Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
ཐུགས་སྒྲུབ་ལས་དགེ་བསྙེན་ནོར་བདག་གི་ལས་བྱང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་ལས་དགེ་བསྙེན་ནོར་བདག་གི་ལས་བྱང་། next

ཐུགས་སྒྲུབ་ལས་དགེ་བསྙེན་ནོར་བདག་གི་ལས་བྱང་།


CMR008_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ལས་དགེ་བསྙེན་ནོར་བདག་གི་ལས་བྱང་བཞུགས་སོ༔


CMR008_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་ཏྲི་ལས་ཡེ་ཤེས་གྲགས༔ དམར་གསལ་རབ་མཛེས་བྱིས་སྦའི་གཟུགས༔ དར་དང་རིན་ཆེན་དུ་མས་སྤྲས་ཕྱག་གཡས་ཡིད་བཞིན་ནོར་བུ་དང་༔ གཡོན་པས་གཏེར་གྱི་ནེའུ་བསྣམས༔ པད་ཟླའི་སྟེང་ན་ཕྱེད་སྐྱིལ་བཞུགས༔ ས་བོན་ཁྲི་ལས་འོད་འཕྲོས་པས༔ རང་བཞིན་གནས་ནས་སྤྱན་དྲངས་གྱུར༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཆེ་མཆོག་ཧེ་རུ་ཀ་དཔལ་དང་༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ དགེ་བསྙེན་ནོར་བདག་ཡེ་ཤེས་གྲགས༔ མཆོད་པའི་གནས་འདིར་གཤེགས་སུ་


CMR008_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ མཆོད་པའི་གནས་འདིར་གཤེགས་ནས་ཀྱང་༔ རང་ཉིད་དགྱེས་པའི་གདན་སྟེང་ལ༔ ཅི་བདེ་བར་ནི་བཞུགས་སུ་གསོལ༔ ཨོཾ་ཏྲིའུ་ཏྲིའུ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཧཱུྃ༔ ནོར་བདག་དགེ་བསྙེན་ཆེན་པོ་ལ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་མར་མེ་དྲི་ཆབ་ཞལ་ཟས་དང་༔ རོལ་མོ་བསྟོད་དབྱངས་དཔག་མེད་འབུལ༔ མཛེས་པའི་གཟུགས་དང་སྙན་པའི་སྒྲ༔ ཞིམ་པའི་དྲི་དང་མངར་བའི་རོ༔ འཇམ་པའི་ན་བཟའ་སྣ་ཚོགས་འབུལ༔ སྐུ་གཟུགས་སྲོག་འཁོར་བླ་རྡོ་དང་༔ མདའ་དར་གསུར་དུད་ལ་སོགས་པ༔


CMR008_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་དམ་རྫས་སྣ་ཚོགས་འབུལ༔ ཨོ་ཏྲིའུ་ཏྲིའུ་ཨགྷཾ་སོགས། ཧཱུཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་སོགས། ཨོ་ཏྲིའུ་ཏྲིའུ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ་མམ་བདུན་གྱིས་ཕུལ༔ ཧཱུྃ༔ གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་ཐམས་ཅད་ཀྱིས༔ ནོར་གྱི་ལས་མཁན་ཁོལ་པོ་ཆེན་པོ་སྟེ༔ ནོར་དང་ཚེ་དང་དབང་ཐང་འཕེལ་བྱེད་པའི་ནོར་བདག་ཡེ་ཤེས་གྲགས་ལ་བདག་བསྟོད་དོ༔ སྙིང་ཉེ་དམ་གཙང་བཀྲ་ཤིས་འགྲུབ་ཐག་ཉེ༔ ལོངས་སྤྱོད་ཆར་འབེབས་འགྲོ་བ་དབང་དུ་སྡུད༔ ཐོགས་མེད་མངོན་ཤེས་མངོན་སུམ་སྟོན་མཛད་པ༔ སྒྲུབ་པའི་གྲོགས་མཛད་ཁྱོད་ལ་བདག་བསྟོད་དོ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ལོངས་སྤྱོད་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ༔ ཞེས་པ་རྒྱུན་ཁྱེར་དང་༔ བཅོ་ལྔའི་དུས་སོགས་ལ་དཀར་གཏོར་བཤམས་ལ་གསོལ་ཁ་བྱ་བ་ནི༔ ཨ་ཀཱ་རོས་བྱིན་གྱིས་བརླབས་ལ༔ ཧཱུྃ་ཏྲི་ལས་བྱུང་བའི་ནོར་བདག་ནི༔ དམར་གསལ་མཛེས་འཛུམ་ཡིད་འཕྲོག་པ༔ ལོ་བརྒྱད་ལོན་པའི་ལང་ཚོ་ཅན༔ དར་དང་རིན་ཆེན་དུ་མས་བརྒྱན༔ ཕྱག་གཡས་ཡིད་བཞིན་


