Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་ཟིན་བྲིས།next

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་ཟིན་བྲིས།


CMR008_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་ཟིན་བྲིས་བཞུགས་སོ། །པདྨ་འོད་འབར་གྱི་ཚེ་དབང་བསྐུར་ཐབས་ཟིན་བྲིས་གསལ་བ་བཞུགས་ཡོད།


CMR008_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འོད་འབར་ཚེ་སྒྲུབ་ཀྱི། །དབང་གི་ཟིན་བྲིས་ཡིག་ཆུང་ནི། །གཞིའི་སྟེང་པདྨ་འདབ་བརྒྱད་སྟེང་། །ཚེ་བུམ་ཚེ་གཏོར་ཚེ་རིལ་དང་། །ཚེ་ཆང་ཚེ་ནས་ཚེ་མདའ་བཤམས། །ཚོགས་རྫས་མཆོད་གཏོར་སྤྱི་ལྟར་བྱ། །ལས་བྱང་བཟླས་པའི་བར་དུ་བཏང་། །བདག་མདུན་བུམ་གསུམ་དབང་རྫས་རྣམས། །སོ་སོར་འོད་འབར་བསྐྱེད་བསྟིམ་བྱ། །ཨོ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུཾ་ནི་ཛ༔ ཚེ་སྒྲུབ་སྔགས་དེ་ཅི་ནུས་བཟླས། །བསྙེན་པ་བྱ་ཚུལ་གཞན་དུ་གསལ། །རྒྱས་པར་དབང་འདི་རང་གིས་བླངས། །བསྡུ་ན་ཏིང་འཛིན་དབང་བཞི་ལེན། །སློབ་མ་ཁྲུས་བྱས་མེ་ཏོག་བཀྱེ། །སྔོན་འགྲོ་བགེགས་གཏོར་བཤམས་བྲན་ལ། ཨོཾ་ཨཱཿཧཱུྃ། བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་


CMR008_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་། །བགེགས་འདུལ་ཁྲོ་རྒྱལ་འབར་བའི་བཀའ་བྱུང་གིས། །གླུད་གཏོར་ཁྱེར་ལ་རང་རང་གནས་སུ་དེངས། །བཀའ་ལས་འདས་ན་བརླག་པར་གདོན་མི་ཟ། །རོལ་མོ་དང་བཅས་གཏོར་མ་ཕྱིར་དོར་ལ། ཨོཾ་སརྦ་བིགྷཱན་ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ༔ བདག་ཉིད་འགྱུར་མེད་སོགས་ཨོཾ་བཛྲ་རཀྟ་ཛྭ་ལ་རཾ༔་རོལ་མོ་བྱ། དེ་ནས་ལོ་རྒྱུས་ནི༔ འོ་ན་ད་ལམ་ཁྱེད་རྣམས་ལ་བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་ཟབ་མོ་བསྐུར་བ་ཡིན་ལ༔ དེའི་ཐོག་མར་ལོ་རྒྱུས་ཅུང་ཟད་ཅིག་ཞུ་བ་ནི༔ སངས་རྒྱས་ཚེ་དཔག་མེད་ཉིད་ཀྱི་སྤྲུལ་


