Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་དབང་གི་རིམ་པ་ལས༔ ཐོག་མར་སྟ་གོན་དང་དབང་བཤད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་དབང་གི་རིམ་པ་ལས༔ ཐོག་མར་སྟ་གོན་དང་དབང་བཤད།next

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་དབང་གི་རིམ་པ་ལས༔ ཐོག་མར་སྟ་གོན་དང་དབང་བཤད།


CMR008_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་དབང་གི་རིམ་པ་ལས༔ ཐོག་མར་སྟ་གོན་དང་དབང་བཤད་ཡོད་ལགས་སོ༔


CMR008_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲ་ཝ་ཀ་ར་ཡེ། ཨོ་རྒྱན་རྗེ་ལ་ཕྱག་འཚལ་སྐྱབས་སུ་མཆི། །འདི་བྲིས་བཀའ་ཡི་གནང་བ་བསྩལ་དུ་གསོལ། །དེ་ལ་པདྨ་འོད་འབར་གྱི་དབང་རྫས། བུམ་པ་རྫས་ལྡན། བྷནྡྷ་བདུད་རྩིས་བཀང་བ། ཁཊོ་ཤེལ་རྡོ། བཀའ་སྲུང་སེང་གདོང་མའི་དམར་གཏོར་བཤམས། ཚེ་དབང་བྱེད་ན། ཚེ་གཏོར་བུམ་པའི་དབྱིབས། བུམ་པ་རྫས་ལྡན། ཚེ་རིལ་ཚེ་ཆང་། ཚེ་ནས། མདའ་དར་ཁ་དོག་ལྔའམ་གཅིག་བཤམ། གཞན་ཡང་བླ་མ་གཏོར་མ། སྔོན་འགྲོ་སོགས་དང་། དྲག་པོར་དམར་གཏོར་གཅིག་དང་། ཚད་མདོར་དམར་གཏོར་གཅིག །གཞི་བདག་གཏོར་མ་སྤྱི་ལྟར་བཤམ། དང་པོ་བདག་བསྐྱེད་ཚར་གཅིག །དེ་ནས། དབང་རྫས་ངོ་བོ་པདྨ་འོད་འབར་སྐུ༔


CMR008_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་མན་ཆད་མདུན་བསྐྱེད་ཚར་གཅིག །དེ་ནས་དབང་བསྙེན་བརྒྱའམ་སྟོང་བྱ། ༈ སླར་བདག་འཇུག་བླངས་ལ། དེ་ནས་དབང་བསྐུར་རོ།། ༈ བསྡུ་ན་རྙིང་མ་སྤྱི་ལྟར་ཆོ་ག་ཚར་གཅིག་གིས། བདག་མདུན་བུམ་གསུམ་དུས་གཅིག་ལ་བསྐྱེད་བསྙེན་པ་བརྒྱ་སྟོང་སོགས་གང་འགྲུབ་བྱས་ལ། ཏིང་འཛིན་གྱི་དབང་བླང་ན་ཆོག ། ༈ དེ་ནས་སློབ་མ་འཚོགས་ནས། ཇི་ལྟར་བལྟམས་པ་ཙམ་སོགས་ཁྲུས་བྱས། མེ་ཏོག་ལག་ཏུ་བཀྲམ་ནས། བགེགས་གཏོར་སྔོན་འགྲོ་བྲན་ལ་མཆོད་གཡོག་པས་བཟུང་ལ་རོལ་མོ་དང་བཅས་པས། ཨོ་ཨཱཧཱུྃ༔ བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགས༔ བགེགས་འདུལ་ཁྲོ་ཆེན་འབར་བའི་བཀའི་བྱུང་གིས༔ གླུད་གཏོར་ཁྱེར་ལ་


CMR008_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་གནས་སུ་དེངས༔ བཀའ་ལས་འདས་ན་བརླག་པར་གདོན་མི་ཟ༔ གཏོར་མ་དོར། ཨོཾ་སརྦ་བིགྷཱན་ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ༔ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ་སོགས་ནས། ཨོཾ་བཛྲ་རཀྟ་ཛྭ་ལ་རཾ༔ རོལ་མོ་བྱ། ༈ འོ་ན་ད་ལམ་ཁྱེད་རྣམས་ཀྱིས་བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་ཞུ་བའི་ཐོག་མར་ཡིད་ཆེས་པའི་དོན་དུ་ལོ་རྒྱུས་ཅུང་ཟད་ཅིག་ཞུ་ན། གུ་རུ་རིན་པོ་ཆེ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་འདི་ནི་སྤྱིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ཡིན་ཏེ། གསེར་འོད་དམ་པའི་མདོ་ལས་ཀྱང་པདྨ་འབྱུང་གནས་འདི། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། །ཞེས་པ་དང་། ཡང་རྒྱལ་བསྟོད་པདྨ་འབྱུང་གནས་འདི་འདྲ་བ། །ཚེ་རབས་དེ་དང་དེར་ནི་རྙེད་གྱུར་ཅིག །ཅེས་དང་། མཚན་བརྗོད་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡ་ཤེས་མཛོད་འཛིན་པ། །སངས་རྒྱས་ཀུན་གྱི་རང་བཞིན་ཅན། །ཞེས་གསུངས་སོ། །དོན་ལ་སྟོན་པ་ཤཱཀྱ་ཐུབ་པ་དངོས་ཡིན་ཏེ། སྟོན་པ་ཉིད་ཀྱིས་ལུང་བསྟན་པ་ནི། ཨེ་མ་


