Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
གུ་རུ་པདྨ་འོད་འབར་གྱི་ཚེ་དབང་ལྕགས་ཀྱི་རི་བོ་ཞེས་བྱ་བ་ཇི་ལྟར་བསྐུར་བའི་ཕྱག་ལེན་རྒྱས་པར་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་པདྨ་འོད་འབར་གྱི་ཚེ་དབང་ལྕགས་ཀྱི་རི་བོ་ཞེས་བྱ་བ་ཇི་ལྟར་བསྐུར་བའི་ཕྱག་ལེན་རྒྱས་པར་བཀོད་པ།next

གུ་རུ་པདྨ་འོད་འབར་གྱི་ཚེ་དབང་ལྕགས་ཀྱི་རི་བོ་ཞེས་བྱ་བ་ཇི་ལྟར་བསྐུར་བའི་ཕྱག་ལེན་རྒྱས་པར་བཀོད་པ།


CMR008_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་འོད་འབར་གྱི་ཚེ་དབང་ལྕགས་ཀྱི་རི་བོ་ཞེས་བྱ་བ་ཇི་ལྟར་བསྐུར་བའི་ཕྱག་ལེན་རྒྱས་པར་བཀོད་པ་བཞུགས་སོ༔


CMR008_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གཞུང་ནས་ཚེ་སྒྲུབ་རྒྱས་པ་དང་༔ རྒྱུན་ཁྱེར་བསྡུས་པ་དང་༔ དབང་བཞི་ཡོངས་རྫོགས་མཇུག་ཏུ་ཚེ་དབང་འདི་མཐའ་རྟེན་དུ་བྱ་ཚུལ་གསུངས་པ་དེ་གསར་བུ་རྣམས་ཀྱིས་དབྱེ་ཤེས་པར་དཀའ་བ་ཙམ་དུ་འདུག་པས༔ གཞིའི་སྟེང་དུ་པདྨ་འདབ་བརྒྱད་དམ༔ འབྲུ་ཡི་ཚོམ་བུ་བྱ༔ བུམ་པ་ཚེ་གཏོར་ཚེ་ཆང་ཚེ་རིལ་ཚེ་ནས༔ ཚེ་འགུགས་མདའ་དར་དམར་པོ༔ རྒྱས་འདེབས་ཁ་བཏག་གམ་མན་ཙི་ལ་རྡོ་རྗེ་རྒྱ་གྲམ་མདུད་པ་བྱས་པ་མདའ་ལ་བཏགས་པ་ཞིག༔ དེ་རྣམས་འདུ་བྱ༔ དེ་ནས་དབང་སྒྲུབ་ནི་པདྨ་འོད་འབར་ཚར་གཅིག་གིས་བདག་ལྷར་བསྐྱེད་པ་དང་༔ བུམ་པ་དང་༔ ཚེ་གཏོར་དང་༔ གསུམ་ཀ་པདྨ་འོད་འབར་དུ་བསྐྱེད་ལ༔ བཟླས་པ་བྱ་བ་ནི༔ རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་


CMR008_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ དཀར་པོ༔ དེའི་མཐར་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པ་འཁོར་བ༔ བུམ་པ་དང་གཏོར་མ་ལྟར་གསལ་བའི་དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་པདྨ་དམར་པོ་ཨཱས་མཚན་པ༔ ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ༔ ལྟེ་བར་རིན་པོ་ཆེ་སེར་པོ་སས་མཚན་པ༔ གསང་བར་སྣ་ཚོགས་རྡོ་རྗེ་ཧས་མཚན་པར་བསྒོམ༔ བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་དང་བུམ་བསྐྱེད་ལ་ཕོག༔ དེའི་གནས་ལྔར་ཕྱག་མཚན་དང་ཡིག་འབྲུ་ལྔ་ལས་འོད་ཟེར་དཔག་ཏུ་མེད་པ་ནམ་མཁའ་ཁྱབ་པར་འཕྲོས༔ ཕྱི་


CMR008_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ཀྱི་འཇིག་རྟེན་བདེ་བ་ཅན་གྱི་ཞིང་ཁམས༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་གུ་རུ་པདྨ་འོད་འབར་གྱི་སྐུ་ཤ་སྟག་ཏུ་གྱུར༔ དེ་ཐམས་ཅད་ཀྱིས་རམ་བུ་བཀྱག་པའི་ཚུལ་ཏུ་སྔགས་འུ་རུ་རུ་བཟླས་པའི་ནུས་པ་དང་གཟི་བརྗིད་ཀྱིས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་གསུམ་ཆོས་སྐྱོང་ཐམས་ཅད་ཚེའི་བྱིན་རླབས་དང་༔ འབྱུང་བའི་བཅུད་ཀྱི་དྭངས་མ་ཐམས་ཅད་དང་༔ དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས༔ མདོར་ན་སེམས་ཅན་བསོད་ནམས་ཅན་དཀར་པོ་དགེ་བའི་ལས་བསྒྲུབ་ཅིང་དབང་ཆེ་ལ་རྩལ་དྲག་པ༔ འཁོར་མང་བ་ཡོན་ཏན་ཆེ་བ༔ སྟོབས་དང་སྙན་གྲགས་ཅན༔ གདུལ་བྱ་ཕྲིན་ལས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་ཐམས་ཅད༔ ཡི་གེ་ཀྲྀ་ཡི་རྣམ་པར་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་ལི་ལི་བུམ་པའི་ནང་དང་༔ ཚེ་གཏོར་དང་ཚེ་རིལ་ཚེ་ཆང་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་༔ སྔགས་འདི་སྟོང་ངམ་བརྒྱ་ལས་མི་ཉུང་བར་བཟླའོ༔ དེ་ནས་སྤྲོ་ན་བདག་འཇུག་བླངས༔ མ་བླངས་ཀྱང་རུང་༔ དེ་ནས་མདུན་དུ་དབང་ཞུ་བ་པོ་རྣམས་འདུས་ལ་སྔོན་འགྲོ་སྤྱི་ལྟར་རམ་ཡང་ན༔ བགེགས་གཏོར་མི་དམིགས་སྟོང་པའི་ངང་ཉིད་ལས༔ རིན་