CMR008_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཨོ་རྒྱན་རིན་པོ་ཆེ་དེ་ཉིད་ཀྱིས་རི་བོ་པོ་ཊ་ལའི་ལྷོ་ནུབ་རིགས་གསུམ་མགོན་པོའི་ཕོ་བྲང་ཤེལ་གྱི་བྲག་ཕུག་དུས་བཟང་རྣམས་སུ༔ འཇའ་ཡི་གུར་དང་༔ མེ་ཏོག་གི་ཆར་འབེབས་པའི་གནས་སུ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབས་པས༔ མགོན་པོ་ཚེ་དཔག་མེད་དངོས་སུ་བྱོན་ནས༔ ཚེ་ཡི་རྒྱུད་དང་སྒྲུབ་ཐབས་བྱེ་བ་ཕྲག་གཅིག་གནང་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་འགྲུབ་སྟེ༔ དུས་རྟག་ཏུ་ལོ་བཅུ་དྲུག་གི་ན་ཚོད་དུ་བཞུགས་པས༔ མཚན་ཨོ་རྒྱན་ཚེ་དཔག་མེད་ཅེས་བྱ་བ་ཡིན་ནོ༔་རིག་འཛིན་ཆེན་པོ་དེ་ཉིད་ཀྱིས་ཚེ་སྒྲུབ་ཀྱི་སྐོར་རྣམས་ཟ་ཧོར་ཡུལ་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་ལྷ་ལྕམ་མནྡྷ་ར་བ་ལ་གནང་ནས༔ འཆི་མེད་ཚེ་ཡི་རིག་འཛིན་ཐོབ་སྟེ༔ ལོ་ལྔ་བརྒྱ་ལོན་དུས་ཡང་ལོ་བཅུ་དྲུག་གི་ན་ཚོད་དུ་བཞུགས་ཏེ༔ སྐྱེ་ཤི་བསྒྲེས་རྒུད་མི་མངའ་སྟེ༔ མཚན་ཡང་མ་གཅིག་གྲུབ་པའི་རྒྱལ་མོ་ཟེར་བ་ཡིན་ཏེ༔་ད་ལྟ་ཡང་ཀེའུ་རི་མཁའ་འགྲོ་འདུ་བའི་གནས༔ ཨོ་རྒྱན་གསང་བའི་བྲག་ཕུག་ན་དངོས་སུ་བཞུགས་སོ༔ དེ་ཡང་ཨོ་རྒྱན་རིན་པོ་ཆེ་བོད་དུ་བྱོན་ནས་གནུབས་ནམ་མཁའི་སྙིང་པོ་དང་༔ མཁའ་འགྲོ་ཤེལ་


CMR008_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་རྡོ་རྗེ་མཚོ་སོགས་ལ་ཚེ་སྒྲུབ་རྣམས་གནང་བས་ཚོའི་རིག་འཛིན་ཐོབ་གནུབས་སངས་རྒྱས་ཡེ་ཤེས་ལ་གནང་བས་ཚེ་ལོ་བརྒྱ་དང་ལྔ་བཅུ་ཐུབ༔ ཇོ་མོ་མཁར་ཆེན་བཟའ་ལ་ཚེ་སྒྲུབ་གནང་བས། ཚེ་ལོ་གཉིས་བརྒྱ་དང་བཅུ་གཉིས་ཐུབ་པར་གྲགས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་ཚེ་དབང་བསྐུར་ཚེ་ཆུ་འདྲེན་ནས་ཚེ་ལོ་ལྔ་བརྒྱ་ཐུབ་པ་ཞིག་བྱེད་དགོངས་པ་ལ༔ བདུད་བློན་དབང་ཆེན་རྣམས་ཀྱིས་དབྱེན་བྱས་ནས་རྒྱལ་པོ་ཐེ་ཚོམ་སྐྱེས་ནས༔ དབང་མ་ཞུས་པས་རྟེན་འབྲེལ་འཆུག་སྟེ༔ ཨོ་རྒྱན་རིན་པོ་ཆེས་ཚེ་ཆུ་རྣམས་གཏེར་དུ་སྦས༔ སླར་ཡང་རྒྱལ་པོ་འགྱོད་པ་སྐྱེས་ནས་ཚེ་དབང་ཞུས་པས༔ རྒྱལ་པོ་ཚེ་ཟད་པ་ལས་ཚེ་ལོ་བཅུ་གཉིས་བསྲིང་༔ དེ་ནས་བོད་ཀྱི་གཏེར་གནས་ཐམས་ཅད་དུ་མ་འོངས་པའི་དོན་ལ་དགོངས་ནས༔ ཚེ་རིལ་དང་ཚེ་ཆུ་མང་པོ་གཏེར་དུ་སྦས༔ ཉི་ཟླ་གཟའ་སྐར་འཆར་སྔ་ཞིང་ཐལ་འཕྱི་བའི་ས་བསམ་ཡས་མཆིམས་ཕུ་དང་༔ སྒྲུབ་གནས་གཡའ་མ་ལུང་དང་༔ འབྲས་མོ་གཤོང་དང་༔ པདྨ་བཀོད་དང་༔ ཟམ་བུ་ལུང་སོགས་ཆེའི་སྒྲུབ་གནས་སུ་བྱིན་གྱིས་བརླབས༔ རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་འཁོར་ལོ་སོགས་འདྲ་བའི་