CMR008_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ༔ ང་ནི་མྱ་ངན་འདས་འོག་ཏུ། །བདག་བས་རྟགས་བཞིས་ཁྱད་འཕགས་པ། །པདྨ་འབྱུང་གནས་ཞེས་བྱ་ཞིག །ལོ་ནི་བཅུ་གཉིས་དུས་སུ་འབྱུང་། །ང་ཉིད་དངོས་ཡིན་དེ་གཞན་མིན། །སངས་རྒྱས་བསྟན་པ་འཛིན་སྐྱོངས་དེ་ཡིས་བྱེད། །འཁོར་རྣམས་མྱ་ངན་མ་བྱེད་ཅིག །ནམ་མཁའི་དབྱིངས་ནས་ཉི་ཟླ་བཞིན། །ང་བས་ལྷག་པའི་པདྨ་འབྱུང་། །རྒྱ་མཚོའི་གླིང་ནས་ནོར་བུ་བཞིན། །ང་བས་ལྷག་པའི་པདྨ་འབྱུང་། །སྨན་མཆོག་གླིང་ནས་རྣམ་རྒྱལ་བཞིན། །ང་བས་ལྷག་པའི་པདྨ་འབྱུང་། །བསྟན་པ་རྣམ་གསུམ་འཛིན་སྐྱོངས་དེ་ཡིས་བྱེད། །འཁོར་རྣམས་མྱ་ངན་མ་བྱེད་ཅིག །ཅེས་གསུངས་ཏེ་བགྲེས་རྒུད་དང་འདས་གྲོངས་མི་མངའ་བ་དང་། བདུད་ཐམས་ཅད་སྟོབས་ཀྱིས་བཅོམ་པ་དང་། སྙིང་པོ་སྔགས་ལ་སྤྱོད་པ་སོགས་བཞིའི་ཁྱད་པར་འཕགས་གསུངས་སོ། །དེ་ཡང་རྒྱུ་མཚན་ཉིད་ཐེག་པ། སྡེ་སྣོད་གསུམ་པོ་བཅོམ་ལྡན་འདས་ཉིད་མཆོག་གི་སྤྲུལ་སྐུའི་ཚུལ་གྱིས་གསུངས་ནས། འབྲས་བུ་གསང་སྔགས་བླ་ན་མེད་པ་སྟོན་པའི་ཕྱིར་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སུ་སྤྲུལ་པ་ཡིན་ཏེ། དབུས་འགྱུར་ཚལ་ལུང་བསྟན་


CMR008_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདོ་ལས། ང་ནི་འདས་ནས་བཅུ་གཉིས་སུ། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །པདྨའི་སྟེང་དུ་རང་འཁྲུངས་པའི། །གསང་སྔགས་བསྟན་པའི་བདག་པོ་འབྱུང་། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པ་དང་མཐུན་པར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས། སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བར་གྱུར་ཏེ། བདུད་དང་མུ་སྟེགས་རྣམས་དར་ནས་ནང་པའི་བསྟན་པ་ལ་གནོད་པ་མང་དུ་བྱུང་། ཀུན་དགའ་བོ་སོགས་ཉན་ཐོས་རྣམས་ཀྱིས་བཏུལ་ཡང་མ་ཐུལ་ནས། མུ་སྟེགས་པའི་བསྟན་པ་ཤིན་ཏུ་དར། ནཱ་ལེནྡྲ་སོགས་གཙུག་ལག་ཁང་རྣམས་ལའང་གནོད་པ་ཆེན་པོ་བྱས། ཡམས་ནད་དང་མུ་གེ་ཆེན་པོ་བྱུང་ནས་ཐམས་ཅད་སྡུག་བསྔལ་བར་གྱུར་ཏེ༔ དགྲ་བཅོམ་པ་རྣམས་ཀྱིས་ཐུབ་པ་ཉིད་ལ་འབོད་ཅིང་མྱ་ངན་གྱི་ངུ་སྒྲ་ཆེན་པོ་བསྒྲགས་པས། །དེའི་ཚེ་ལེགས་ཉེས་སྟངས་འཛིན་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་དག་པའི་ཞིང་ཁམས་ཐམས་ཅད་དུ་སོང་ནས། སངས་རྒྱས་ཐམས་ཅད་ལ་ཚབ་ཅིག་ཞུས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་གོང་བུ་གཅིག་ཏུ་དྲིལ་ནས།


CMR008_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ལྷོ་ནུབ་འོ་མ་ཅན་གྱི་མཚོར་ཐིམ་པས་བཀྲ་ཤིས་པའི་ལྟས་མང་པོ་དང་བཅས་ཏེ་མེ་ཏོག་པདྨའི་སྙིང་པོ་ལ་ཁྱེའུ་ལོ་བརྒྱད་པའི་ན་ཚོད་དུ་བྱོན་པ་ལྷ་དང་ཀླུ་དང་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས་ཕྱག་འཚལ་ཞིང་མཆོད་པ་དཔག་ཏུ་མེད་པས་མཆོད། དེར་གསང་སྔགས་ཀྱི་ཆོས་དཔག་ཏུ་མེད་པ་གསུངས། དེ་ནས་ཨོ་རྒྱན་ཡུལ་གྱི་རྒྱལ་པོ་མཛད་ནས་ཐམས་ཅད་ཆོས་ལ་བཀོད་པས། མཚན་པདྨ་རྒྱལ་པོ་ཞེས་བྱ་བ་བྱུང་། དེ་ནས་རབ་ཏུ་བྱུང་ཞིང་དབུ་ལ་གཙུག་ཏོར་བྱུང་། མཚན་ཤཱཀྱ་སེང་གེ་གསོལ། དེ་ནས་བསིལ་བའི་ཚལ་དུ་བྱོན་ནས་བཀའ་སྲུང་ཐམས་ཅད་དམ་ལ་བཏགས། རྡོ་རྗེ་གདན་དུ་བདུད་དང་མུ་སྟེགས་ཐམས་ཅད་ཚར་བཅད་པས་མཚན་སེང་གེ་སྒྲ་སྒྲོག་ཏུ་གྲགས་། དེ་ནས་འཛམ་བུའི་གླིང་གི་ཡུལ་གྲུ་ཐམས་ཅད་དུ་བྱོན་ནས། གྲུབ་ཆེན་བརྒྱད་ཅུ་དང་མཇལ་ཏེ་ཆོས་དང་མན་ངག་མང་པོ་ཞུ་རེས་མཛད། དུར་ཁྲོད་ཆེན་པོ་བརྒྱད་དུ་བཞུགས་ནས་དཔའ་བོ་ཌཱཀི་རྣམས་ལ་ཆོས་གསུངས། གཏེར་ཁ་མང་དུ་སྦས། དེ་ནས་དགུང་ལོ་སུམ་སྟོང་བཞེས་དུས་བོད་ཡུལ་དུ་འཇམ་དབྱངས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་


