Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
གུ་རུ་ཞི་དྲག་གི་གཏེར་སྲུང་ཤེའུ་མཁའ་རི་དང་ཀླུ་བདུད་དགེ་བསྙེན་སྨྱོ་ཁའི་ལས་བྱང་གསོལ་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་ཞི་དྲག་གི་གཏེར་སྲུང་ཤེའུ་མཁའ་རི་དང་ཀླུ་བདུད་དགེ་བསྙེན་སྨྱོ་ཁའི་ལས་བྱང་གསོལ་མཆོད།next

གུ་རུ་ཞི་དྲག་གི་གཏེར་སྲུང་ཤེའུ་མཁའ་རི་དང་ཀླུ་བདུད་དགེ་བསྙེན་སྨྱོ་ཁའི་ལས་བྱང་གསོལ་མཆོད།


CMR008_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཞི་དྲག་གི་གཏེར་སྲུང་ཤེའུ་མཁའ་རི་དང་ཀླུ་བདུད་དགེ་བསྙེན་སྨྱོ་ཁའི་ལས་བྱང་གསོལ་མཆོད་བཞུགས་སོ༔


CMR008_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ མདུན་དུ་མཁའ་རི་མི་དཀར་རྟ་དཀར་ཅན༔ ཤེལ་གྱི་ཞུབ་ཅན་སྦ་ལྕག་ཐུན་དོང་བསྣམས༔ ལྕམ་མོ་ཤེལ་བཟའ་མཛོ་མོ་འཕུར་ཤེས་ཆིབས༔ དམག་ཚོགས་འབུམ་གྱིས་བསྐོར་བ་སྤྱན་དྲངས་གྱུར༔ ཧཱུྃ༔ དྲག་པོའི་མཚོ་ཆེན་ཨོ་རྒྱན་ཕྱག་རྗེས་བཀྲ༔ གངས་དཀར་ཤེལ་འདྲ་རྩེ་མོ་དགུང་དུ་བསྙེགས༔ དེ་དབུས་རིན་ཆེན་ཤེལ་གྱི་སྐུ་མཁར་ནས༔ དགེ་བསྙེན་མཁའ་རི་ལྕམ་དྲལ་གཤེགས་སུ་གསོལ༔ ལེགས་བཤམས་རིན་ཆེན་ཁྲི་ལ་བཞུགས་ནས་ཀྱང་༔ རྣལ་འབྱོར་བདག་གི་བཀའ་སྲུང་ཕོ་ཉི་མཛོད༔ བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ ཧཱུྃ༔


CMR008_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་འབྱོར་དང་ཡིད་ལས་སྤྲུལ་པ་ཡི༔ གཡག་དཀར་ཐོད་པ་སྐུ་གཟུགས་མེ་ལོང་དང་༔ མདའ་དར་སྦ་སྨྱུག་ཚིགས་གསུམ་ཤེལ་དང་དུང་༔ ཟན་གཡག་གསང་ལུག་མཛོ་མོ་དཀར་མོ་དང་༔ ཆང་ཕུད་ཆོས་སྨན་འབྲང་རྒྱས་ལུག་གི་ཤ༔ གསུར་དང་སྤོས་དུད་གཏོར་མས་ཐུགས་དམ་བསྐང་༔ ཨོ་བཛྲ་ཏྲིག་ན་ཏྲིག་པ༔ ཏྲིག་སྨན་རུ་རུ་ཙ་ཙ་ཛ༔ མ་ཧཱ་བྷ་ལིང་ཏ་ཛ་ཧི་ཧ་རཿ༔ ས་མ་ཡ་པུ་ཛ་རུ་པ་བྷ་ཧུ་ཏ་ཕ་ལ་ང་༔ ཤྲཱི་ཧ་ན༔ ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ མཁའ་རི་ཁྱོད་ནི་དམ་ཚིག་མཆོག་ཏུ་གཙང་༔ དེ་ཕྱིར་རིག་འཛིན་པདྨ་འབྱུང་གནས་ནི༔ ཁྱོད་དང་


CMR008_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་མེད་རྟག་ཏུ་སྤྱི་གཙུག་རྒྱན༔ རྣལ་འབྱོར་བདག་གིས་ཁྱོད་ལ་མཆོད་ཅིང་བསྟོད༔ སྔོན་གྱི་དམ་བཅའ་ཐུགས་དམ་བརྩེར་དགོངས་ལ༔ བདག་ལ་ཨོ་རྒྱན་པདྨ་སྤྱད་དུ་གསོལ༔་མཁའ་རི་བྱི་སྦ་མཛེས་པར་སྤྲུལ༔ བདག་དང་འགྲོགས་པར་རྨིས་ཕྱིར་བྲིས༔ མཁའ་རིའི་གསོལ་མཆོད་བསྡུས་པར་ཧཱུྃ་སྒྲ་བཞི་པའོ༔་ཨ་རཱ་གས་སོ༔ ཧཱུྃ༔ མདུན་དུ་མཚོ་དབུས་ཀླུ་བདུད་དགེ་བསྙེན་ནི༔ དུད་མདོག་མིག་མང་གདེངས་ཀ་སྦྲུལ་མཇུག་འཁྱིལ༔ འཁོར་ལོ་ཞགས་འཛིན་བྲ་ནག་རྟིང་དཀར་ཆིབས༔ འཁོར་དང་སྤྲུལ་པའི་ཚོགས་བཅས་སྤྱན་དྲངས་གྱུར༔ ཧཱུྃ༔ རོལ་མཚོ་བདུན་དང་བོད་ཡུལ་གནས་ཆེན་བརྒྱད༔ ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་ནས༔ དགེ་བསྙེན་སྨྱོ་ཁ་འཁོར་དང་སྤྲུལ་པ་བཅས༔ ཞི་ཞིང་བྱམས་པའི་ཐུགས་ཀྱིས་གཤེགས་སུ་གསོལ༔ ཡིད་སྤྲུལ་རྒྱ་མཚོ་པད་ཟླའི་གདན་ལ་བཞུགས༔ གསང་སྔགས་བསྟན་པ་གཉན་པོ་བསྲུང་བ་དང་༔ རྣལ་འབྱོར་བདག་གི་ཁ་འཛིན་སྡོང་གྲོགས་མཛོད། བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ ཧཱུྃ༔ སྙུག་རྒོད་རྨ་བྱའི་མདོངས་དང་དར་ཚོན་ལྔ༔ དཀར་གསུམ་མངར་གསུམ་ཀླུ་སྨན་སྣ་ཚོགས་དང་༔ དམར་གཏོར་བྱ་ནག་ལྡིང་ཞིང་སྦྲུལ་