CMR008_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་བསྣམས༔ རྣལ་འབྱོར་བསམ་པ་ཡིད་བཞིན་སྒྲུབས༔ ཕྱག་གཡོན་གཏེར་གྱི་ནེའུ་ལེ་བསྣམས༔ རིན་ཆེན་སྣ་ཚོགས་ཆར་དུ་འབེབས༔ ནོར་ལྷ་ཀུན་གྱི་ལས་མཁན་ཏེ༔ གནོད་སྦྱིན་ཀུན་གྱི་ཕོ་ཉ་བ༔ མཚན་ནི་ནོར་བདག་ཡེ་ཤེས་གྲགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད༔ སྔར་བྱས་ལས་ཀྱི་གཏང་རག་འབུལ༔ ཕྱིས་བྱེད་ལས་ཀྱི་ཞུ་སྐྱེམས་འབུལ༔ ད་ལྟའི་ལས་ཀྱི་གཉེར་ཟས་མཛོད༔ རྒྱ་མཚོ་ལུད་པ་ལྟ་བུ་ཡི༔ ལོངས་སྤྱོད་དཔལ་འབྱོར་བདག་ལ་སྩོལ༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར༔ ཅི་བསམ་འགྲུབ་པའི་བཀྲ་ཤིས་ཤོག༔ ཧཱུྃ༔ ཕྱི་ལྟར་སྤྲུལ་པ་འགྱེད་ཙ་ན༔ རབ་མཛེས་བྱིས་སྦ་ཟུར་ཕུད་ཅན༔ སྣང་སྲིད་གསལ་བའི་མངོན་ཤེས་ཅན༔ སྲིད་གསུམ་མ་ལུས་ས་ལེར་གཟིགས༔ མངོན་ཤེས་ཐོགས་མེད་ཤར་ཤར་སྟོན༔ ལེགས་ཉེས་ཅི་འོང་ལྷང་ལྷང་མ༔ བདེན་རྫུན་རྣོ་གཏོང་རྦད་རྦད་གཅོད༔ སྐྱེས་བུ་དོན་གསལ་ཞེས་སུ་གྲགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད༔ སྔར་བྱས་ལས་


CMR008_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཏང་རག་འབུལ༔ ཕྱིས་བྱེད་ལས་ཀྱི་ཞུ་སྐྱེམས་འབུལ༔ ད་ལྟའི་ལས་ཀྱི་གཉེར་ཟས་མཛོད༔ ལེགས་ཉེས་ཅི་འོང་བདག་ལ་སྨོས༔ སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ༔ ཆོས་མཛད་སྐྱེས་བུའི་དབུ་འཕང་བསྟོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ནང་ལྟར་སྤྲུལ་པ་འགྱེད་ཙ་ན༔ མཛེས་པའི་མི་དཀར་ཟངས་མ་གཅིག༔ དབུ་ལ་དར་ཐོད་གཡུ་ཡིས་བརྒྱན༔ སྐུ་ལ་དར་དཀར་ན་བཟའ་ལ༔ མེ་ཏོག་སྣ་ཚོགས་རི་མོ་བཀྲ༔ ཕྱག་གཡས་སྙན་གྲགས་དུང་དཀར་འབུད༔ ཕྱག་གཡོན་སྨྲ་མཁས་པི་ཝཾ་འཛིན༔ ཆིབས་སུ་ལྷ་གཡག་ཁམ་པ་ཆིབས༔ དཀར་པོ་ལྷ་རྒྱལ་ཞེས་སུ་གྲགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད༔ སྔར་བྱས་ལས་ཀྱི་གཏང་རག་འབུལ༔ ཕྱིས་བྱེད་ལས་ཀྱི་ཞུ་སྐྱེམས་འབུལ༔ ད་ལྟའི་ལས་ཀྱི་གཉེར་བྲས་མཛོད༔ སྣང་སྲིད་བདག་ལ་ས་ལེར་སྟོན༔ ཐུན་མོང་མངོན་ཤེས་དངོས་གྲུབ་སྩོལ༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔་ཧཱུྃ༔ གསང་བའི་སྤྲུལ་པ་འགྱེད་ཙ་ན༔ ཡིད་འཕྲོག་མཛེས་སྡུག་བྱིས་པ་ཞིག་