CMR008_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྣོད་དུ་བདུད་རྩིའི་རྒྱ་མཚོར་གྱུར༔ བསྲེག་སྦྱངས་གཏོར་མ་རཾ་ཡཾ་ཁཾ་གསུམ་འཕྲོས༔ ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་དཔག་མེད་གྱུར༔ དེང་འདིར་དཀྱིལ་འཁོར་མཆོད་པའི་འབྱུང་པོ་ཀུན༔ གནས་འདིར་མ་འདུག་གཏོར་མས་ཚིམ་གྱིས་ལ༔ རང་རང་སོ་སོའི་གནས་སུ་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་བར་ཆད་བྱེད་པ་རྣམས༔ ང་ཉིད་དབང་ཆེན་པདྨས་རྟ་སྐད་འཚེར༔ ཁམས་གསུམ་སྲིད་གསུམ་ཀུན་ཀྱང་འདར་ཞིང་སྔངས༔ གནོད་བྱེད་འབྱུང་པོ་མ་ལུས་རྡུལ་དུ་རློགས༔ ཨོཾ་པདྨ་ཏ་ཀྲྀཏ་ཧཱུྃ་ཕཊ༔ གནོད་བྱེད་སརྦ་ཤ་ཏུཾ་མཱ་ར་ཡ་རྦད་ནན་ཟློག་ཅིག༔ ཅེས་སྔགས་ལན་གསུམ་བརྗོད་ཅིང་འཐོར་ནས་ཀྱིས་བྲབ་ལ་བགེགས་བསྐྲད་གཏོར་མ་ཕྱིར་དོར༔ དེ་ནས་སྲུང་འཁོར་ནི༔ རོལ་མོ་དབྱངས་དང་བཅས་པས༔ཧྲཱིཿབདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་གཞལ་ཡས་སྐྱེ་འགྲོ་ཝཱི༔ ཕྱོགས་དང་ཕྱོགས་མཚམས་འཇའ་འོད་མཚོན་ཆས་གཏམ༔ རྡོ་རྗེའི་ས་གཞི་རྭ་གུར་མེ་རིས་བསྐོར༔ ཨོཾ་བཛྲ་རཀྟ་ཛྭ་ལ་རཾ༔ སྔགས་མང་དུ་བརྗོད་ཅིང་རོལ་མོ་བྱའོ༔ དེ་ནས་མེ་ཏོག་བཀྲམ༔ ཆབ་བླངས་ཏེ༔ གཞུང་ལས༔ གཞན་བྱིན་རླབས་པ་ལ་ཡང་ཁྲུས་བགེགས་བསྐྲད་མཎྜལ་སྐྱབས་སེམས་གསོལ་གདབ་


CMR008_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དང་མཚུངས༔ ཞེས་པའི་དོན་ནོ༔ དེ་ཡང་ཨོ་རྒྱན་རིན་པོ་ཆེ་གུ་རུ་པདྨ་དུས་གསུམ་མཁྱེན་པའི་ཞལ་ནས༔ ཀྱེ་ཧོ༔ ཁྱེད་ཅག་རྗེ་འབངས་གྲོགས་དང་བཅས་པ་ཐམས་ཅད་མ་ཡེངས་པར་གསན་འཚལ༔ སྐལ་དུས་སྙིགས་མའི་སེམས་ཅན་རྣམས༔ ཚེ་མཐར་ཕྱིན་པ་ཤིན་ཏུ་དཀོན༔ དམ་ཆོས་ཤ་སྟག་བྱེད་པ་ནི༔ ཉིན་མོའི་སྐར་མ་ཙམ་དུ་ཟད༔ དུས་མ་ཡིན་པར་རྐྱེན་དུ་འཆི་བ་ནི་ཕལ་ཆེར་ཡིན་ཏེ༔ སྡུག་བསྔལ་མཚོ་རྡོལ་བས་བདེ་བའི་གོ་སྐབས་མེད་པ༔ སངས་རྒྱས་སྒྲུབ་པའི་ཐབས་མི་ཤེས་ཤིང་༔ དུ་རུ་ཀས་རྒྱུ་ལ་ཧབ་ཐོབ་བྱེད་པའི་དུས་སུ༔ དཀོན་མཆོག་ཐུགས་རྗེ་ཡང་རྣོ་མྱུར་རྡུགས་པ་ལྟ་བུ་ཞིག་འོང་༔ རང་རང་གི་ལས་ལ་གཙོ་བོའི་རྒྱུ་འབྲས་བསླུ་མེད་དུ་སྨིན་པ་ནི་མ་རིག༔ ད་དུང་འཁོར་བ་གཏན་འཁྱིལ་ཁ་སྦྱབ་འཁོར་མོ་ཡུག་ཏུ་འཁོར་དགོས་པ་ནི་མ་གོ༔ ཚེ་གཅིག་ལ་སྐད་ཅིག་གིས་རང་གྲོལ་དུ་འགྲོ་རྒྱུ་ཡིན་པ་ལ༔ ད་རེས་ཉམས་ལེན་སྒྲུབ་པ་མི་བྱེད་པ་འདི་ལྟ་བུ་ནི་ཤིན་ཏུ་འཁྲུལ་ཚབས་ཆེ༔ དམ་པའི་ཆོས་མ་བྱས་པ་ལ་བདེ་བའི་བསྟན་པ་འཛིན་འདོད་པ༔ རྒྱུ་ལས་མ་བྱུང་བ་རེ་འཁྲུལ་རེ་འཁྲུལ༔ སྡུག་བསྔལ་མི་འདོད་བཞིན་སྡིག་ལས་ལ་