CMR008_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བྲག༔ ཡར་ལུང་ཤེལ་བྲག༔ ཡང་རྫོང་ཤེལ་བྲག༔ མཁར་ཆུ་དཔལ་གྱི་ཕུག་རིང་༔ རྒྱ་གར་མཱ་ར་ཏི་ཀའི་བྲག་ཕུག་ལ་སོགས་པའི་སྒྲུབ་ཕུག་མང་པོར་བྱིན་གྱིས་བརླབས༔ རི་བོ་ལྷུན་ཆགས་པ་ཙཱ་རི༔ ཇོ་མོ་ཁ་རག༔ ཤམ་པོ་ལ་སོགས་ཚེ་ཡི་སྒྲུབ་གནས་སུ་བྱིན་གྱིས་བརླབས༔ གངས་རི་འགྱུར་མེད་༔ ཏི་སེ་གངས་རི༔ ཀམ་པོ་གངས་རི༔ ལ་ཕྱི་གངས་རི༔ རོང་བཙན་ཁ་བ་དཀར་པོ་ལ་སོགས་པ་བོད་ཀྱི་གངས་རི་ཐམས་ཅད་ཀྱང་ཚེ་ཡི་སྒྲུབ་གནས་སུ་བྱིན་གྱིས་བརླབས༔ གཡུ་མཚོ་གཏན་འཁྱིལ་ཏེ༔ ཙཱ་རི་གཡུ་མཚོ༔ མ་ཕམ་གཡུ་མཚོ༔ རྨ་རྐུང་ལུང་གི་གཡུ་མཚོ༔ ལ་སོགས་པ་ཚེ་ཡི་སྒྲུབ་ཆུར་བྱིན་གྱིས་རླབས་ཏེ༔ ཚེ་བསྲིང་བའི་ཐབས་ཀྱང་བདག་བསྐྱེད་ལ་བརྟེན་ནས་ཚེ་བསྲིང་ཐབས༔ མདུན་བསྐྱེད་ལ་བརྟེན་ནས་ཚེ་བསྲིང་ཐབས༔ བུམ་པ་ལ་བརྟེན་ནས་ཚེ་བསྲིང་ཐབས༔ ཚེ་གཏོར་ལ་བརྟེན་ནས་ཚེ་བསྲིང་ཐབས༔ ཚེ་རིལ་ལ་བརྟེན་ནས་ཚེ་བསྲིང་ཐབས༔ ཚེ་ཆང་ལ་བརྟེན་ནས་ཚེ་བསྲིང་ཐབས༔ དུ་མ་ཞིག་མཛད་དེ༔ དེ་འདྲ་རེ་རེ་ལ་ཡང་ཕན་ཡོན་དཔག་ཏུ་མེད་པ་ཡོད་ཅིང་༔ དེ་ཐམས་ཅད་ད་རེས་ཀྱི་ཚེ་དབང་འདི་ལ་


CMR008_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བས༔ རང་ལུས་ལྕགས་མཁར་དུ་ཚུད་ཅིང་ལྕགས་སྲོག་སྒྲུབ་པ་ལྟ་བུ་ཡིན་ཏེ༔ དོན་དེ་རྣམས་ལ་དགོངས་ནས་ཚེ་དབང་འདི་ཡི་མཇུག་གི་ཡིག་ཆུང་ལས༔ ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོ་ཞེས་བྱ་བ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས༔ ཤར་ཕྱོགས་མཱ་ར་ཏི་ཀའི་བྲག་ཕུག་ཏུ༔ མགོན་པོ་ཚེ་དཔག་མེད་ལ༔ ཚེ་ཡི་སྒྲུབ་ཐབས་བྱེ་བ་འབུམ་ཕྲག་ཞུས་པ་ལ་བརྟེན་ནས༔ ཁ་བ་ཅན་དུ་ཚེ་སྒྲུབ་ལྔ་བརྒྱ་རྩ་གཅིག་སྦས་པའི་ནང་ནས༔ འདི་སྙིང་པོ་ལྟ་བུ་ཡིན་ནོ༔་སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ དེ་ལྟར་བདག་མདུན་བུམ་པ་གཏོར་མ་དང་༔ ཚེ་རིལ་ཆང་ངམ་ཉི་ཟླ་གཟའ་སྐར་དང་༔ རྡོ་རྗེ་བྲག་གི་རི་བོ་ལྷུན་ཆགས་དང་༔ གངས་རི་འགྱུར་མེད་གཡུ་མཚོ་གཏན་འཁྱིལ་དང་༔ དེ་སོགས་གང་ལ་བརྟེན་ནས་སྒྲུབ་ཀྱང་རུང་༔ རེ་རེའི་ཕན་ཡོན་བརྗོད་པར་མི་ནུས་ཏེ༔ ཀུན་དྲིལ་རང་ལུས་ལྕགས་ཀྱི་ཕོ་བྲང་ཆེ༔ ཞེས་གསུངས་སོ༔ དེ་ཡང་ཨོ་རྒྱན་རིན་པོ་ཆེས་དུས་དེང་སང་ལུང་བསྟན་པའི་སྐབས་སུ༔ ཚེ་ལོ་བཞི་བཅུ་ཁ་རལ་སུམ་ཅུ་ལ་ཉེ་བའི་དུས་ཡན་པར་གསུངས་ཤིང་།