CMR008_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ནག་དཀྲིས༔ ཟན་གྱི་གཡག་ནག་དགྲ་བོའི་ལིང་ག་བཀལ༔ དགྲ་བོའི་ཤ་ཁྲག་ལ་སོགས་མཆོད་པའི་སྤྲིན༔ ཀླུ་ཡི་དགེ་བསྙེན་འཁོར་བཅས་ཐུགས་དམ་བསྐང༔ ནཱ་ག་རཱ་ཙ་ཀྲོ་ཏ་པ་ཙ་ལ་ཏི༔ དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ས་བརྒྱད་གནོན་པའི་སེམས་དཔའ་ཆེན་པོ་ཁྱོད༔ སྨོན་ལམ་དབང་གིས་ཀླུ་བདུད་རྗེ་བོར་གྱུར༔ རྫུ་འཕྲུལ་སྟོབས་ཀྱིས་དབུས་གཙང་ཁམས་སུ་ཁྱབ༔ དམ་ཚིག་དབང་གིས་ཟབ་གཏེར་སྲུང་མ་མཛད༔ སྤྲུལ་བའི་དགེ་བསྙེན་མཆོད་ཅིང་བསྟོད་ལགས་ན༔ ཁྱོད་ཀྱི་འཁོར་དུ་གཏོགས་པའི་ཀླུ་གཉན་དང་། རྒྱལ་འགོང་དམ་སྲིའི་གནོད་པ་བཟློག་ཏུ་གསོལ༔ གག་ལྷོག་གྲི་དམེ་ནང་འཁྲུག་དགྲ་ལ་ཐོངསཿ་ཧཱུྃ༔་དགེ་བསྙེན་འཁོར་བཅས་ཐུགས་དང་འགལ་བའི་ལས༔ ཐབ་གཞོབ་མནའ་དང་ཤིང་གཉན་བཅད་ལ་སོགས༔ ཉེས་འགལ་གང་མཆིས་རབ་ཏུ་འགྱོད་པས་བཤགས༔ རྟག་ཏུ་སྤུན་དང་གྲོགས་ལྟར་བརྩེར་དགོངས་ལ༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་བདག་ལ་སྩོལ༔ བཙན་ཕྱུགས་འཕེན་དར་འཛོམས་པའི་སྡོང་གྲོགས་མཛོད༔ པདྨ་འབྱུང་གནས་བཀའ་ལས་མ་འདའ་བར༔ རྣལ་འབྱོར་


CMR008_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སྨྱོ་ཁའི་གསོལ་མཆོད་ཧཱུྃ་སྒྲ་ལྔ་པའོ༔ རྒྱས་པར་འདོད་ན་གཏེར་གཞུང་དེ་ཉིད་ཐོན༔ བསྡུས་པར་འདོད་ན་སྨྱོ་ཁར་སྔགས་བསྔོས་བྱ༔ འབྲིང་པོ་འདོད་ན་འདི་ཉིད་འདོན་པས་འཐུས༔ གངས་བཙན་སྐུ་ལྷ་ཤེའུ་མཁའ་རི་དང་༔ ཀླུ་བདུད་ནག་པོ་དགེ་བསྙེན་སྨྱོ་ཁ་ཡི༔ གསོལ་མཆོད་བསྡུས་པ་ཚང་བ་འདི་ཉིད་ནི༔ རྒྱུན་ཏུ་ཞི་དྲག་གཏེར་སྲུང་མཁོ་ཆེ་ཕྱི་ར༔ རཱ་གའི་མིང་ཅན་རྣལ་འབྱོར་པ་དེས་སྦྱར༔ འདི་ལུ་ཉེས་འགལ་འཁྲུགས་པ་ཅི་མཆིས་པ༔ གཏེར་སྲུང་གཉིས་པོ་འཁོར་དང་བཅས་ལ་བཤགས༔ དགེ་བས་སངས་རྒྱས་བསྟན་པ་འཕེལ་ཤིང་རྒྱས༔ གསང་སྔགས་བསྟན་པ་དགུང་ལ་རེག་གྱུར་ཅིག༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགུ་རུ་ཞི་དྲག་གི་གཏེར་སྲུང་ཤེའུ་མཁའ་རི་དང་ཀླུ་བདུད་དགེ་བསྙེན་སྨྱོ་ཁའི་ལས་བྱང་གསོལ་མཆོད།next