CMR008_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཚེ་ཟད་པ་ཡང་༔ རེ་འཁྲུལ་རེ་འཁྲུལ༔ འཆི་བ་མ་དྲན་བཞིན་དུ་ཡང་ལུས་ལེན་ཅིང་ཡང་ཡང་འཆི་བ་རེ་སྡུག་རེ་སྡུག༔ དེ་ཡང་འཆི་མེད་ཚེ་ཡི་གདམས་པ་ཟབ་མོ་གནམ་ལྕགས་ཀྱི་རི་བོའི་དབང་ལ་སོགས་པ་ད་ལྟ་མ་སྤེལ༔ མ་འོངས་པ་ན་འགྲོ་དོན་ཆེ་བར་འོང་གསུངས་དེ་ནས་ཧཾ་ཕྲང་ལྕགས་ཀྱི་སྒོ་མོ་དང་༔ ཀོང་ལྗོན་པ་ལུང་གི་གནས་སྒོ་རྣམས་སུ་ཚེ་སྒྲུབ་ཚེ་དབང་གཏེར་དུ་སྦས་སོ༔ ཟབ་གཏེར་འདི་དང་དུས་མཚུངས་འགྲོ་དོན་ནི༔ བཞི་བཅུ་ཁ་རལ་ཡང་མཐའི་དུས་དང་མཉམ༔ དེའི་རྒྱུ་མཚན་ཡུད་ཙམ་དེང་འདི་བཤད༔ མ་འོངས་རྩུབ་འགྱུར་བཞི་བཅུའི་དུས་ཤར་ཚེ༔ ཚེ་ལ་ལོངས་མེད་སྦྲང་བུ་ཉི་ཚེ་འདྲ༔ ནོར་ལ་བདག་མེད་སུས་བསགས་སུས་ཐོབ་བྱེད༔ ཡུལ་ལ་གཏད་མེད་དྲི་ཟའི་ཡུལ་གྲོང་འདྲ༔ མཐའ་ནོར་མཐའ་མི་དབུས་སུ་དར་བ་དང་༔ དབུས་གཙང་མི་རྣམས་ལྷོ་མོན་ཕྱོགས་སུ་བྲོས༔ ཕྱོགས་བཞི་མཚམས་ནས་དུ་རུ་ཁ་མང་འཐིབ༔ མ་མོ་འཁྲུག་པས་འགོས་ཡམས་མི་ཐོག་འབུད༔ དེ་ནས་དུག་མཚོན་རིམ་པ་བཞིན་དུ་དར༔ ཡང་ཅིག་སྐྱེ་འགྲོ་སྡུག་པའི་སྔ་ལྟས་སུ༔ ལྟས་ངན་མཁའ་ལ་ཤར་ཏེ་ཡ་མཚན་བྱེད༔ ཉི་


CMR008_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསུམ་དང་ཟླ་བ་གཉིས་ཤར་འབྱུང་༔ ནམ་མཁའི་ཁྲག་མདོག་སྐར་མ་མཇུག་རིང་ཤར༔ གནམ་ལ་ལྕགས་སྐད་སིང་སྒྲ་དངོས་སུ་ཐོན༔ འབྲུག་དང་ལྷན་ཅིག་སྤྲིན་གསེབ་ལྟས་ངན་རྒྱུག༔ སེང་གེའི་མགོ་ལ་སྦྲུལ་གྱི་འཇུག་མ་འཁྱིལ༔ ཁ་ནས་མེ་འབར་ཚ་བས་འུར་ཆོམ་ལྡིར༔ ཉི་མ་གཟས་འཛིན་མུན་ནག་རུབ༔ ཉིན་མོ་སྐར་མ་བཀྲ་བ་དང་༔ བྱང་ནས་སྐར་ཆེན་ཐོད་དཀར་འཆར༔ ཤར་ནས་དུ་བ་མཇུག་རིང་འབྱུང་༔ གཡག་མགོ་རླུང་འཚུབ་ལྷོ་ནས་འཆར༔ ཆུ་ཏི་སྔོན་མོ་ནུབ་ནས་འོང་༔ ཆོས་བྱེད་ཆགས་སྡང་ཟིང་ཟིང་ཡོང་༔ བླ་མའི་ཚུལ་བཟུང་དམག་ལས་བྱེད༔ སྡོམ་པ་དམ་ཚིག་རྩྭ་བཞིན་དོར༔ དགོན་གསར་བུ་ཆུང་ངུ་སྐད་ལྡང་༔ གཙུག་ལག་འཁྲུག་ཁང་བྱེད་པ་འབྱུང་༔ ལྷ་རུ་སྡུག་འདྲེ་འགོང་པོ་མཆོད༔ མ་ཎི་པདྨེར་ཆོས་མི་རྩི་སྐད་གསར་ཆས་གསར་རྩིས་སུ་ཆེ༔ རང་གི་རང་ལ་ཡིད་གཉིས་ཟ༔ ཕ་བུ་ཡིན་ཀྱང་བློ་གཏད་དཀོན༔ ནད་མཚོན་མུ་གེ་སྤྲིན་ལྟར་གཏིབསཿ་བཀའ་བསྟན་ལུང་ལ་མ་གྲགས་པའི༔ འགོས་ཡམས་སྣ་ཚོགས་མི་ཐོག་འབུད༔ མཐའ་དམག་རིམ་བཞིན་དབུས་སུ་འོང་༔ མཐར་ནི་དབུས་གཙང་བལ་


CMR008_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བྲོས༔ སྐྱིད་མེད་སེམས་ཅན་སྡུག་ལ་འཁོར་ལོ་རེ་སོག་དམག་འུར་སྐད་ཆེ༔ ཀོང་ཡུལ་སྟོད་དུ་ཧོར་འཁྲུག་འཐོར༔ ཆར་ཆུ་མི་སྙོམ་སྒང་གཤོང་ཆེ༔ ཉི་ཟླ་དམར་ནག་རླུང་འཚུབ་ཆེ༔ ས་གཡོས་ཆུ་སྨྱོན་རི་བྲག་ཉིལ༔ སྙིགས་མ་ལྔ་པོ་དུས་གཅིག་འཁྲུག༔ བསོད་ནམས་སྙིགས་མ་འཁྲུག་རྩོད་དར༔ དུས་ཀྱི་སྙིགས་མ་ལོ་ཉེས་མང་ཚེ་ཡི་སྙིགས་མ་དུས་མིན་འཆི༔ གང་ཟག་སྙིགས་མ་ངོ་ཚ་ཤོར༔ ཆོས་ཀྱི་སྙིགས་མ་བྱིན་རླབས་ཡལ༔ རྒྱལ་ཁྲིམས་ཞིག་དང་ཆོས་ཁྲིམས་ཉམས༔ བློན་ཁྲིམས་རལ་དང་མི་ཆོས་འཐོར༔ དཔོན་ལས་གཡོག་པོ་དབང་རྩལ་ཆེ༔ བླ་མ་མཚན་ལྡན་ཁྱི་ལྟར་འཁྱམས༔ སློབ་མ་དམ་ཉམས་སེང་ལྟར་འགྱིང་༔ ལྗང་ལས་ཕུ་རྣམས་ལོ་ལེགས་རྒྱས༔ མཐའ་མིས་དབུས་འཇོམས་རིམ་གྱིས་འདོད༔ ཧོར་སོག་དམག་སྐད་ཆེ་ཆེར་བསྒྲགས༔ ལོ་རེ་བཞིན་དུ་འུར་སྐད་ལྡིར༔ མུ་གེ་བཏུད་མར་ཡང་ཡང་འབྱུང་༔ མི་ནད་ནོར་ནད་ཆུ་ལྟར་ཁོལ༔ བདེ་བའི་གོ་སྐབས་སྤུ་ཙམ་མེད༔ སྐྱབས་དང་སྐྱེལ་མ་འདྲེ་ལ་བཅོལ༔ ཕྱག་དང་ཞེ་ས་དམག་ལ་ཕུལ༔ བློ་གཏད་ཧོར་གྱི་དཔོན་ལ་འཇུ༔ རང་ནོར་


