Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་གི་གཞུང་ལས་ཚེ་སྒྲུབ་ཚེ་ཡི་ལས་བྱང་བསྡུས་པ་ཐུགས་རྗེའི་ལྕགས་ཀྱུ་ཚེ་ཡི་རང་བཞིན་འོད་འབར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་གི་གཞུང་ལས་ཚེ་སྒྲུབ་ཚེ་ཡི་ལས་བྱང་བསྡུས་པ་ཐུགས་རྗེའི་ལྕགས་ཀྱུ་ཚེ་ཡི་རང་བཞིན་འོད་འབར།next

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་གི་གཞུང་ལས་ཚེ་སྒྲུབ་ཚེ་ཡི་ལས་བྱང་བསྡུས་པ་ཐུགས་རྗེའི་ལྕགས་ཀྱུ་ཚེ་ཡི་རང་བཞིན་འོད་འབར།


CMR008_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་གི་གཞུང་ལས་ཚེ་སྒྲུབ་ཚེ་ཡི་ལས་བྱང་བསྡུས་པ་ཐུགས་རྗེའི་ལྕགས་ཀྱུ་ཚེ་ཡི་རང་བཞིན་འོད་འབར་ཞེས་བྱ་བ་བཞུགས་སོ།།


CMR008_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་སྟོང་པའི་ངང་ཉིད་ལས༔ རང་སེམས་ཡི་གེ་ཧིཡིག་ལས༔ འོད་འཕྲོས་བདེ་གཤེགས་མཆོད་པས་མཉེས༔ ཕྱོགས་བཅུའི་སངས་རྒྱས་ཐུགས་དམ་བསྐུལ༔ ཚུར་འདུས་རིགས་དྲུག་སྡུག་བསྔལ་ཞི༔ ཧཱུྃཡིག་ཡོངས་སུ་གྱུར་པ་ལས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ གོས་དཀར་ཡུམ་དང་གཉིས་མེད་སྦྱོར༔ སྐུ་མདོག་དམར་གསལ་འོད་ཟེར་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ འཆི་མེད་ཚེ་ཡི་བཅུད་བསྡུས་ལ༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ བསྐལ་བཟང་སངས་རྒྱས་སྟོང་གིས་


CMR008_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར༔ སྣང་ལ་རང་བཞིན་མེད་པར་གསལ༔ གཡས་སུ་རྡོར་སེམས་ཚེ་དཔག་མེད༔ སྤྱན་མ་ཡུམ་དང་གཉིས་མེད་སྦྱོར༔ གཡོན་དུ་རིན་འབྱུང་ཚེ་དཔག་མེད༔ མཱ་ཀི་ཡུམ་དང་གཉིས་མེད་སྦྱོར༔ མདུན་དུ་སྣང་མཐའ་ཚེ་དཔག་མེད༔ གོས་དཀར་ཡུམ་དང་གཉིས་མེད་སྦྱོར༔ རྒྱབ་ཏུ་དོན་གྲུབ་ཚེ་དཔག་མེད༔ སྒྲོལ་མ་ཡུམ་དང་གཉིས་མེད་སྦྱོར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ མཉམ་གཞག་ཚེ་བུམ་མདའ་དར་གཡབ༔ རྒྱན་དང་ཆ་ལུགས་གཙོ་དང་མཐུན༔ འཇའ་འོད་སྣ་ལྔའི་ཀློང་དུ་བསྐྱེད༔ གཞན་ཡང་ཀུན་བཟང་རིགས་ལྔ་དང་༔


CMR008_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་ཆེན་ཤཱཀྱ་ཐུབ༔ རྡོར་སེམས་དགའ་རབ་རྡོ་རྗེ་དང་ཤྲཱི་སེང་རིག་འཛིན་པད་མ་འབྱུང་༔ བརྒྱུད་པའི་བླ་མས་བསྐོར་བར་དམིགས༔ ཞི་ཁྲོ་རབ་འབྱམས་རྒྱུད་སྡེ་བཞི༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ རྒྱལ་བ་པདྨ་འོད་འབར་སྐུ༔ རིག་འཛིན་འཆི་མེད་པདྨ་འབྱུང་༔ ཡེ་ཤེས་མཚོ་རྒྱལ་ལ་སོགས་པ༔ རྩ་བ་བརྒྱུད་པའིབླ་མ་རྣམས༔ ཆར་སྤྲིན་ལྟ་བུར་གཏིབས་པར་གྱུར༔ ཧཱུྃ༔ རིགས་བདག་མགོན་པོ་ཚེ་དཔག་མེད༔ པདྨ་འོད་འབར་ཨོ་རྒྱན་རྗེ༔ ཕྱོགས་བཅུའི་ནམ་མཁའི་མཐར་ཐུག་ནས༔ སྣོད་བཅུད་ཐམས་ཅད་ཚེ་རུ་བསྡུས༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ༔ དངོས་གྲུབ་ཐམས་ཅད་བདག་གིས་ཐོབ༔ བྱང་སེམས་དཀར་དམར་བདུད་རྩིས་གང་༔ ནད་གདོན་སྡིག་སྒྲིབ་བག་ཆགས་སྦྱངས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཨཱ་ཡུཛྙཱ་ན་སིདྡྷི་ཧཱུྃ༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་སྭཱ་ཧཱ༔ བརྒྱ་རྩ་ལ་སོགས་ཅི་འགྲུབ་བཟླས། དམིགས་པ་ནི། བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དཀོན་མཆོག་སྤྱི་འདུས་རིགས་གསུམ་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ སྐུ་