CMR008_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གདན་དྲངས། དགེ་བསྙེན་ཉི་ཤུ་རྩ་གཅིག་མ་སྲིང་བརྟན་མ་བཅུ་གཉིས། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས་ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། དཔལ་གྱི་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་མང་དུ་བཞེངས། གསང་སྔགས་ཀྱི་ཆོས་དཔག་ཏུ་མེད་པ་གསུངས་ནས་གྲུབ་ཐོབ་ཀྱིས་ལུང་པ་བཀང་། སྒྲུབ་གནས་ཐམས་ཅད་བྱིན་གྱིས་བརླབས་ཤིང་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུ་མཛད། དེའི་དུས་སུ་མྱང་བན་ཏིང་འཛིན་བཟང་པོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ་པ་བྱུང་སྟེ། ལོ་ཉེར་གཅིག་ནས་ཨོ་རྒྱན་དང་མཇལ། ལོ་ཙཱ་མཁས་པར་གྱུར་ནས་རྒྱ་གར་དུ་བྱོན་ནས་ཆོས་མང་དུ་བསྒྱུར། སློབ་དཔོན་བི་མ་ལ་མི་ཏྲ་དང་མཇལ་ནས། རྫོགས་ཆེན་ལ་བཀའ་བབས་པས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་མར་ཡང་གྱུར་ཏེ། ལོ་བརྒྱད་ཅུ་གྱ་བཞིའི་བར་དུ་ཨོ་རྒྱན་རིན་པོ་ཆེའི་ཆག་ཕྱི་ཤས་ཆེར་མཛད། དེའི་དུས་སུ་སྤྱིར་ཆོས་དང་གདམས་ངག་དཔག་ཏུ་མེད་པ་གནང་བའི་ནང་ནས་ཟབ་ཅིང་ཆེར་ཟབ་པ། ཡང་ཟབ་དཀོན་མཆོག་སྤྱི་འདུས་གནང་བས། ཚེ་ལོ་བཞི་བཅུ་ཁ་


CMR008_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྱི་དུས་སུ་མྱང་བན་གྱི་སྤྲུལ་པ་ཞིག་གིས་འདོན་ནས་སེམས་ཅན་ལ་ཕན་པར་ལུང་བསྟན་སྨོན་ལམ་དང་བཅས་ཏེ། ཤར་ཀོང་པོའི་ཡུལ་ཀླུ་གནས་པའི་མཚོ་འགྲམ་བྲག་རི་རྡོ་རྗེ་འདྲ་བ་ལ་གཏེར་དུ་སྦས་སོ། །བོད་ཀྱི་ས་རྟ་རྨིག་ཙམ་ཡང་མ་ལུས་པ་ཞབས་ཀྱིས་བཅགས། གཏེར་ཁ་བྱེ་བ་ཙམ་སྦས། མ་འོངས་ལུང་བསྟན་དཔག་ཏུ་མེད་པ་གསུངས་ནས། ཤཱཀ་ཐུབ་མྱ་ངན་འདས་འོག་ཏུ༔ ལོ་ཡང་སུམ་སྟོང་ཉེ་བ་ན༔ འཛམ་གླིང་སྲིན་གྱིས་ཕུང་འགྱུར་ཞེས༔ དབུས་འགྱུར་ལུང་བསྟན་མདོ་ལས་གསུངས༔ དེ་རྣམས་འདུལ་བར་བདག་ལུང་བསྟན༔ ད་ནི་དེ་ཡི་དུས་ལ་བབ༔ དེ་ཕྱིར་སྲིན་པོ་འདུལ་དུ་འགྲོ༔ ཞེས་གསུངས་ནས་བོད་ཀྱི་རྒྱལ་བློན་ལྷ་འདྲེ་ཐམས་ཅད་ཀྱིས་བཤོལ་ཡང་མ་གནང་ནས། ད་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཐུགས་རྗེའི་སྤྲུལ་པ་ནི་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་ཞིང་༔ ཁྱད་པར་དུ་པད་འབྱུང་ལ་དད་ཅིང་མོས་པའི་མི་དང་པདྨ་བདག་ལ་འདུ་འབྲལ་སྐད་ཅིག་ཀྱང་མེད་དོ་གསུངས་ནས་ལྷ་དང་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས་ནམ་མཁའ་ནས་རོལ་མོའི་སྒྲ་དང་མཆོད་པའི་སྤྲིན་གྱིས་བསུས་ཏེ༔ རྟ་མཆོག་དང་དར་


CMR008_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འོད་དཀྱིལ་ལ་སྤྱན་དྲངས་ཏེ༔ འཇའ་འོད་དུ་མེ་རེ་འཁྱིལ་ཞིང་ལྷོ་ནུབ་རྔ་ཡབ་གླིང་དུ་བྱོན་ནས་སྲིན་པོ་རྣམས་ཆོས་ལ་བཀོད་ཅིང་བཞུགས་སོ༔ དེ་ནས་དུས་སྙིགས་མའི་ཚེ་དུས་ལ་བབ་ནས་མྱང་བན་ཏིང་འཛིན་བཟང་པོའི་ཐུགས་སྤྲུལ་གཏེར་སྟོན་ཆེན་པོ་འཇའ་ཚོན་སྙིང་པོ་ཞེས་ཀྱང་བྱ༔ ཧཱུྃ་ནག་མེ་འབར་ཞེས་ཀྱང་བྱ༔ ལས་འཕྲོ་གླིང་པ་ཞེས་ཀྱང་བྱ༔ པདྨ་བཀའ་ཡི་ཐང་ཡིག་ལས༔ ལྷོ་ཀོང་བྱང་ཀོང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་འཇའ་ཚོན་སྙིང་པོ་ཞེས་བྱ་འབྱུང་༔ ཞེས་གསུངས་ནས་ལུང་བསྟན་པ་ལྟར༔ སྐུ་འཁྲུངས་དུས་ཀྱང་སྒྲ་འོད་ཟེར་གསུམ་སོགས་ལྟས་བཟང་པོ་དང་༔ སྐུ་ཆུང་ངུ་ནས་དུས་བཟང་ཐམས་ཅད་དུ་ཨོ་རྒྱན་རིན་པོ་ཆེ་དང་རྒྱུན་དུ་མཇལ༔ ལོ་བཅུ་གསུམ་སྐུ་མཚམས་ལ་བཞུགས་པར༔ རྨང་ལམ་དུ་རྗེ་དབང་ཕྱུག་རྡོ་རྗེ་ཡང་ཡང་བྱོན་ནས་གེགས་སེལ་བོགས་འདོན་གནང་༔ མཁའ་འགྲོ་མ་རྣམས་དང་གུ་རུ་རིན་པོ་ཆེས་གནས་སྒོ་འབྱེད་པ་དང་གཏེར་འདོན་པའི་ལུང་བསྟན་ཡང་ཡང་དུ་བྱུང་ཞིང་༔ ཕྱག་རྡོར་བསྙེན་པ་དུང་ཕྱུར་ཐོན་དུས་སྤྱན་གཉིས་ལས་འོད་ཟེར་ཆེན་པོ་བྱུང་བ་གཏེར་གང་