CMR008_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་ཧབ་ཐོབ་བྱེད༔ རྟ་དྲེལ་བོང་བུ་ཁལ་རྣམས་ཀུན༔ དབང་མེད་ལས་ལ་ཁུར་བཀལ་ནས༔ བུད་མེད་སྤྱོད་ཅིང་བྱི་སྦ་རྡུང་༔ འདི་འདྲའི་དུས་སྲིད་སླེབས་ཙ་ན༔ ཟབ་ཆོས་སྤྱོད་པ་སྐལ་པ་བཟང་༔ དབང་ལུང་ཐོབ་པ་ཙམ་གྱིས་ཀྱང་༔ ཕལ་ཆེར་རང་བཞིན་གྲོལ་བར་འགྱུར༔ ཞེས་སོགས་ལུང་བསྟན་མཐའ་ཡས་པར་གསུངས་ཏེ༔ བསྡུ་ན་འདི་མན་གྱིས་ཆོག༔ དུས་ངན་འདིའི་ཚེ་ལྷ་གཞན་གྱི་ཐུགས་རྗེ་རྡུགས༔ ཆོས་གཞན་གྱི་བྱིན་རླབས་ཡལ༔ མཁའ་འགྲོ་ཆོས་སྐྱོང་རི་རབ་ལ་ཞལ་ཕར་གཟིགས༔ བདུད་དང་ལྷ་སྲིན་སྡེ་བརྒྱད་ཁ་འཕྱུར་བའི་དུས་ལ༔ ཨོ་རྒྱན་རིན་པོ་ཆེ་ཐུགས་རྗེ་ཆེ་ལ་བྱིན་རླབས་མྱུར་བར་གསུངས་པའི་ཕྱིར༔ གུ་རུ་པདྨ་འོད་འབར་གྱི་ཚེ་དབང་ལྕགས་ཀྱི་རི་བོ་ཞེས་བྱ་བ་བསྐུར་བ་ཡིན་ཏེ་ཚེ་ཟད་པ་དང་ཉམས་པ་ཡང་གསོ་ནུས༔ ཚེ་དང་བསོད་ནམས་འབྱོར་པ་དྲུག་ཏུ་འགྱུར་གསུངས་ཤིང་༔ ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ ཚེ་སྒྲུབ་ལྕགས་ཀྱི་རི་བོ་ཞེས་བྱ་བ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས༔ ཤར་ཕྱོགས་མ་ར་ཏི་ཀའི་བྲག་ཕུག་ཏུ་མགོན་པོ་ཚེ་དཔག་མེད་པ་ལ༔ ཚེའི་རྒྱུད་དང་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱ་ཞུས་


CMR008_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བརྟེན་ནས༔ ཁ་བ་ཅན་དུ་ཚེ་སྒྲུབ་ལྔ་བརྒྱ་རྩ་གཅིག་སྦས་པའི་ནང་ནས་འདི་སྙིང་ཁུ་ལྟ་བུ་ཡིན༔ སྐལ་ལྡན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་བུམ་པ་གཏོར་མ་དང་༔ ཚེ་རིལ་ཚེ་ཆང་ཉི་ཟླ་གཟའ་སྐར་དང་༔ རྡོ་རྗེའི་བྲག་གམ་རི་བོ་ལྷུན་ཆགས་དང་༔ གངས་རི་འགྱུར་མེད་གཡུ་མཚོ་གཏན་འཁྱིལ་དང་༔ དེ་སོགས་གང་ལ་བརྟེན་ནས་སྒྲུབ་ཀྱང་རུང་༔ རེ་རེའི་ཕན་ཡོན་བརྗོད་པར་མི་ནུས་ཏེ༔ ཀུན་དྲིལ་རང་ལུས་ལྕགས་ཀྱི་ཕོ་བྲང་ཆེ༔ ཨེ་མ་ཧོ༔ དེ་ལྟར་སྒྲུབས་པའི་ཕན་ཡོན་ནི༔ རྐྱེན་ངན་བར་ཆད་ཐམས་ཅད་བཟློག༔ དུས་ཟད་པ་ཡི་མི་ཡིན་ཀྱང་༔ ཚངས་པའི་ཚེ་དང་མཉམ་པར་འགྱུར༔ འཆི་བ་རྣམ་པ་བརྒྱད་མི་འབྱུང་༔ ལས་འཕྲོ་ལྡན་རྣམས་ཉི་ཟླའི་ཚེ༔ རྡོ་རྗེ་གཡུང་དྲུང་ལྟ་བུ་ཡི༔ ཚེ་ཡི་རིག་འཛིན་ཨེ་མ་ཧོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མཱ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་སོ༔ དེ་ལྟ་བུའི་ཚེ་དབང་ཟབ་མོ་ཞུ་བའི་དོན་དུ་མཎྜལ་ཕུལ༔ ས་བཞི་སྤོས་ཆུས་བྱུག་ཅིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དེར་དམིགས་ཏེ་ཕུལ་བ་


CMR008_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་། །འགྲོ་ཀུན་རྣམས་དག་ཞིང་དེར་སྐྱེ་བར་ཤོག །མངྒ་ལཾ། ཨོཾ༔ གུ་རུ་པདྨ་འོད་འབར་གྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་བཞུགས་སོ༔ ད་ཚེ་དབང་ཞུ་བའི་ཐོག་མར་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་བས༔ དུས་ད་ནས་བཟུང་སྟེ་ཁ་ཙམ་མ་ཡིན་པར༔ སྙིང་ཁུངས་རུས་པའི་གཏིང་ནས༔ དཀོན་མཆོག་སྤྱི་འདུས་ཀྱི་ངོ་བོ་པདྨ་འོད་འབར་ཀྱི་གོ་འཕང་དམ་པ་ཚེ་གཅིག་ལུས་གཅིག་ལ་ཐོབ་པར་བྱ་སྙམ་པས་མདུན་གྱི་དབང་རྫས་རྣམས་གུ་རུ་པདྨ་འོད་འབར་དུ་གསལ་བའི་དྲུང་དུ༔ སེམས་བསྐྱེད་ཞུ་བ་འདིའི་རྗེས་ཟློས་མཛོད༔ ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་ཀུན༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིརཿ་ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། ད་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད་ཨེ་མ་ཧོ༔ དཀོན་མཆོག་སྤྱི་འདུས་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོས་རྗེས་སུ་བཟུང་༔ དབང་གི་སྨིན་གྲོལ་དངོས་བ་སྩོལ༔ ཅེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས༔ གུ་རུ་པདྨ་འོད་