CMR008_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ སྐལ་ལྡན་ལུས་ངག་ཡིད་གསུམ་ཐིམ༔ ཉོན་མོངས་སྒྲིབ་དག་དབང་བཞི་ཐོབ༔ པད་འབྱུང་སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་མཱི༔ བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཕྱི་སྣོད་ནང་བཅུད་ཐམས་ཅད་ལྷ་སྔགས་སུ་གསལ་བའི་གཟི་བརྗིད་ཀྱིས་སངས་རྒྱས་བྱང་སེམས་ཞི་ཁྲོ་རྩ་བ་གསུམ་དང་༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་ཚེ་ཡི་བྱིན་རླབས་ཐམས་ཅད་དང་༔ དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་མདོར་ན་སེམས་ཅན་བསོད་ནམས་ཅན༔ དཀར་པོ་དགེ་བའི་ལས་སྒྲུབ་པའི་དབང་ཆེ་བ་རྩལ་དྲག་པ་འཁོར་མང་ཤིང་ཡོན་ཏན་ཆེ་བ༔ སྟོབས་སྙན་གྲགས་དང་༔ བཙན་ཕྱུག་དར་རྒྱས་འཛོམ་པ༔ བླ་མ་དང་དགེ་སློང་དགྲ་བཅོམ༔ འཕགས་པ་ཉན་ཐོས་རང་རྒྱལ་སོགས༔ གདུལ་བྱ་ཕྲིན་ལས་རྣམས་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་ཡི་གེ་ནིཡི་རྣམ་པར་འོད་ཟེར་ཁ་དོག་སྣ་ཚོགས་འོད་ཀྱི་ལི་ལི་བྱུང་


CMR008_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བུམ་པའི་ནང་དུ་འཁྱིལ་བར་གྱུར༔ བསྙེན་པ་ནི། ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨ་ཡུཥ་ཧཱུྃ་ཤྲཱི་ནཱི༔ཛ༔ བརྒྱ་སྟོང་ལ་སོགས་བཟླས། ཚེ་འགུགས་པ་ནི། ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་འདྲེན་པའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ་སྨོན་ལམ་བཏབ་ལ། ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ མདའ་དར་གྱིས་གཡབ་ལ། ཧཱི་ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧཱུྃ༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་བདུད་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་


CMR008_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས་འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུསྶཁེ་ཧཱུྃ་ཧྲཱིཿལ༔ ཞེས་པ་ཅི་ནུས་བཟླས་ལ་དམིགས་པ་ཡང་ཡང་བསྒོམ་ཞིང་། རང་ལུས་ཚེ་དཔག་མེད་ལྕགས་ཀྱི་རི་བོ་མི་ཤིགས་རྡོ་རྗེ་ཕ་ལམ་ལྟར་གྱུར་པར་བསྒོམ། དམིགས་མེད་སྟོང་པའི་ངང་ལ་བཞག་གོ །ཨཱ་ལི་ཀཱ་ལི་རྟེན་སྙིང་བཟླའོ། །ཞེས་པ་གཏེར་གཞུང་དང་ཅུང་གསལ་བར་ཀརྨ་རཱ་ག་ཨ་སྱས་བྲིས་པའོ། །འོད་འབར་འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག །ཨཱ་ཡུ་མངྒ་ལཾ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousབཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་གི་གཞུང་ལས་ཚེ་སྒྲུབ་ཚེ་ཡི་ལས་བྱང་བསྡུས་པ་ཐུགས་རྗེའི་ལྕགས་ཀྱུ་ཚེ་ཡི་རང་བཞིན་འོད་འབར།next