CMR008_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ནང་ནས་ཀྱང་སྐྱེས་པ་རྣམས་ཚེ་ཐུང་བར་ལུང་བསྟན་ཏེ༔ སྐྱེས་པ་རྣམས་ཚེ་ཐུང་བས་མོ་རིགས་མའི་ཁྱུ་ཆེ༔ ཞེས་དང་༔ རྟ་ཕག་གསང་བའི་ལུང་བསྟན་ནས༔ ཟབ་ཆོས་འདིའི་དུས་མཚུངས་འགྲོ་དོན་ནི༔ བཞི་བཅུ་ཁ་རལ་ཡང་མཐའི་དུས་དང་མཉམ༔ ཞེས་དང་༔ བསོད་ནམས་སྙིགས་མ་འཁྲུག་རྩོད་མང་༔ དུས་ཀྱི་སྙིགས་མ་ལོ་ཉེས་མང་ཚེ་ཡི་སྙིགས་མ་དུས་མིན་འཆི༔ ཞེས་དང་༔ མཐའ་མི་དབུས་འཇོམས་རིམ་གྱིས་དེད༔ ཧོར་སོགས་དམག་སྐད་ཇེ་ཆེར་དྲག༔ ལོ་རེ་བཞིན་དུ་འུར་སྐད་ལྡིར༔ མུ་སྟེགས་བདུད་དམག་ཡང་ཡང་བྱེད༔ མི་ནད་ནོར་ནད་ཆུ་ལྟར་ཁོལ༔ བདེ་བའི་གོ་སྐབས་ཡུད་ཙམ་མེད༔ ཅེས་དང་༔ ཕྱག་དང་ཞེ་ས་དམག་ལ་བྱེད༔ བློ་གཏད་ཧོར་གྱི་དམག་ལ་འཇུག༔ རང་ནོར་གཞན་གྱིས་ཧབ་ཐོབ་བྱེད༔ ཅེས་སོགས། ལུང་བསྟན་རྒྱས་པར་གསུངས་ནས༔ དུས་དེའི་དུས་སུ༔ ལྷ་གཞན་གྱི་ཐུགས་རྗེ་རྡུགས༔ ཆོས་གཞན་གྱི་བྱིན་རླབས་ཡལ༔ སངས་རྒྱས་ཀྱི་བསྟན་པ་ནི་འགྲིབ་མཁའ་འགྲོ་ཆོས་སྐྱོང་རི་རབ་ལ་ཞལ་ཕར་གཟིགས༔ བདུད་དང་ལྷ་སྲིན་སྡེ་བརྒྱད་ཁ་འཕྱུར་བའི་དུས་འདིར༔ ཨོ་རྒྱན་


CMR008_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ཐུགས་རྗེ་ཆེ༔ གཏེར་ཆོས་ཟབ་མོ་འདི་རྣམས་བྱིན་རླབས་ཆེ་བར་ཡིན་ཏེ༔ ལུང་བསྟན་ལས༔ དེ་འདྲའི་དུས་ཀྱི་ཐ་མ་ལ༔ ཟབ་ཆོས་འདི་སྤྱོད་ངོ་མཚར་ཆེ༔ དབང་ལུང་ཐོབ་པ་ཙམ་གྱིས་ཀྱང་༔ ཕལ་ཆེར་རང་བཞིན་གྲོལ་བར་འགྱུར༔ ཞེས་གསུངས་སོ༔ ཚེ་འདི་ཡི་འགྲོ་དོན་འབྱུང་ལུགས་ལུང་བསྟན་ཡང་༔ ཆོས་བདག་གི་རྩ་བ་པཎ་ཆེན་བི་མ་ལའི་མི་ཏྲའི་སྤྲུལ་པ༔ དྭགས་པོ་ནོར་བུ་བརྒྱན་པ་དུང་དཀར་རས་ཆེན༔ ཆོས་བདག་སྡོང་པོ་ལྟ་བུའི་ཞྭ་དམར་ནག་གཉིས༔ ཡལ་ག་ལྟ་བུའི་ཆོས་བདག་བརྒྱད༔ མེ་ཏོག་ལྟ་བུའི་ཆོས་བདག་ལས་ཅན་ལྔ༔ འབྲས་བུ་ལྟ་བུའི་ལྔ་རྣམས་འབྱུང་སྟེ༔ ལུང་བསྟན་འོད་ཀྱི་མེ་ལོང་ལས༔ ཆོས་བདག་ནོར་མེད་མཁའ་འགྲོའི་ལུང་བསྟན་འགྱུར༔ རྩ་བ་གཅིག་ལ་སྡོང་པོ་གཉིས་ཡལ་ག་བརྒྱད༔ མེ་ཏོག་འབྲས་བུ་ལྔ་ལྡན་རྒྱས་པར་འགྱུར༔ ཞེས་སོགས་རྒྱས་པར་ལུང་བསྟན་ཏོ༔ དེ་ལས་བརྒྱུད་ནས་འགྲོ་དོན་འབྱུང་ཚུལ་ཡང་༔ ལུང་འཛིན་སྐྱེས་བུ་རྣམས་ཀྱིས་མང་དུ་འཕེལ༔ ཚེ་གཅིག་གྲུབ་ཐོབ་སུམ་ཅུ་རྩ་བརྒྱད་འབྱུང་༔ ཕྱིར་མི་ལྡོག་པ་བརྒྱད་དང་རྩ་བརྒྱད་འབྱུང་༔ ལམ་སྣ་


CMR008_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་སྟོང་དང་ཁྲི་ཕྲག་ལ༔ འབྲེལ་ཐོགས་བྱེ་བ་གསུམ་དང་འབུམ་ཕྲག་འབྱུང་༔ དེ་ནས་མ་གཅིག་ལྗཀི་སེང་ཧ་ཡིས༔ བོད་ཡུལ་འདི་ན་ཆོས་འདིའི་དཔེ་མི་བཞག༔ ཨོ་རྒྱན་མཁའ་འགྲོའི་གླིང་དུ་གདན་འདྲེན་ནོ༔ ཞེས་གསུངས་སོ༔ དེས་ན་དེང་སང་ཚེ་ལོ་སུམ་ཅུ་ཁ་རལ་གྱི་དུས༔ ཚེ་ཤིན་ཏུ་ཐུང་བའི་དུས་འདིར༔ ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་འདི་ཐོབ་ན༔ ཚེའི་བར་ཆད་ཐམས་ཅད་སེལ་བར་གསུངས་ཏེ༔ ཚེ་དབང་འདི་ཡི་མཇུག་གི་ཡིག་ཆུང་ལས་ཨེ་མ་ཧོ༔ དེ་ལྟར་སྒྲུབ་པའི་ཕན་ཡོན་ནི༔ རྐྱེན་ངན་བར་ཆད་ཐམས་ཅད་བཟློག༔ ཚེ་དུས་ཟད་པའི་མི་ཡིན་ཀྱང་༔ ཚངས་པའི་ཚེ་དང་མཉམ་པར་འགྱུར༔ འཆི་བ་རྣམ་པ་བརྒྱད་མི་འབྱུང་༔ ལས་འཕྲོ་ལྡན་པར་ཉི་ཟླའི་ཚེ༔ རྡོ་རྗེ་གཡུང་དྲུང་ལྟ་བུ་ཡི༔ ཚེ་ཡི་རིག་འཛིན་ཨེ་མ་ཧོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་གསུངས༔ ཉང་བན་ཞུས་ལེན་མཇུག་ནས་ཀྱང་༔ ཚེ་དང་བསོད་ནམས་ལ་སོགས་འབྱོར་པ་དྲུག་ཏུ་འགྱུར༔ ཞེས་དང་༔ ཚེ་ཟད་པ་དང་ཉམས་པ་ཡང་གསོ་ནུས༔ ཞེས་སོགས་རྒྱ་ཆེར་གསུངས་སོ༔ དེ་ལྟ་བུའི་བྱིན་རླབས་དང་ལྡན་པའི་ཚེ་དབང་ཟབ་