CMR008_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འབར་གྱི་བཀའ་ཡི་གནང་བ་འདི་ལྟར་བྱིན་པའི་མོས་པ་མཛོད༔ དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་ཅིང་སྨིན་པར་བྱའོ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་ཉམས་རྣམས་ལ་སྨྲ་མི་རུང་༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ དེང་ཕྱིན་ཆད་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད༔ ཨོཾ་བཛྲ་རཀྵ་སི་ཧཱུྃ༔ ས་མ་ཡ་ཨི་དན་ན་ར་ཀན༔ དམ་ཆུ་སྦྱིན༔ དེ་ནས་ལས་བུམ་གྱི་ཀུ་ཤས་སློབ་མ་བྲན་ལ༔ ད་ཁྱེད་རང་རྣམས་གུ་རུ་པདྨ་འོད་འབར་གྱི་སྐུ་འདི་ལྟར་སྒོམས་ཤིག༔ ཧཱུྃ༔ སློབ་མའི་ངོ་བོ་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྡན་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊཾ་གཡོན་ན་འཁྲིལ༔ ཕོད་ཁ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེས་རབ་བརྒྱན་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་བའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམས༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་


CMR008_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཞེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ དེ་ལས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ་འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟ་བུ་དཔག་ཏུ་མེད་པ་སྤྱན་དྲངས༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ་གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱ༔ཧཱུྃ༔ བཛྲ་གུ་རུ་པདྨ་


CMR008_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྔགས་ལན་གསུམ་བརྗོད༔ ཡེ་ཤེས་པ་དེ་བརྟན་པར་གྱུར་པའི་མོས་པ་མཛོད༔ ཏིཥྛ་བཛྲ༔ རྡོ་རྗེ་སྤྱི་བོར་བཞག་དེ་ཡན་དང་པོ་གཅིག་སོང་ནས་རྒྱུན་དུ་མི་དགོས༔ ད་ཚེའི་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད༔ ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་འདྲེན་པའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ད་མོས་གུས་ཀྱིས་སྨོན་ལམ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ལན་གསུམ་མམ་གཅིག་བྱའོ༔ ད་བུམ་པ་འདི་ཕྱི་རིན་པོ་ཆེའི་བུམ་པ་ལ་ནང་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་དབུས་སུ༔ པདྨ་དང་ཟླ་བའི་གདན་ལ༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་ཏུ་མེད་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་


CMR008_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡོན་བྷནྡྷའི་ནང་དུ་ཚེ་བུམ་འཛིན་པ༔ དེའི་དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་པདྨ་དམར་པོ་ཨཱས་མཚན་པ༔ ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ༔ ལྟེ་བར་རིན་པོ་ཆེ་སེར་པོ་སཱས་མཚན་པ༔ གསང་བར་སྣ་ཚོགས་རྡོ་རྗེ་ཧཱས་མཚན་པ༔ དེ་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས་ནམ་མཁའ་གང་བར་འཕྲོས༔་འཁོར་འདས་སྣོད་བཅུད་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་བསྡུས་ཁྱད་པར་དུ་འོད་ཟེར་དཀར་པོ་ལྕགས་ཀྱུ་ལྟ་བུ་ཤར་ཕྱོགས་སུ་འཕྲོས་པས༔ ཤར་ཕྱོགས་དྲི་ཟའི་ལག་ཏུ་ཚེ་འཁྱམས་པ༔ ཡར་བ༔ བརྐུས་པ༔ འཕྲོག་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ༔ སྣུམ་ལ་འདྲིལ་བ་ནི་ཡིག་ལྗང་གུས་མཚན་པ་དཔག་ཏུ་མེད་པ་བསྡུས་ཏེ༔ སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ༔ དེ་བཞིན་དུ་འོད་ཟེར་སེར་པོ་ཞགས་པ་ལྟ་བུ་ལྷོ་ཕྱོགས་སུ་འཕྲོས་པས༔ ལྷོ་ཕྱོགས་གཤིན་རྗེའི་ལག་ཏུ་ཚེ་འཁྱམས་པ༔ ཡར་བ༔ བརྐུས་པ༔ འཕྲོག་པ་ཐམས་ཅད་བསྡུས༔ འོད་ཟེར་དམར་པོ་ལྕགས་སྒྲོག་ལྟ་བུ་ནུབ་ཕྱོགས་སུ་འཕྲོས་པས༔ ནུབ་ཕྱོགས་ཀླུ་བདུད་ཀྱི་ལག་ཏུ་ཚེ་འཁྱམས་པ༔ ཡར་


CMR008_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ བརྐུས་པ༔ འཕྲོག་པ་ཐམས་ཅད་བསྡུས༔ འོད་ཟེར་ལྗང་གུ་དྲིལ་བུའི་དབྱིབས་ཅན་བྱང་ཕྱོགས་སུ་འཕྲོས་པས༔ བྱང་ཕྱོགས་གནོད་སྦྱིན་གྱི་ལག་ཏུ་ཚེ་འཁྱམས་པ༔ ཡར་བ༔ བརྐུས་པ༔ འཕྲོག་པ་ཐམས་ཅད་བསྡུས༔ འོད་ཟེར་མཐིང་ག་སྟེང་ཕྱོགས་སུ་འཕྲོས་པས། ཚངས་པ་ལ་སོགས་གཟུགས་ཁམས་ཀྱི་ལྷ་དང་༔ སྟེང་ཕྱོགས་ལྷའི་བུའི་བདུད༔ གཟའ་རྒྱུ་སྐར་གྱི་ལག་ཏུ་ཚེ་འཁྱམས་པ༔ ཡར་བ༔ བརྐུས་པ༔ འཕྲོག་པ་ཐམས་ཅད་བསྡུས༔ ཡང་འོད་ཟེར་ཁ་དོག་སྣ་ཚོགས་འོག་ཕྱོགས་སུ་འཕྲོས་པས༔ དགའ་བོ་འཇོག་པོ་ལ་སོགས་ཀླུ་གཉན་ས་བདག་ཐམས་ཅད་ཀྱི་ལག་ཏུ་ཚེ་འཁྱམས་པ༔ ཡར་བ༔ བརྐུས་པ༔ འཕྲོག་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ༔ སྣུམ་ལ་འདྲིལ་བ༔ རྗེ་ཡིག་ལྗང་གུས་མཚན་པ༔ དཔག་ཏུ་མེད་པ་བསྡུས་ཏེ། སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ་པས༔ བླ་ཚེ་སྲོག་དབུགས་ཉམས་པ་ཐམས་ཅད་སོར་ཆུད་དེ༔ འཆི་བ་མེད་པའི་ཚེ་དང་རྡོ་རྗེ་ལྟ་བུའི་སྲོག་ཐོབ་སྟེ༔ བཀྲག་མདངས་འོད་དུ་འབར་བར་སྒོམས་ཤིག༔ཧྲཱིཿཕྱི་ནི་བུམ་པ་ནང་ནི་བདུད་རྩིས་