CMR008_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དུ་ཟུག་ནས་གསལ་བར་གཟིགས་ནས༔ གཏེར་ཁ་མང་དུ་བཏོན་པ་དང་གནས་སྒོ་ཕྱེ་བ་དང་རྡོ་ལ་ཕྱག་ཞབས་ཀྱི་རྗེས་མང་དུ་བཞག་པ་དང་༔ མངོན་ཤེས་པ་ལ་ཐོགས་པ་མེད་པ་ལ་སོགས་རྫུ་འཕྲུལ་དུ་མ་བསྟན༔ ཁྱད་པར་དཀོན་མཆོག་སྤྱི་འདུས་འདི་ཉིད་ཞལ་ཕྱེས་ཏེ༔ སློབ་མའི་གཙོ་བོ་ཨོ་རྒྱན་རིན་པོ་ཆེས་ལུང་བསྟན་པ་ལྟར་ཆོས་ཀྱི་བདག་པོ་རྗེ་ཆོས་དབྱིངས་རྡོ་རྗེ་དང་༔ འབྲུག་པ་དཔག་བསམ་དབང་པོ་དང་༔ བི་མ་ལའི་སྤྲུལ་པ་དྭགས་པོ་ནོར་བུའི་བརྒྱན་པ༔ འབྲི་ཁུང་ཞབས་དྲུང་ཆོས་ཀྱི་གྲགས་པ་བཀྲ་ཤིས་དང་༔ དུང་དཀར་རས་ཆེན་སོགས་སྐྱེས་བུ་དམ་པ་འགྲན་ཟླ་མེད་པ་རྣམས་ཀྱིས་ཀྱང་༔ ཐུགས་དད་གུས་ཀྱི་སྒོ་ནས་གཏེར་ཆོས་རྣམས་གསན༔ ལས་ལྡན་གྱི་སློབ་མ་རྣམས་ལས་འཕྲོས་ཏེ༔ དེང་སང་གཏེར་ཆོས་ཀྱིས་བོད་ཡུལ་ཁྱབ་པར་གྱུར་པ་འདི་ཡིན་ལ༔ དེ་ཨོ་རྒྱན་རིན་པོ་ཆེའི་བཀའ་མ་འོངས་ལུང་བསྟན་ལས༔ ཁྱད་པར་དུ་ཡང་ཟབ་གཏེར་འདི་རྣམས་ཀྱིས་ཕན་ཐོགས་པའི་དུས༔ ཚེ་ལོ་ཡང་བཞི་བཅུ་ཁ་རལ་སུམ་ཅུ་ལ་ཉེ་བར་སོང་ནས༔ ནམ་མཁའ་ལ་ཆར་མེད་དེ་མེ་འབར༔ ས་གཞིའི་ལོ་ཐོག་ཐམས་


CMR008_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལོ་ནད་སྣ་ཚོགས་ཀྱིས་སྐམ༔ ནད་རྟགས་མེ་ཆུ་གོ་ལོག་ཏུ་འབྱུང་བས་རྩི་སྨན་གྱིས་མི་ཕན་དུག་ཏུ་འགྲོ༔ ས་གཡོས་དང་ཐོག་སེར་དང་འཁྱུགས་དང་གནམ་རྡོ་མང་དུ་ལྷུང་སྐྱེས་པ་ཚེ་ཐུང་བས་མོ་རིགས་མའི་ཁྱུ་ཆེ༔ མིང་སྲིང་དང་ཕུ་ནུ་ཉེ་དྲུང་དམེ་འཁྲུག་འདྲེན༔ ཁྲིམས་ལྡན་གྱི་ཆོས་པ་ནི་ཉིན་སྐར་ལས་ཉུང་༔ ཟབ་པོ་དང་བསྟན་བཤིག་ནི་དབྱར་གྱི་ཆུ་བཞིན་དུ་རྒྱས༔ སྟེང་འོག་བར་གསུམ་འཁྲུག༔ མཐའ་དམག་དབུས་སུ་ཤོར༔ མི་མ་ཡིན་གྱིས་ཉིན་མོ་ཡང་ཅ་ཅོ་སྒྲོག༔ རི་བྱ་མང་པོ་ཤོད་དུ་འབབ༔ སྔར་མེད་ཀྱི་གཅན་གཟན་མང་པོ་འུར་རྒྱུག་བྱེད༔ རྒན་དང་བྱི་སྦ་ལྟོགས་ནད་ཀྱིས་འགུམ༔ དར་མ་ཀུན་དབང་མེད་དུ་ཁོལ་པོར་འགྲོ༔ བྱོལ་སོང་རྣམས་ཧབ་ཐོབ་ལ་སྤྱོད་ཅིང་ལུང་པ་ཐམས་ཅད་ཁྲག་གིས་གང་བར་འོང་བར་འདུག་གསུངས༔ སྡུག་བསྔལ་དེ་རྣམས་ལས་སྐྱོབ་པའི་ཐབས་ནི༔ ཁོ་བོ་པདྨའི་ཐུགས་རྗེ་བྱིན་རླབས་ཐམས་ཅད་དེའི་ཚེ་ཤུགས་ཆེ་བས་ས་སྟེང་ཆོས་ཀྱིས་བཀང་ནས་ཡོད་པ་ཡང་དེ་རྣམས་ལ་དགོངས་པ་ཡིན༔ ཁྱད་པར་ཐུགས་སྒྲུབ་ཀུན་གྱི་ནང་ནས༔ ཡང་ཟབ་དཀོན་མཆོག་སྤྱི་འདུས་འདི་མྱང་བན་ཏིང་འཛིན་བཟང་པོའི་སྤྲུལ་པ་