CMR008_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཞུ་བའི་ཐོག་མར་མཎྜལ་ཕུལ༔ ས་གཞི་སྤོས་སོགས། དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་དོན་དུ་གསོལ་བ་གདབ་པས༔ དེ་མདུན་གྱི་དབང་རྫས་རྣམས་གུ་རུ་པདྨ་འོད་འབར་དུ་གསལ་བའི་དྲུང་དུ་སྐྱབས་འགྲོ་སེམས་བསྐྱེད་ཞུ་སྙམ་པས་འདིའི་རྗེས་ཟློས་མཛོད༔ ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔་རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ གསུམ་མམ་གཅིག༔ ད་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས༔ ཨེ་མ་ཧོ༔ དཀོན་མཆོག་སྤྱི་འདུས་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོས་རྗེས་སུ་བཟུང་༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ གསུམ། དེ་ལྟར་གསོལ་བ་བཏབ་པས་གུ་རུ་པདྨ་འོད་འབར་གྱིས་བཀའ་ཡི་གནང་བ་འདི་ལྟར་བྱིན་པའི་མོས་པ་མཛོད༔ དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དཀྱིལ་འཁོར་གཞུག་ཅིང་སྨིན་པར་བྱའོ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་རྣམས་ལ་སྨྲ་མི་རུང་༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ དེང་


CMR008_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས༔ ཨོཾ་བཛྲ་རཀྵ་སི་ཧཱུྃ༔ ས་མ་ཡ༔ ཨི་དན་ཏེ་ན་ར་ཀན༔ དེ་ནས་ལས་བུམ་གྱི་ཆུས་སློབ་མ་བྲན་ལ༔ ད་ཁྱེད་རང་རྣམས་གུ་རུ་པདྨ་འོད་འབར་གྱི་སྐུ་འདི་ལྟར་སྒོམས་ཤིག༔ ཧཱུྃ༔ སློབ་མའི་ངོ་བོ་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྡན་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊཾ་གཡོན་ན་འཁྲིལ༔ ཕོད་ཁ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེས་རབ་བརྒྱན་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་པའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔་གསལ་སྟོང་ཐུགས་རྗེས་འོད་ཟེར་ཀུན་ལ་སྙོམས༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཞེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ༔


CMR008_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ་འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟ་བུ་དཔག་ཏུ་མེད་པ་སྤྱན་དྲངས༔ སློབ་མ་ལ་སིབ་སིབ་ཐིམ་པར་གྱུར་པར་སྒོམས༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེལ་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ བར་སྔགས་ལན་གསུམ་བརྗོད༔ སྤོས་དང་རོལ་མོ་བྱ༔ ཡེ་ཤེས་པ་དེ་བརྟན་པར་གྱུར་པའི་མོས་པ་མཛོད་ཅིག༔ ཏིཥྛ་བཛྲ༔ རྡོ་རྗེ་སྤྱི་བོར་བཞག་འདིའི་དབང་མང་དུ་བསྐུར་ན་དེ་ཡན་དང་པོ་གཅིག་


CMR008_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་རྒྱུན་དུ་མི་དགོས༔ ད་ཚེ་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས༔ ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་འདྲེན་པའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ་མམ་གཅིག༔ དེ་ནས་སྨོན་ལམ་འདིའི་རྗེས་ཟློས་མཛོད༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ལན་གཅིག་གམ་གསུམ་བྱའོ༔ ད་བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པ་ལ་ནང་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་དབུས་སུ༔ པདྨ་དང་ཟླ་བའི་གདན་ལ་ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་ཏུ་མེད་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་ཕྱག་གཡོན་བྷནྡྷའི་ནང་དུ་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ་དེའི་དཔྲལ་བར་ཨོ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་ཨཱཡིག་ལས་པདྨ་དམར་པོ་ཨཱས་མཚན་པ༔ ཐུགས་