CMR008_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧཱུྃ༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་གདོན་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡརི་བ་ཁུག་གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུཥ་ཧཱུྃ་ཧཱུྃ་ཛ༔ མདའ་དར་གཡུག་ཅིང་དམིགས་པ་དང་བཅས་པས་སྟབས་བསྒྱུར་ལ་གཡབ་བོ༔ འོ་དེས་ཚེ་ཡར་བ་འགུགས་པ་སོང་ནས༔ མདུན་བསྐྱེད་ཚེ་གཏོར་ལ་བརྟེན་ནས་དབང་བསྐུར་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད༔ ཚེ་གཏོར་འདི་ཉིད་གུ་རུ་པདྨ་འོད་འབར་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལ་ཚེའི་སྔགས་ཀྱི་གཡས་སུ་བསྐོར་བ་ལས་འོད་


CMR008_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་དཀར་སེར་དམར་ལྗང་དཔག་ཏུ་མེད་པ་ནམ་མཁའ་གང་བར་འཕྲོས་པས༔ ས་ཡི་བཅུད་ཐམས་ཅད་སེར་པོ་གསེར་ལྟ་བུ༔ ཆུ་ཡི་བཅུད་ཐམས་ཅད་དཀར་པོ་ཤེལ་ལྟ་བུ༔ མེ་ཡི་བཅུད་ཐམས་ཅད་དམར་པོ་པདྨ་རཱ་ག་ལྟ་བུ༔ རླུང་གི་བཅུད་ཐམས་ཅད་ལྗང་ཁུ་ཨིནྡྲ་ནི་ལ་ལྟ་བུ༔ ནམ་མཁའི་བཅུད་ཐམས་ཅད་སྔོན་པོ་བེཌུརྱ་ལྟ་བུ་བསྡུས༔ ཕྱག་གི་བུམ་པ་དང་བྷནྡྷར་ཞུགས༔ འཆི་བ་མེད་པ་ཚེའི་བདུད་རྩིར་གྱུར༔ ཚེ་གཏོར་སྤྱི་བོར་བཞག་པས་བྷནྡྷ་དང་བུམ་པ་ནས་བདུད་རྩིའི་རྒྱུན་བབ༔ སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་པས༔ རྩ་དབུ་མའི་ནང་བརྒྱུད་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ༔ སྙིང་ག་ཆོས་ཀྱི་འཁོར་ལོ༔ ལྟེ་བ་སྤྲུལ་པའི་འཁོར་ལོ༔ གསང་གནས་བདེ་སྐྱོང་གི་འཁོར་ལོ༔ སྤྱི་གཙུག་མན་ཆད༔ རྐང་མཐིལ་ཡན་ཆད༔ འཆི་མེད་ཚེའི་བདུད་རྩིས་ལྟེམ་གྱིས་གང་ནས༔ ནད་གདོན་དང་ཚེ་ཡི་བར་ཆད་ཐམས་ཅད་འོག་སྒོ་དང་རྐང་མཐིལ་དང་༔ བ་སྤུའི་བུ་ག་ནས་ནག་ཉིལ་ཕྱིར་ཐོན༔ ཤ་དང་ཁྲག་དང་དྲོད་དང་དབུགས་དང་སེམས་ཀྱི་ཚེ་ཉམས་པ་ཐམས་ཅད་སོར་ཆུད་དེ༔ ས་ཡི་


CMR008_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཐམས་ཅད་རྫོགས་པས་ལུས་སྲ་ཞིང་བརྟན་པ་རྡོ་རྗེ་ཕ་ལམ་ལྟ་བུ༔ ཆུའི་ཡོན་ཏན་རྫོགས་པས་ལུས་སྣུམ་ཞིང་བག་དྲོ་བ་མར་སར་ཉི་མས་དྲོས་པ་ལྟ་བུ༔ མེའི་ཡོན་ཏན་རྫོགས་པས་ལུས་གསལ་ཞིང་བཀྲག་མདངས་དང་ལྡན་པ་སྤྲིན་མེད་པའི་ཉི་མ་ལྟ་བུ༔ རླུང་གི་ཡོན་ཏན་རྫོགས་པས་ལུས་ཡང་ཞིང་དཔའ་རྩལ་དང་ལྡན་པ་ནམ་མཁའ་ལྡིང་གི་རྒྱལ་པོ་ལྟ་བུ༔ སེམས་ཀྱི་ཡོན་ཏན་རྫོགས་པས་སེམས་ལ་ཟུག་རྔུ་མེད་པ་དགེ་སློང་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་ལྟ་བུར་གྱུར་ཏེ༔ ཚེ་དང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ལུས་ཀྱི་སྟོབས་དང་རྩལ་དང་ཡོན་ཏན་ཐམས་ཅད་རྒྱས་ཏེ་འཆི་མེད་རྡོ་རྗེའི་ཚེ་ཐོབ་པའི་མོས་པ་མཛོད༔ ཧྲཱི༔ བུམ་པའི་ངོ་བོ་པདྨ་འོད་འབར་བཞུགས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ས་ཆུ་མེ་རླུང་བཅུད་རྣམས་རང་མདོག་གསལ༔ ཤ་ཁྲག་དྲོད་དབུགས་ཉམས་པ་སོར་ཆུད་ནས༔ སླར་ཡང་ཟླ་བ་ཡར་ངོ་ཇི་བཞིན་ཏུ༔ སྟོབས་རྩལ་ཡོན་ཏན་ཚེ་ཡི་དབང་ཐོབ་ཤོག༔ ཚེ་གཏོར་མགོར་བཞག་ལ༔ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས།


