགས་ཁང་རིན་པོ་ཆེའི་ས་གཞིའི་དབུས་ན་རང་དང་ལྷ་འདྲེ་སློབ་དཔོན་དང་མིའི་ཚུལ་དུ་བསྒོམས་ལ་སྐྱབས་སེམས་དང་། །རང་ཉིད་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིར་བསྒོམས་ལ་ཡིག་དྲུག་བརྒྱ་བཟླས། ཐུགས་ཀའི་ཧྲཱིཿདང་ཡིག་འབྲུ་ལས་བདུད་རྩི་འདོད་ཡོན་ཕུན་སུམ་ཚོགས་པ་སྤྲོས། ལྷ་འདྲེའི་སྡིག་སྒྲིབ་སྡུག་བསྔལ་སྣང་བ་སྨྲས་འགྲམ་གནས་ཁང་ཞིག་རལ་ལོངས་སྤྱོད་ཤོར་གོད་བཀྲག་མདངས་ཉམས་པ་ཐམས་ཅད་སོས། སྔར་བས་ཀྱང་དར་ཞིང་རྒྱས་ནས་ལྷ་འདྲེ་གཞན་རྣམས་ཟིལ་གྱིས་ནོན་


CMR008_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམ། ཕཊ༔ རང་ཉིད་མཁའ་འགྲོ་མ་དཀར་མོ་དང་མདུན་དུ་ཡུམ་ཆེན་མོ་སེར་མོ་བསྒོམས་པའི་བར་དུ་ལྷ་འདྲེ་ཐམས་ཅད་འཁོད་པ་ལ། རང་མདུན་བསྐྱེད་ཐུགས་ཀར་ཨཱཿདཀར་སེར་ལས་བདུད་རྩི་བབ་པས་ལྷ་འདྲེ་ཐམས་ཅད་སྔར་ལྟར་སོས་ཤིང་གཟི་བརྗིད་རྒྱས་པར་བསྒོམས་ལ། ག་ཏེ་བཟླས། ཕཊ༔ ལྷ་འདྲེ་ཐམས་ཅད་རབ་ཏུ་དགའ་ནས་བྱིས་པ་དཀར་པོ་མཛེས་ཤིང་ཡིད་དུ་འོང་བའི་རོ་གཅིག་འཆི་མེད་ཚེའི་དངོས་གྲུབ་ཏུ་ཕུལ། ཕཊ༔ རང་ཉིད་རྗེ་བཙུན་མའི་གྲི་གུག་གིས་བླངས་ཐོད་པར་བཙུག་གྲི་གུག་བརྒྱབ་པས་དམར་ལྟེམས་སེ་སོང་བ། རཾ་ཡཾ་ཁཾ༔ ཐུགས་ཀ་ནས་མེ་ཆུ་རླུང་གསུམ་འཕྲོས་བསྲེགས་སྦྱངས་བཀྲུས་ཨོཾ་ཨཱཿཧཱུྃ། དྭངས་མ་ཟག་མེད་ཀྱི་བདུད་རྩིར་གྱུར་པ་རང་གིས་འཐུང་བས་གཟི་བརྗིད་ཕུན་སུམ་ཚོགས་ཏེ་ཚེའི་དངོས་གྲུབ་ཐོབ་པར་བསྒོམ། སྔར་གྱི་རྡོ་རྡེལ་ཁྲིད་པ་ཡོད་ན་ཡིག་བརྒྱ་བཟླས་ཤིང་རྡོ་ལ་ཕུ་བྱ། རྡོ་ཐུགས་རྗེ་ཆེན་པོར་བྱིན་གྱིས་བརླབས་ལ། སྔར་གྱི་གཉན་ས་ལ་རང་ཉིད་རྒྱབ་བརྟེན་ལ་འཕང་། ལྷ་འདྲེ་གནས་སུ་སོང་བར་བསྒོམ། ཡིག་བརྒྱ་དང་ཀཾ་ཀ་ནི་བརྗོད་ཅིང་མལ་ས་ཐབ་ཀ་བཤིགས། འགྲུབ་ན་རྡོ་ལ་ཡིག་དྲུག་བརྐོས་ལ་རབ་གནས་བྱ། །