CMR008_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ༔ ལྟེ་བར་ཧཱུཾ་ལས་རིན་པོ་ཆེ་སེར་པོ་སཱུས་མཚན་པ༔ གསང་བར་ཧཱ་ལས་སྣ་ཚོགས་རྡོ་རྗེ་ཧཱས་མཚན་པ་དེ་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་ནམ་མཁའ་གང་བར་འཕྲོས༔ འཁོར་འདས་སྣོད་བཅུད་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་བསྡུས་ཁྱད་པར་དུ་འོད་ཟེར་དཀར་པོ་ལྕགས་ཀྱུ་ལྟ་བུ་ཤར་ཕྱོགས་སུ་འཕྲོས་པས༔ ཤར་ཕྱོགས་དྲི་ཟའི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ༔ སྣུམ་ལ་འདྲིལ་བ་ཡི་གེ་ནི་ཡིག་ལྗང་གུས་མཚན་པ་དཔག་ཏུ་མེད་པ་བསྡུས་ཏེ༔ སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ལུས་ལ་སིབ་སིབ་ཐིམ་དེ་བཞིན་དུ་འོད་ཟེར་སེར་པོ་ཞགས་པ་ལྟ་བུ་ལྷོ་ཕྱོགས་སུ་འཕྲོས་པས་ལྷོ་ཕྱོགས་གཤིན་རྗེའི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས། འོད་ཟེར་དམར་པོ་ལྕགས་སྒྲོག་ལྟ་བུ་ནུབ་ཕྱོགས་སུ་འཕྲོས་པས་ནུབ་ཕྱོགས་ཀླུ་བདུད་ཀྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས། འོད་ཟེར་ལྗང་གུ་དྲིལ་བུའི་དབྱིབས་ཅན་བྱང་ཕྱོགས་སུ་འཕྲོས་པས་བྱང་ཕྱོགས་གནོད་སྦྱིན་གྱི་ལག་ཏུ་ཚེ་འཁྱམས་པ་ཡར་


CMR008_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས། འོད་ཟེར་མཐིང་ག་སྟེང་ཕྱོགས་སུ་འཕྲོས་པས། ཚངས་པ་ལ་སོགས་གཟུགས་ཁམས་ཀྱི་ལྷ་དང་བརྒྱ་བྱིན་ལ་སོགས་པ་འདོད་ཁམས་ཀྱི་ལྷ་དེ་སྟེང་ཕྱོགས་ལྷའི་བུའི་བདུད་དང་གཟའ་དང་རྒྱུ་སྐར་གྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས། ཡང་འོད་ཟེར་ཁ་དོག་སྣ་ཚོགས་འོག་ཕྱོགས་སུ་འཕྲོས་པོས་དགའ་བོ་འཇོག་པོ་ཀླུ་གཉན་ས་བདག་ལ་སོགས་ཐམས་ཅད་ཀྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ། ཚྭ་ཡིག་ལྗང་གུས་མཚན་པ་དཔག་ཏུ་མེད་པ་བསྡུས་ཏེ། སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ་པས། བླ་ཚེ་སྲོག་དབུགས་ཉམས་པ་ཐམས་ཅད་སོར་ཆུད་དེ་འཆི་བ་མེད་པའི་ཚེ་དང་རྡོ་རྗེ་ལྟ་བུའི་སྲོག་ཐོབ་སྟེ་བཀྲག་མདངས་འོད་དུ་འབར་བར་སྒོམས་ཤིག༔ ཧཱི༔ ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧཱུྃ༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་


CMR008_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་གདོན་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུཥ་ཧཱུཾ་ནི་ཛ༔ ཞེས་མདའ་དར་གཡུག་ཕྱོགས་དང་དམིགས་པ་བསྣུན་ཅིང་གཡབ་བོ༔ འོ་དེས་ཚེ་ཡར་བ་འགུགས་པ་སོང་ནས་མདུན་བསྐྱེད་ཚེ་གཏོར་ལ་བརྟེན་ནས་དབང་བསྐུར་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག༔ ཚེ་གཏོར་འདི་ཉིད་གུ་རུ་པདྨ་འོད་འབར་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལ་ཚེའི་སྔགས་ཀྱིས་གཡས་སུ་བསྐོར་བ་ལས་འོད་ཟེར་དཀར་སེར་དམར་ལྗང་དཔག་ཏུ་མེད་པ་ནམ་མཁའ་གང་བར་འཕྲོས་པས་ས་ཡི་བཅུད་ཐམས་ཅད་སེར་པོ་གསེར་ལྟ་བུ་ཆུའི་བཅུད་ཐམས་ཅད་དཀར་པོ་ཤེལ་ལྟ་བུ་མེ་ཡི་བཅུད་ཐམས་ཅད་པདྨ་རཱ་ག་