CMR008_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཉང་བན་ཏིང་འཛིན་བཟང་པོ། སྔགས་འཆང་ཧཱུྃ་ནག་མེ་འབར། ལས་ཅན་ཆོས་ཀྱི་བདག་པོ། རྩ་བ་ནོར་བུའི་བརྒྱན་པ། སྡོང་པོ་ཞྭ་དམར་ནག །ཡལ་ག་སེམས་དཔའ་མི་བརྒྱད། མེ་ཏོག་ལྟ་བུ་ལྔ། གྲུབ་ཐོབ་སུམ་ཅུ་རྩ་བརྒྱད། ཕྱིར་མི་ལྡོག་པའི་ས་ཐོབ་པ་བརྒྱ་དང་རྩ་བརྒྱད་ལ་སོགས་པ། རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་ལ་འཁོར་དཔའ་བོ་མཁའ་འགྲོ་རིག་འཛིན་བྱེ་བ་འབུམ་དང་བཅས་པ་ཐམས་ཅད་ཀྱིས་། རྡོ་རྗེའི་སློབ་མ་འདི་རྣམས་ལ། འཆི་བ་མེད་པ་ཚེ་ཡི་དབང་བསྐུར་བར་མཛད་དུ་གསོལ། ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་མཛོད་ཅིག །ཚེ་མི་འགྱུར་བ་གཡུང་དྲུང་ལྟར་མཛོད་ཅིག །ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་མཛོད་ཅིག །འཆི་བ་མེད་པ་ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས་ཤིག །ཅེས་སྔགས་ལན་གསུམ་བརྗོད། ད་བུམ་པ་ལ་བརྟེན་ནས་ཚེ་བསྲིང་བ་ནི། བུམ་པའི་དབུས་སུ་གུ་རུ་པདྨ་འོད་འབར་བཞུགས་པའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ནམ་མཁའ་གང་བར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་རབ་


CMR008_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་རྣམས་དང་། རིགས་གསུམ་མགོན་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་ན་ཡང་མངའ་ཐང་བསོད་ནམས་ལོངས་སྤྱོད་ཅན། ཚངས་པ་དང་དབང་ཕྱུག་ལ་སོགས་ལྷ་ཚེ་རིང་པོ་རྣམས་དང་། སྟོབས་ཀྱི་རྒྱུ་དང་ནོར་རྒྱས་ལ་སོགས་ཀླུ་ཚེ་རིང་པོ་རྣམས་དང་། གསེར་གྱི་འཁོར་ལོས་སྒྱུར་བ་ལ་སོགས་མི་ཚེ་རིང་པོ་རྣམས་དང་། རྣམ་ཐོས་ཀྱི་བུ་ལ་སོགས་མངའ་ཐང་བསོད་ནམས་ལོངས་སྤྱོད་ཅན་རྣམས་ཀྱི་ཚེ་དང་བསོད་ནམས། ཟག་བཅས་འཇིག་རྟེན་ཚེ་དང་བསོད་ནམས། ཟག་མེད་འཕགས་པ་བཞིའི་སྐུ་དང་ཚེ་དང་བསོད་ནམས། མཁའ་འགྲོ་ཆོས་སྐྱོང་བ་རྣམས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་བུམ་པར་ཞུགས། འཆི་མེད་ཀྱི་བདུད་རྩིར་གྱུར༔ བུམ་པ་སྤྱི་བོར་བཞག་པའི་ཚེ་བུམ་པའི་ཁ་ནས་བདུད་རྩི་ལུད༔ སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས༔ ལུས་འཆི་མེད་ཚེའི་བདུད་རྩིས་ལྟེམ་གྱིས་གང་༔ ལྕགས་ལ་གསེར་འགྱུར་གྱི་རྩིས་རེག་པ་ལྟར་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ བུམ་པའི་བདུད་རྩི་པདྨ་འོད་འབར་ཞུ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་


CMR008_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས༔ རྒྱལ་བ་རབ་འབྱམས་རིགས་གསུམ་མགོན་པོ་དང་༔ འཇིག་རྟེན་ལོངས་སྤྱོད་བསོད་ནམས་མངའ་ཐང་ཅན༔ ཟག་བཅས་ཟག་མེད་མཐུ་སྟོབས་ནུས་པ་ཀུན༔ དེང་འདིར་བུ་ལ་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བཟླ་ཞིང་བུམ་ཆུ་སྦྱིན་ནོ༔ ཆུ་ཡི་ལྷག་མ་ཡར་ལུད་པ་ལས༔ འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར༔ ཚེ་རིལ་སྦྱིན་པ་ནི། ད་ཚེ་རིལ་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ སྔོན་རྒྱལ་པོ་གཙུག་ལག་འཛིན་དང་༔ ཡངས་པ་ཅན་གྱི་བུ་མོ་སོགས་ཀྱིས་བྲམ་ཟེའི་ཤའི་རིལ་བུ་ཟོས་པས༔ འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པ་ལྟར༔ རིལ་བུ་འདི་ཉིད་ཨོ་རྒྱན་ཚེ་དཔག་ཏུ་མེད་པ་སྐུ་ཆུང་ལ་ཡན་ལག་དོད་པ༔ ཁ་ཤར་གྱི་སྒོ་ནས་བྱོན༔ སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་དུ་རྟག་ཏུ་བཞུགས་པར་སྒོམས་ཤིག༔ ཧཱུྃ༔ སྔོན་བྱོན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྒྲུབ་རྫས་རིལ་བུ་འདི་ལ་བརྟེན་ནས་མཛད༔ གུ་རུའི་བྱིན་རླབས་རིལ་བུར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་ཟས་སུ་སྦྱིན༔ དམ་རྫས་མ་སྤང་བཅུད་ལེན་སྙིང་པོ་སྤྱོད༔ ཟ་ཐང་ལོངས་སྤྱོད་ཚེ་ཡི་དབང་ཐོབ་ཤོག༔ ཅེས་སྔགས་བཟླ་ཞིང་ཚེ་རིལ་སྦྱིན་ནོ༔ ད་ཚེ་ཆང་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ སྔོན་