CMR008_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གིས་རྙེད་ནས༔ དུས་ངན་སེམས་ཅན་འགའ་ཞིག་ལ་ཕན་པ་འོང་༔ ཆོས་འདི་ཞལ་ཕྱེས་པ་ཐམས་ཅད་ཀྱི་མཐའ་དམག་ཕྱིར་བསྲིང་ནུས༔ ས་ཕྱོགས་དེར་ཡང་ལོ་ཕྱུགས་ལེགས་པ་དང་རླུང་འཚུབ་ཆུང་༔ དད་འདུན་བྱེད་པའི་དུད་འགྲོ་ཡན་ཆད་བདེ་ཆེན་དག་པའི་ཞིང་ཁམས་སུ་འགྲོའོ༔ གཞན་ཡང་ཟབ་གཏེར་འདི་ཉིད་བྱིན་རླབས་ཀྱི་སོ་མ་ཉམས་པར་དད་ལྡན་རྣམས་ལ་དབང་ལུང་བཏོན་པ་ན༔ དུས་མཐའི་སྐྱེ་འགྲོ་རྣམས་ཡིད་བཞིན་ནོར་བུ་རྙེད་པ་ལས་འཚིང་ཆེའོ༔ དེར་མ་ཟད་འདི་ཉིད་འཆང་བ་དང་༔ མཆོད་བསྟོད་བསྔགས་པ་བརྗོད་ཅིང་བསྙེན་པ་ཐོན་པ་ཅི་ཡང་བདེ་བར་གཤེགས་པའི་སྲས་དམ་པར་འགྱུར་རོ༔ ལས་སྒྲིབ་ཐམས་ཅད་དུང་དཀར་ཕྱིས་པ་ལྟར་འགྱུར་རོ༔ ཚོགས་གཉིས་ཀྱི་བྱ་བ་དཀར་ཚོགས་རྒྱས་པ་ལྟར་འགྱུར་རོ༔ རྒྱལ་པོའི་ཆད་པ་ལ་སོགས་འཇིགས་པ་བརྒྱད་ལས་གྲོལ་བར་འགྱུར་རོ༔ མཛེ་ལ་སོགས་པའི་རྣམ་སྨིན་གྱི་ནད་ཐམས་ཅད་སྲབ་ཅིང་བྱང་བ་དང་༔ གཅོང་ནད་ཞ་གྲུམ་དང་༔ མིག་ནད་ལ་སོགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ༔ ཚེ་དང་བསོད་ནམས་ལ་སོགས་པ་འབྱོར་པ་དྲུག་ཏུ་འབྱོར་ཞིང་བུ་འདོད་


CMR008_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡང་རིགས་རྒྱུད་འཕྲལ་དུ་འཕེལ་བར་འགྱུར་རོ༔ མོས་ཚུལ་བཞིའི་དབང་དང་ལྡན་ཞིང་༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས་པ་ཡང་ཕྱི་བཞིན་དུ་འབྲང་བ་དང་བཀའ་ཉན་པར་འགྱུར་རོ༔ ཚེ་ཟད་པ་དང་ཉམས་པ་ཡང་གསོ་ནུས་སོ༔ བློ་གྲོས་མི་ཟད་པ་དང་ཤེས་རབ་ཕྱོགས་མེད་དུ་འབར་བར་འགྱུར་རོ༔ དྲག་པོའི་ལས་རྣམས་འཕྲལ་དུ་འགྲུབ་ཅིང་དུས་ཀྱི་འཆི་བ་ཡང་བར་མ་དོར་རང་ངོ་ཤེས་ཤིང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ ཆོས་འདི་ལ་ཐེ་ཚོམ་ཡོན་ཏན་འབྱུང་བར་མི་རིགས་པར་ལྟ་བ་ཀུན་ཀྱང་ཐུན་མོང་ཟིན་ཏེ༔ ལས་ངན་མྱོང་རྗེས་སུ་ལམ་སྣ་ཐར་པ་ལ་སྦྱོར་བར་འགྱུར་རོ༔ དེ་བས་སྒྲུབ་མཆོད་བསྒོམ་པ་ལྟ་ཅི་སྨོས་ཞེས་གསུངས༔ འདིའི་དབང་ཐོབ་ན་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ༔ སྨོན་ལམ་དང་ལྡན་པའི་ཆོས་བདག་ཉེར་ལྔ་ལས་མཆེད་དེ༔ འབྲེལ་ཐོགས་བྱེ་བ་འབུམ་དང་འབུམ་ཕྲག་འབྱུང་བར་ལུང་བསྟན་ཅིང་དེ་ཚང་ནས་ཆོས་འདི་ཡང་ཆོས་བདག་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་མས༔ ཆོས་འདི་བོད་དུ་མི་བཞག་ཨོ་རྒྱན་མཁའ་འགྲོའི་གནས་སུ་གདན་འདྲེན་པར་གསུངས༔ དེས་ན་ད་རེས་ཁྱེད་རྣམས་དབང་འདི་ཐོབ་ནས༔