CMR008_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་འདྲེའི་ཕྱག་དང་མཆོད་གནས་སུ་བྱིན་གྱིས་བརླབས་ལ་བཞག །ཕཊ༔ རང་གི་ཤ་ཁྲག་གི་གཉན་ས་དེ་ལྟེམ་མེ་གང་བ་ལ་ལྷ་འདྲེས་བགོ་བཤའ་བྱེད་པར་བསྒོམས་ལ། །འོ་ང་ཡི་གནས་པོ་གནས་བདག་ཆེན་པོ་འདི་ལ། ཁྱོད་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་གནོད་འཚེ་མ་བྱེད། གལ་ཏེ་བྱས་ན་ཡེ་ཤེས་ལྷའི་དམག་འདྲེན། གནམ་ལྕགས་རྡོ་རྗེའི་སྐྱོགས་རྒྱོབ། ཡུངས་ཀར་གྱི་ཐུན་བྲབ། འཁོར་ལོའི་རྩིབས་ལ་བསྐྱོན། དེ་བས་ལུས་ཤ་ཁྲག་གི་སྦྱིན་པ་འདིས་ཚིམ་པར་གྱིས་ལ། སྤྱིའི་ལྷ་འདྲེ་ཐམས་ཅད་ཀྱིས་གནས་བདག་འདི་ལ་གནོད་པ་མ་བྱེད་པར། དགའ་མགུ་བྱང་ཆུབ་ཀྱི་སེམས་དང་ལྡན་ནས་སོ་སོར་རང་རང་གནས་སུ་བྱེར་ཤིག །གྱེས་ཤིག་སོངས་ཤིག །བརྗོད། དེ་ནས་རང་འགྲོ་དུས། ཕཊ༔ རང་ཉིད་ཀེང་རུས་ཀྱི་མཁའ་འགྲོ་མ་ཤ་ཁྲག་དང་རྐང་དང་ཆུ་རྒྱུས་མེད་པ། ངང་སིང་ངེ་བ། རྐང་དང་ལྷུ་ཚིགས་ནས་མེ་འབར་ཞིང་དུ་བ་འཐུལ་བ་ཞལ་ནས། ཧ་ཧ་ཧི་ཧི་ཧུ་ཧུ་ཧེ་ཧེ་ཧོ་ཧོ་ཧོ་ཧ༔ གད་རྒྱངས་བཅུ་གཉིས་སྒྲོག་ཅིང་ནམ་མཁའ་ལ་ཇེ་མཐོ་འགྲོ་བར་བསྒོམ། ཕྱི་ལྟས་མི་བྱེད། གཉན་ས་དང་གནས་ཁང་གཉིས་ཀ་མི་མཐོང་སར་ཐོ་བརྩིག་ཁྲོ་བྲིས་ལ་


CMR008_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཕར་བསྟན། ཁྲོ་ཁྲོ་ཁྲོ་ཁྱུང་ནག་མེ་གཤོག་ཅན་གསུམ་ལག་སྦྲེལ་ནས་ཁ་ཕྱིར་གྲུ་ནས་ཡོད་པར་བསྒོམ། ཕཊ༔ རང་དང་གནས་ཁང་འོད་ཀྱི་སྣམ་བུས་འབྲེལ་པ་ལ། རང་ཉིད་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཞིག་འོད་ཀྱི་ལམ་ནས་ཁྱིམ་དུ་ཕྱིན་པར་བསྒོམས་ལ་འོང་ངོ་། །གཅོད་མགོ་གཟབ་གཙང་རྒྱལ་ཡུར་ཆུད་ཡིན་ཞེས་གསུངས་པས། དང་པོ་གཉན་ས་གང་དུ་གཅོད་པ་དེ་ཆོད་ངེས་བྱས་པས་དེ་ཕྱིན་ཆད་ལམ་དུ་འགྲོ། གཅོད་འཕྲོ་གཟབ་པ་རྣལ་འབྱོར་དམ་ཚིག་ཡིན་གསུངས་པས། གཉན་ས་གང་དུ་བཅད་ནས་ཁྱིམ་དུ་འོང་བའི་ས་དེ་ཆོད་ངེས་བྱས་པས་བཀྲ་ཤིས་སོ། །དེ་ཡང་ཨོ་རྒྱན་པདྨའི་གཏེར་གཅོད་ལས། འདུས་བྱས་ཀྱི་ཟས་ནོར་དཔག་མེད་དངོས་སུ་བཏང་བ་བས། ཞེན་འཛིན་དང་བྲལ་བའི་དམིགས་པས་ལུས་སྦྱིན་པར་བཏང་ཞིང་དགེ་སྦྱོར་ཐུན་རེས་བསོད་ནམས་ཆེའོ། །ཕལ་པའི་གནས་སུ་ལོ་གཅིག་བསྒོམས་པ་ལས། གཉན་ས་རི་ཁྲོད་དུ་ཞག་གཅིག་ཉམས་ལེན་བྱེད་པ་འགྱུར་ཆེ། ཆོས་སྤྱིའི་ཉམས་ལེན་རྒྱུད་དང་ཟླ་བ་གཅིག་བྱས་པ་བས། བདུད་གཅོད་པའི་སྒོ་གདམ་པ་ཐུན་གཅིག་ཉམས་སུ་བླངས་པས་ལམ་རྟགས་མྱུར། ལོར་ཆོ་འཕྲུལ་དང་། བར་ཆད་ཅི་བྱུང་ཡང་། བདག་བསྲུང་


CMR008_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ་བརྒྱ་ཐམ་པ་བས། སོད་ཅིག་ཟོ་ཞིག །ཁྱེར་ཅིག་ཅེས་པའི་ཚིག་གིས་དགའ་བ་ཡིན། ལྷ་སྲུང་བརྒྱ་ར་མདའ་བཟློག་པ་བྱས། ལྷ་འདྲེ་སྟོང་ལ་ཟ་རྒྱུ་བཅོལ་བས་དགའ་བ་ཡིན། ལུས་སྲུང་བརྒྱ་བཏག་པ་བས། ན་དགའ་ཤི་སྐྱིད་ལན་གཅིག་དགའ་བ་ཡིན། ཅེས་གསུངས་སོ། །ཞེས་པ་འདི་ནི་གསང་ཁྲིད་རིམ་ལྔ་ཡི། །བོགས་འདོན་གཅོད་ཀྱི་ཁྲིད་ཀྱི་ལྷན་ཐབས་སུ། །པདྨའི་གཏེར་གཅོད་ལ་སོགས་གཅོད་གཞུང་དང་། །ཤེས་རབ་བླ་མ་ལ་སོགས་བཀའ་ཐོག་གི །ཚིག་ཉུང་དོན་འདུས་གོ་བདེ་གསལ་བར་བཀོད། །འདི་བྲིས་ཉེས་པ་ཆོས་བདག་ཌཱ་ཀི་དང་། །གཏེར་སྲུང་དམ་ཅན་རྣམས་ལ་རབ་ཏུ་བཤགས། །འདི་བྲིས་དགེ་བས་ཉམས་ལེན་རྟོགས་པའི་བོགས། །ཡར་ངོའི་ཟླ་བ་བཞིན་དུ་རབ་འཕེལ་ནས། །པདྨ་འབྱུང་གནས་ཚེ་འདིར་འགྲུབ་གྱུར་ཅིག །དེ་སྐད་སྨྲས་གང་རཱ་གའི་མིང་ཅན་དེས། །དབེན་པའི་ཁང་བུར་ཕན་པའི་བསམ་པས་བཀོད། །བྷ་ཝནྟ༔ ས་མཱ་ཡ། ཨཱི། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གསང་ཁྲིད་རིམ་པ་ལྔའི་ནང་ནས་བོགས་འདོན་གཅོད་ཁྲིད་ཀྱི་ཟིན་བྲིས།next