CMR008_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་བྱ་རི་ཀ་པ་དང་༔ ཨརྱ་དེ་ཝ་སོགས་ཀྱིས་ཚེ་ཆང་ལ་བརྟེན་ནས་འཆི་མེད་ཚེ་འགྲུབ་པ་ལྟར༔ ཨོ་རྒྱན་ཚེ་དཔག་མེད་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩི་འདི་འཐུང་བས་འཆི་མེད་ཚེ་ཡི་དངོས་གྲུབ་དང་༔ ནད་མེད་བདེ་བའི་ལང་ཚོ་རྒྱས༔ རྒས་མེད་བཅུ་དྲུག་གི་ན་ཚོད་གཞོན་ཤ་དང་ལྡན་པར་སྒོམས་ཤིག༔ ཧཱུྃ༔ སྔོན་བྱོན་དྲང་སྲོང་རིག་འཛིན་ཐམས་ཅད་ཀྱིས༔ ཚེ་སྒྲུབ་བདུད་རྩི་འདི་ལ་བརྟེན་ནས་མཛད༔ རྒྱལ་བའི་བྱིན་རླབས་བདུད་རྩི་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་སྐོམ་དུ་སྦྱིན༔ ཕྱི་ནང་བྱང་སེམས་ཁམས་རྣམས་འཕེལ་ཞིང་རྒྱས༔ བདེ་དྲོད་རང་འབར་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བཟླ་ཞིང་ཚེ་ཆང་སྦྱིན་ནོ༔ དེ་ལྟར་ཚེ་དབང་བསྐུར་ནས་དེ་མི་ཉམས་ཤིང་བར་ཆད་མི་འཇུག་པའི་ཕྱིར༔ སྲུང་བའི་གོ་བསྒོ་བ་ནི༔ མདུན་བསྐྱེད་པདྨ་འོད་འབར་གྱི་སྐུ་ལས་སྣ་ཚོགས་རྡོ་རྗེ་ཕྲ་མོའི་ཆར་བབས་པས༔ ཁྱེད་རང་གི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་ནས༔ འོད་འཁྱིལ་ལི་ལི་བྱེད་པར་སྒོམས་ཤིག༔ ཚེ་ནས་འཐོར་ཞིང་༔ ཨོཾ་བཛྲ་རཀྵ་རཀྟ་ཧཱུྃ༔ ཞེས་བརྗོད༔ དེ་ནས་ཚེ་ཡི་དབང་བསྐུར་བ་དེ་མི་ཉམས་བརྟན་པའི་ཕྱིར་རྒྱས་འདེབས་


CMR008_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི༔ ཁྱེད་རང་གི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པས་རྒྱས་གདབ༔ ལྗགས་སྟེང་དུ་ཨཱཿལས་པདྨ་དམར་པོ་ཨཱཿཡིག་གིས་མཚན་པས་རྒྱས་གདབ༔ སྙིང་གི་དབུས་སུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པས་རྒྱས་གདབ༔ ལྟེ་བའི་རྩ་མདུད་དུ་སཱ་ལས་རིན་པོ་ཆེ་སེར་པོ་སྭཱ་ཡིག་གིས་མཚན་པས་རྒྱས་གདབ༔ གསང་གནས་སུ་ཧཱ་ལས་སྣ་ཚོགས་རྡོ་རྗེ་ཧཱཡིག་གིས་མཚན་པས་རྒྱས་གདབ༔ ཐུགས་ཀར་ཧཱུཾ་གི་ནང་དུ་སྲོག་མི་འགྱུར་བའི་ངོ་བོ་ཨ་དཀར་པོ་དེའི་ནང་དུ་སྲོག་གི་ས་བོན་གྱི་ངོ་བོ་ནི་ཡིག་ལྗང་གུ་བཀྲག་མདངས་འོད་དུ་འབར་བ༔ དེ་ལ་ཚེ་ཡི་བཅུད་ཐམས་ཅད་འདུས་ནས་ཚེ་འགྱུར་མེད་དུ་རྒྱས་གདབ་པར་སྒོམས་ཤིག༔ ཧཱུྃ༔ དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཡེ་ཤེས་བཞི་ཡི་རྒྱ༔ ལྔ་པ་རིགས་ལྔའི་སངས་རྒྱས་རྒྱ༔ དྲུག་པ་བཅོམ་ལྡན་ཐུབ་དྲུག་རྒྱ༔ བདུན་པ་སངས་རྒྱས་རབ་བདུན་རྒྱ༔ ཕྱག་རྒྱ་བདུན་གྱིས་རྒྱས་གདབ་བོ༔ ཞེས་རྒྱས་གདབ༔ ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་


CMR008_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད༔ དུས་མིན་འཆི་བ་མ་ལུས་སྐྱོབས་མཛད་པ༔ མགོན་མེད་སྡུག་བསྔལ་བྲལ་བ་རྣམས་ཀྱི་སྐྱབས༔ སངས་རྒྱས་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་པའི་ཚིག་རེས་ཅི་རིགས་པར་བརྗོད་ལ་མེ་ཏོག་དོར་བས་མཐའ་བརྒྱན་པར་བྱའོ༔ འོ་དེས་གུ་རུ་པདྨ་འོད་འབར་གྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་རྒྱས་པར་ཐོབ་པ་ཡིན་པས་ཨུ་རྒྱན་ཚེ་དཔག་མེད་ཡི་དམ་གྱི་ལྷར་འཛིན་སྙམ་པས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་སྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ དེང་ནས་བརྩམས་ཏེ་བདག་དྲན་དུ༔ ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱེད་ཀྱི་སློབ་མར་བཟུང་ནས་ཀྱང་༔ ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ༔ སྐུ་དྲིན་གསོ་བའི་ཕྱིར་གཏང་རག་མཎྜལ་འབུལ་བར་བྱ༔ ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ༔ རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི༔ སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག༔ དེ་ལྟར་ཚེ་སྒྲུབ་དུས་བདག་འཇུག་ལེན་ནམ༔ གཞན་ལ་དབང་བསྐུར་བ་


CMR008_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་དམིགས་པ་དེ་ལྟར་རོ༔ ཞེས་པ་འདི་འབྲུག་ལོ་མགོ་ཟླ་བའི་དམར་པོའི་ཚེས་གཅིག་ནུབ་མོ་སྣང་གསལ་སྒྲོན་མེའི་ངོགས༔ རཱ་ག་ཨ་སྱས་སྦྱར༔ དགེ་ཚོགས་མཁའ་ཁྱབ་སེམས་ཅན་གྱི་དོན་དུ་བསྔོ་བ་འདི་ཡང་ཁྱབ་གཅིག་ཏུ་གནང་བར་ཞུ༔ བསོད་ནམས་འདི་ཡིས་སོགས་ཡི་གེ་པ་དང་ཞུ་བ་པོ་ཀརྨ་བིརྱ་སཱ་ག་རས་སོ༔ སརྦ་མངྒ་ལཾ། བརྒྱུད་འཛིན་རྣམས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགུ་རུ་པདྨ་འོད་འབར་གྱི་ཚེ་དབང་ལྕགས་ཀྱི་རི་བོ་ཞེས་བྱ་བ་ཇི་ལྟར་བསྐུར་བའི་ཕྱག་ལེན་རྒྱས་པར་བཀོད་པ།next