CMR008_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་ན་བཟའ་ཁྲེ་ཚེ་གསོལ༔ རྒྱབ་ཏུ་རིན་ཆེན་ཁྲེས་པོ་ཁུར༔ དབུ་སྐྲ་སིལ་བུ་ཁམ་སིལ་ལ༔ འཛུམ་ཞིང་ཐལ་སྦྱར་བཀའ་ལ་ཉན༔ ལོ་སྟེ་བསམ་འགྲུབ་ཅེས་སུ་གྲགས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད༔ སྔར་བྱས་ལས་ཀྱི་གཏང་རག་འབུལ༔ ཕྱིས་བྱེད་ལས་ཀྱི་ཞུ་སྐྱེམས་འབུལ༔ ད་ལྟའི་ལས་ཀྱི་གཉེར་ཟས་མཛོད༔ བདག་དང་ཡོན་བདག་འཁོར་བཅས་ལ༔ རྐྱེན་དང་བར་ཆད་ཅི་མཆིས་དང་༔ དེ་ལ་གང་ཕན་ལ་སོགས་པ༔ ཐམས་ཅད་བདག་ལ་གསལ་བར་སྟོན༔ སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བཤགས་པ་ནི་ཁོ་མ་དགའ་བའི་ལྟས་བྱུང་ན་སྐུ་གཟུགས་མེ་ལོང་ལ་ཁྲུས་བྱ༔ ཤུག་དུད་བདུག་གཏོར་མ་བཟང་དུ་བཏང་༔ ཧཱུྃ༔ ཆེ་མཆོག་ཧེ་རུ་ཀ་དང་པད་འབྱུང་གི༔ བཀའ་དང་དམ་ལ་བཏགས་བའི་དམ་ཚིག་ཅན༔ སངས་རྒྱས་བསྟན་པ་བསྲུང་བའི་དགེ་བསྙེན་མཆོག༔ ནོར་ལྷ་ཀུན་གྱི་ལས་མཁན་མཐུ་རྩལ་ཅན༔ གསང་བའི་མཚན་ནི་དགེ་བསྙེན་ཡེ་ཤེས་གྲགས༔ ནོར་ལྷ་ཆེན་པོ་བདག་ལ་དགོངས་སུ་གསོལ༔ ཁྱོད་ནི་མངོན་ཤེས་


CMR008_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་ལྡན་སྣང་སྲིད་གཟིགས༔ བདག་ནི་མ་རིག་གཏི་མུག་མུན་པས་བསྒྲིབ༔ བག་མེད་ཉོན་མོངས་ནད་ཀྱིས་མནར་བའི་མཐུས༔ དགེ་བསྙེན་ཁྱོད་ཀྱི་ཐུགས་དང་འགལ་བའི་ལས༔ དམེ་ཕོ་ཡུགས་ཟ་དམ་ཉམས་མཛེ་ཅན་དང་༔ ཤན་པ་སྡིག་ཅན་རྣམས་དང་ཟས་གོས་འདྲེས༔ ལག་ཟས་ཟོས་དང་རོ་ཡི་ཟས་གོས་སྤྱད༔་གཙང་སྦྲ་མ་བྱས་མཆོད་པ་གཏོར་མ་ཆག༔ སྔགས་སྒྲ་མ་དག་ཏིང་འཛིན་མ་གསལ་དང་༔ རྟེན་རྫས་སྒྲུབ་རྫས་མཆོད་པའི་རྫ་ས་མ་འཛོམ༔ གནས་ཀྱི་དམ་ཚིག་སྒྲུབ་པའི་དམ་ཚིག་དང་༔ རྒྱུན་གྱི་དམ་ཚིག་གསང་བའི་དམ་ཚིག་རྣམས༔ ཤེས་བཞིན་མི་ལྡན་རིང་གར་བབ་འཆོར་སྤྱོད༔ དེ་སོགས་ཐུགས་དང་འགལ་བ་ཅི་མཆིས་པ༔ རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་ཅི་འདོད་དངོས་གྲུབ་སྩོལ༔ ཅེས་ཡིག་བརྒྱ་བཟླའོ༔ ཞེས་པ་འདི་ནི་ཐུགས་སྒྲུབ་ལས་ཚོགས་ཀྱི༔ ཁ་བསྐང་འདོན་བྱ་དགོས་ཞེས་ཡང་ཡང་དུ༔ ཨོ་རྒྱན་རིག་འཛིན་ཞེས་བྱས་བསྐུལ་བའི་ངོར༔ ཡོས་ལོ་ཁྲུམས་ཟླའི་ཚེས་གསུམ་གུང་ལ་བྲིས༔ ཉེས་པ་མཆིས་ན་བཤགས་ཤིང་དགེ་མཆིས་ན༔ ཟབ་གཏེར་བསྟན་པ་རྒྱས་པའི་ཕྱིར་དུ་བསྔོ༔ དེ་སྐད་སྨྲས་པ་སྙིགས་དུས་སྔགས་འཆང་བ༔ རཱ་གའི་མིང་ཅན་དེ་ཡིས་


CMR008_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའོ༔ སརྦ་སིདྡྷི་མངྒ་ལཾ༔ ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཐུགས་སྒྲུབ་ལས་དགེ་བསྙེན་ནོར་བདག་གི་ལས་བྱང་། next