CMR008_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཐོགས་བྱེ་བ་གསུམ་དང་འབུམ་ཕྲག་གི་ནང་དུ་ཚུད་པས་ཁྱེད་རྣམས་ཀྱང་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་དུ་ཚུད༔ ཐུགས་རྗེས་ཟིན་པ་ཡིན་པས་སྐལ་བ་ཤིན་ཏུ་བཟང་ཞིང་ཕན་ཡོན་ཆེ༔ འོན་ཀྱང་ཆོས་འདིའི་བཀའ་སྲུང་ནི་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་ཅན་མ་དང་༔ འཇིག་རྟེན་གྱི་ཀླུ་བདུད་དང་མཚོ་སྨན་གཉིས་བཀའ་སྲུང་ཡིན་པའི་ཕྱིར་བཀའ་ཤིན་ཏུ་གཉན་པས༔ འདིའི་དབང་ཞུས་ནས་བཛྲ་གུ་རུ་ལ་བྱེ་བ་གཅིག་བས་མི་ཉུང་བའི་ཁས་ལེན་དགོས། དེ་མ་བྱས་ན་མཁའ་འགྲོ་དང་བདུད་ཀྱིས་ཀོ་ལོང་བྱེད་ཉན་ཡོད་པས༔ དབང་ཚར་བ་དང་མཉམ་དུ་བཛྲ་གུ་རུ་ཁས་ལེན་མཛད་དགོས༔ དེ་ལྟ་བུའི་ཟབ་ཅིང་བཀའ་གཉན་པའི་དབང་ཟབ་མོ་འདི་ཞུ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུགས་སོགས། ཞེས་པ་རཱ་ག་ཨ་སྱས་བསྒྲིགས་པའོ།། ཨོཾ༔ བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་དབང་ཆོག་བཞུགས་སོ། །དེ་ཡང་དབང་བསྐུར་གྱི་ལེའུ་ནས༔ དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་སོགས་གསུངས་པ་ནི༔ ཐོག་མར་བགེགས་བསྐྲད་པ༔ སྲུང་འཁོར་བསྒོམ་པ༔ མཎྜལ་འབུལ་བ༔ གསོལ་བ་གདབ་པ༔ དམ་ལ་བཞག་པ༔ བྱིན་རླབས་སྦྱར་བའོ༔ གོང་མ་གསུམ་གོང་དུ་གསལ་


CMR008_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ གསོལ་བ་འདེབས་པ་ནི༔ ཨེ་མ་ཧོ༔ དཀོན་མཆོག་སྤྱི་འདུས་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོས་རྗེས་སུ་བཟུང་༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུངས་པ་ནི། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དམ་དུ་བཞག་ཅིང་སྨིན་པར་བྱ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་པ་ལ་སྨྲ་མི་རུང་༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ བཛྲ་རཀ་སི་ཧཱུྃ༔ ས་མ་ཡ་ཨི་དན་ན་ར་ཀ༔ སློབ་མ་སྐད་ཅིག་གིས་པདྨ་འོད་འབར་དུ་བསྐྱེད་ལ་ཞེས་པས། སློབ་མའི་ངོ་བོ་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྡན་མཛེས་འཛུམ་རྒྱན་གྱིས་སྤྲས༔ སོགས་ནས། ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་དཔག་ཏུ་མེད་པ་སྤྱན་དྲངས༔ ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ སོགས་ནས། ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྤྱན་འདྲེན་བྱིན་འབེབས་ཡེ་ཤེས་སེམས་དཔའ་བསྟིམ༔ བུམ་པ་ཐོགས་ལ། ཧཱི༔ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ སྐུ་


CMR008_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྨིན་མཚམས་ཨོ་དཀར་ལས་འོད་ཟེར་སྐར་མདའ་ཆད་པ་ལྟར༔ སྐལ་ལྡན་ལུས་ལ་གཉིས་མེད་ཐིམ༔ བུམ་དབང་ཐོབ་ནས་སྣང་སྟོང་བསྒོམ༔ པདྨ་འབྱུང་གནས་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྤྱི་བོར་བསྐུར༔ བདུད་རྩི་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོྃ་ཨཱ༔ཧཱུྃ༔ གསུང་གི་ལྗགས་སྟེང་ཨཱདམར་ལས༔ འོད་ཟེར་མར་མེའི་རྩེ་མོ་ལྟར༔ སྐལ་ལྡན་ལྕེ་ལ་གཉིས་མེད་ཐིམ༔ གསང་དབང་ཐོབ་ནས་སྔགས་རླུང་བསྒོམ༔ པདྨ་འབྱུང་གནས་གསུང་གི་དབང་ཐོབ་ཤོག༔ ཨོྃ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཝཀྐ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བསྐུར༔ ཁཊ་ཐོགས་ལ༔ ཧྲཱི༔ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོ་ཨཱཧཱུྃ༔ ཐུགས་ཀའི་ཧཱུྃ་མཐིང་འོད་འབར་ལས༔ འོད་ཟེར་སྤོས་རེངས་


CMR008_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དུད་པ་ལྟར༔ སྐལ་ལྡན་སེམས་ལ་གཉིས་མེད་ཐིམ༔ ཤེར་ཡེའི་དབང་ཐོབ་གསལ་སྟོང་བསྒོམ༔ པདྨ་འབྱུང་གནས་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བསྐུར། ཤེལ་རྡོ་ཐོགས་ལ། ཧཱུྃ༔ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམས༔ འདུས་པའི་འོད་ཟེར་སྣ་ཚོགས་ནི༔ མཁའ་དང་ཆུ་ལ་འཇའ་ཤར་ལྟར༔ སྐལ་ལྡན་གནས་ལྔར་གཉིས་མེད་ཐིམ༔ དབང་བཞི་ཡོངས་ཐོབ་རྫོགས་ཆེན་བསྒོམ༔ པདྨ་འབྱུང་གནས་རང་བཞིན་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སརྦ་དྷརྨཱ་ཨ་བྷི་ཥིཉྩ་ཧོ༔ ཞེས་གནས་ལྔར་བསྐུར༔ བུམ་པ་ཐོད་པ་བཀྲྀ་ཤེལ་རྡོའི་དབང་བསྐུར༔ སྲོག་ཕུར་གྱི་ལེའུ་འདོན་གསུངས་པ་ནི༔ དེ་ནས་པདྨའི་སྲོག་ཕུར་བསྟན༔ སེམས་ཉིད་པདྨ་འབྱུང་གནས་དེ༔ ལོགས་ན་བསྒོམ་དང་བསྒྲུབ་ཏུ་མེད༔ རང་སེམས་གསལ་ལ་མ་འགགས་པ༔ རང་བྱུང་རང་ཤར་ཅིར་ཡང་སྣང་༔ ཞི་བ་ཚེ་དཔག་མེད་དུ་སྣང་༔ འཕགས་པ་སྤྱན་རས་གཟིགས་སུ་སྣང་༔ ཁྲོ་རྒྱལ་དབང་ཆེན་རྟ་མགྲིན་སྣང་༔ ཞལ་དང་ཕྱག་ནི་ཅིར་


CMR008_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྣང་༔ དེ་དག་སེམས་ཀྱི་ཆོ་འཕྲུལ་ཡིན༔ རང་བྱུང་རང་ཤར་རང་སར་གྲོལ༔ ངོ་བོ་སྟོང་པ་ཆོས་ཀྱི་སྐུ༔ མ་འགགས་རང་གསལ་ལོངས་སྤྱོད་རྫོགས༔ རིག་རྩལ་འགགས་མེད་སྤྲུལ་པའི་སྐུ༔ སྐུ་གསུམ་རང་ཆས་མ་བསྒྲུབ་འགྲུབ༔ རང་ཉིད་ཡེ་ནས་པད་འབྱུང་ཡིན༔ སྲོག་ཕུར་གྱི་ལེའུ་སྟེ་ལྔ་པའོ༔ ཤོག་སེར་གྱི་བུ་དཔེ་ལག་ཏུ་གཏད་ནས་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ སངས་རྒྱས་ཀུན་གྱི་ངོ་བོ་པདྨ་འབྱུང་༔ ཟབ་གཏེར་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་འདི༔ ལས་ཅན་རྣམས་ལ་སྒྲུབ་བཤད་བསྟན་ནས་ཀྱང་༔ མ་འོངས་དོན་ལྡན་འགྲོ་ཀུན་གྲོལ་བར་ཤོག༔ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་ནས། སཏཱ་ཨཱཿ་ཨ་ཨཱ༔ ཨི་ཨཱི༔ སོགས་ནས། ཨོཾ་ཨ༔ ཀ་ཁ་ག་གྷ་ང་སོགས་ནས། ཧ་ཀྵ༔ ཅེས་ཡིག་བརྒྱ་དང་ཨཱ་ལི་ཀཱ་ལི་ཚར་གཅིག་དང་བཅས་སློབ་མའི་ལག་ཏུ་གཏད༔ དུང་འབུད་པ་དང་༔ དར་ཕྱར་བ་བྱའོ།། དེ་ནས་གཏེར་བདག་གཏོར་མ་ལག་ཏུ་གཏོད་ནས། ཧཱུཾ་བྷྱོ༔ དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ༔ ནམ་མཁའི་མདོག་ཅན་འོད་ཟེར་སྤྲུལ་པ་འགྱེད༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེ༔ སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ༔ མི་འབྲལ་བྱིན་རླབས་ཕྲིན་ལས་


CMR008_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཌཱཀྐི་སེང་ཧ་མུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ གཞན་ཡང་ཕྱི་ནང་གི་གཏེར་སྲུང་ཀུན་གྱིས་སྐལ་ལྡན་འདི་ལ༔ སྲུང་བ་དང་༔ བསྐྱབ་པ་དང་༔ སྦ་བར་མཛད་དུ་གསོལ༔ ཞེས་སོ། གུད་དུ་སྦས་པ། སླར་ཡང་ཚིག་དབང་རིན་པོ་ཆེའི་དོན་གྱི་ངོ་བོ་བསྟན་པ་ནི་སློབ་མས་གསེར་གྱི་མཎྜལ་ཕུལ་ནས། ཡེ་ཤེས་པ་དབབ་པ་ནི། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ སོགས་ནས། སིདྡྷི་ཕ་ལ་ཧཱུྃ་ཨཱ༔ བུ་ཡི་སྙིང་གར་ཨཱདཀར་པོ་སྲན་མ་ཙམ༔ ཡེ་ཤེས་ཀྱི་འོད་ལྔ་འཕྲོ་བའི་སྟོབས་ཀྱིས་ལུས་ནམ་མཁར་ཡོད་པར་བསྒོམ༔ བླ་མས་ཐོད་རྔ་སྒྲོག་ཅིང་། ཨཱཿནི་སྐྱེ་བ་མེད་པ་ལ༔ ལུས་ནི་ཡེ་ཤེས་ལྔ་ཡི་ལུས༔ ནམ་མཁའི་ངང་ནས་རང་གསལ་འབར༔ ལུས་མེད་ཉམས་ཀྱི་ངོ་བོ་ལྟོས༔ ཞེས་བརྗོད་པས་ཉམས་སྐྱེའོ། །དེ་ནས་སློབ་བུ་ལ་རྣམ་སྣང་ཆོས་བདུན་བྱེད་དུ་བཅུག་སྟེ། ལྟ་སྟངས་དང་རིག་པ་ནམ་མཁར་ལྟོས་ཤིག༔ བྱས་ལ། བུ་ཁྱོད་སེམས་ཀྱི་ངོ་བོར་ལྟོས༔ བལྟས་པས་མི་མཐོང་ངང་ལ་ཞོག༔ ཁྱོད་ཀྱི་རིག་པ་ཕྱོགས་བཞིར་ཐོངས༔ བཏང་ཚེ་ཕྱི་ནང་འགྲོ་འོང་མེད༔ འགྲོ་བར་སྙམ་ཡང་རང་གི་སེམས༔ སེམས་ནི་ངོས་བཟུང་འཛིན་པ་བྲལ༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ བུ་ཁྱོད་འདི་ཡི་རང་


CMR008_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ལྟོས༔ འདི་ཞེས་མཚན་མར་མ་གྲུབ་ཀྱང་༔ དེ་དོན་རྟོགས་ན་རྩལ་དབང་ས༔ ཚེ་གཅིག་ཐར་ལམ་བགྲོད་པར་འགྱུར༔ རྒྱས་པར་འདོད་ན་སྲོག་ཕུར་དང་ཨ་ཏིའི་ལེའུ་བཤད་པར་བྱ་བ་ནི། དེ་ནས་པདྨའི་སྲོག་ཕུར་བསྟན༔ སེམས་ཉིད་པདྨ་འབྱུང་གནས་དེ༔ ལོགས་ན་བསྒོམ་དང་བསྒྲུབ་ཏུ་མེད༔ རང་སེམས་གསལ་ལ་མ་འགགས་པ༔ རང་བྱུང་རང་ཤར་ཅིར་ཡང་སྣང་༔ ཞི་བ་ཚེ་དཔག་མེད་དུ་སྣང་༔ འཕགས་པ་སྤྱན་རས་གཟིགས་སུ་སྣང་༔ ཁྲོ་རྒྱལ་དབང་ཆེན་རྟ་མགྲིན་སྣང་༔ ཞལ་དང་ཕྱག་ནི་ཅིར་ཡང་སྣང་༔ དེ་དག་སེམས་ཀྱི་ཆོ་འཕྲུལ་ཡིན༔ རང་བྱུང་རང་ཤར་རང་སར་གྲོལ༔ ངོ་བོ་སྟོང་པ་ཆོས་ཀྱི་སྐུ༔ མ་འགགས་རང་གསལ་ལོངས་སྤྱོད་རྫོགས༔ རིག་རྩལ་འགགས་མེད་སྤྲུལ་པའི་སྐུ༔ སྐུ་གསུམ་རང་ཆས་མ་བསྒྲུབ་འགྲུབ༔ རང་ཉིད་ཡེ་ནས་པད་འབྱུང་ཡིན༔ ཨོཾ༔ ཨ་ཏི་ཁྱབ་གདལ་ཆེན་པོ་ནི༔ གུ་རུ་པདྨ་འོད་འབར་དེ༔ ལོགས་ན་ཡོད་པ་མ་ཡིན་ནོ༔ རང་ཉིད་ལྷ་རུ་སྣང་བ་དེ༔ ལྷ་འདི་རང་ལ་རང་ཉིད་ལྷ༔ སེམས་ཉིད་རྟོགས་ན་ཕྱག་རྒྱ་ཆེ༔ སེམས་ལས་སངས་རྒྱས་གཞན་མ་ཚོལ༔ སྐུ་མདོག་ཕྱག་


CMR008_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཆ་ལུགས་ཀྱང་༔ སེམས་ཉིད་སྣང་བ་དེ་ལྟར་ཡིན༔ སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས༔ གང་ལྟར་སྣང་བ་དེ་ལྟར་སྣང་༔ མ་སྒྲུབ་ཡེ་ནས་རང་བྱུང་གནས༔ མ་བཙལ་བཞག་པས་རང་ས་ཟིན༔ དེ་ལྟར་རྟོགས་ན་ཨོ་རྒྱན་མཁན༔ ཆོས་ཉིད་དོན་གྱི་པད་འབྱུང་ཡིན༔ གཟུང་འཛིན་སྐུ་རུ་ཞེན་པ་དེ་གྲོལ་བར་འདོད་ཀྱང་འཁོར་བར་འཆིང་༔ བསྒྲུབ་པར་འདོད་ཀྱང་འགྲུབ་མི་སྲིད༔ དེ་བས་ལྷུན་གྲུབ་ངང་ལ་ཞོག༔ ཅེས་སོ༔ གཏོར་དབང་ནི། དེ་ལྟར་དངོས་གཞི་རྩ་བའི་དབང་རྣམས་སོང་ནས། ད་ནི་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བའི་དབང་བྱེད་པ་ནི། གཏོར་མ་འདི་ཉིད་འདི་ལྟ་བུ་མ་ཡིན་པར། རྒྱལ་བ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་དུ་གསལ་ཐོབ་ལ། དེའི་སྟེང་གི་ཆ་ལ་བཀའ་བརྒྱུད་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མ་རྣམས། ཁྱེད་རང་གི་སྤྱི་བོར་བྱོན་ཏེ། ངེད་ཀྱི་གསོལ་བ་ཇི་ལྟར་བཏབ་པའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་པ་གྱིས་ཤིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཤིང་༔ དངོས་གྲུབ་རྣམ་གཉིས་


CMR008_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་གནས༔ གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན༔ ཛཧཱུྃ་བཾ་ཧོ༔ ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། གུ་རུ་ཤྲཱི་སེང་ཧ། འཆི་མེད་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཉང་བན་ཏིང་འཛིན་བཟང་པོ། སྔགས་འཆང་ཧཱུྃ་ནག་མེ་འབར། ཆོས་བདག་བྷི་མའི་སྤྲུལ་པ། སྡོང་པོ་ཞྭ་དམར་ནག་།འབྲས་བུ་ལྔ། མེ་ཏོག་ལྟ་བུ་བཅུ། ལས་ཅན་ཆོས་བདག་ཉེར་གཅིག །གྲུབ་ཐོབ་རྟོགས་ལྡན་བརྒྱ་ཕྲག་ལ་སོགས་པ་རིག་འཛིན་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། ཡི་དམ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བྱིན་གྱིས་རློབས་ཤིག །འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་སྟེང་གདོན་གཟའ་རྒྱུ་སྐར། འོག་གདོན་ཀླུ་ས་བདག །བར་གདོན་གཉན་ཐེའུ་རང་། ཕྱོགས་མཚམས་ཀྱི་སྡེ་བརྒྱད་དྲེགས་པ། དུག་གསུམ་གྱི་འདྲེ་གདོན་འབྱུང་པོ། ན་འཆིའི་སྐག་དང་སྲི་ལང་ལ་སོགས་པའི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་མཛོད་ཅིག །ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་མཛོད་ཅིག །


CMR008_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩོལ་ཅིག །ཨོཾ་ཨཱ༔ཧཱུྃ། ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །གུ་རུ་པདྨ་འབྱུང་གནས་བྱིན་རླབས་ཀྱིས། །འགྲོ་བ་འདི་དག་བདག་གིས་སྲུངས་སོགས་དང་། བསྔོ་སྨོན་བཀྲ་ཤིས་དགེ་བསྐུལ་སོགས་བྱའོ། །འདི་ནི་གུད་དུ་སྦས་པས། སྒྲུབ་པ་ངེས་པར་བྱེད་པ་མ་གཏོགས་པ་གཞན་ལ་མི་བསྐུར་དམ་པར་བྱའོ། །དེ་ལྟར་རང་གིས་དབང་ལེན་པ་དང་། གཞན་ལ་སྦྱིན་པ་སོགས་ལ། མཚམས་གཅོད་སྲུང་འཁོར་སྐྱབས་འགྲོ་ནས་བཟུང་། ལས་གཞུང་ཚོགས་དང་བཅས། བཟླས་པ་སྒྲུབ་བསྐུལ་ལ་བརྩོན་པར་བྱའོ། །གཏེར་གཞུང་ཉིད་ལས༔ ༧ རཱ་ག་ཨ་སྱས་བསྒྲིགས།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousབཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་དབང་གི་རིམ་པ་ལས༔ ཐོག་མར་སྟ་གོན་དང་དབང་བཤད།next