CMR008_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་རླུང་གི་བཅུད་ཐམས་ཅད་ལྗང་ཁུ་ཨིནྡྲ་ནཱི་ལ་ལྟ་བུ་ནམ་མཁའི་བཅུད་ཐམས་ཅད་བེཌཱུརྱ་ལྟ་བུ་བསྡུས་ཕྱག་གི་བུམ་པ་དང་བྷནྡྷར་ཞུགས་འཆི་བ་མེད་པའི་བདུད་རྩིར་གྱུར༔ ཚེ་གཏོར་སྤྱི་བོར་བཞག་པའི་ཚེ༔ བྷནྡྷ་དང་བུམ་པ་ནས་བདུད་རྩིས་རྒྱུན་བབས་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་པས་རྩ་དབུ་མའི་ནང་བརྒྱུད་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་སྙིང་ག་ཆོས་ཀྱི་འཁོར་ལོ་ལྟེ་བ་སྤྲུལ་པའི་འཁོར་ལོ་གསང་གནས་བདེ་སྐྱོང་གི་འཁོར་ལོ་སྤྱི་གཙུག་མན་ཆད་རྐང་མཐིལ་ཡན་ཆད་འཆི་མེད་བདུད་རྩིས་ལྟེམ་གྱིས་གང་ནས་ནད་གདོན་ཆེ་ཡི་བར་ཆད་ཐམས་ཅད་འོག་སྒོ་དང་རྐང་མཐིལ་བ་སྤུའི་བུ་ག་ནས་ནག་ཉིལ་གྱིས་ཕྱིར་ཐོན་ཤ་དང་ཁྲག་དང་དྲོད་དང་དབུགས་དང་སེམས་ཀྱི་ཚེ་ཉམས་པ་ཐམས་ཅད་སོར་ཆུད་དེ༔ ས་ཡི་ཡོན་ཏན་ཐམས་ཅད་རྫོགས་པས་ལུས་སྲ་ཞིང་བརྟན་པ་རྡོ་རྗེ་ཕ་ལམ་ལྟ་བུ༔ ཆུའི་ཡོན་ཏན་རྫོགས་པས་ལུས་སྣུམ་ཞིང་བག་དྲོ་བ་མར་སར་ཉི་མས་དྲོས་པ་ལྟ་བུ༔ མེའི་ཡོན་ཏན་རྫོགས་པས་ལུས་གསལ་ཞིང་བཀྲག་མདངས་དང་ལྡན་པ་སྤྲིན་མེད་པའི་ཉི་མ་ལྟ་བུ༔ རླུང་གི་ཡོན་ཏན་རྫོགས་པས་ལུས་ཡངས་ཤིང་དཔའ་རྩལ་དང་ལྡན་པ་


CMR008_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལྡིང་གི་རྒྱལ་པོ་ལྟ་བུ༔ སེམས་ཀྱི་ཡོན་ཏན་རྫོགས་པས་སེམས་ལ་ཟུག་རྔུ་མེད་པ་དགེ་སློང་བསམ་གཏན་བཞི་ལ་སྙོམས་པར་ཞུགས་པ་ལྟ་བུར་གྱུར་ཏེ༔ ཚེ་དང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ༔ ལུས་ཀྱི་སྟོབས་དང་རྩལ་དང་ཡོན་ཏན་ཐམས་ཅད་རྒྱས་ཏེ་འཆི་མེད་རྡོ་རྗེའི་ཚེ་ཐོབ་པའི་མོས་པ་མཛོད༔ ཧྲཱི༔ བུམ་པའི་ངོ་བོ་པདྨ་འོད་འབར་བཞུགས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ས་ཆུ་མེ་རླུང་བཅུད་རྣམས་རང་མདོག་གསལ༔ ཤ་ཁྲག་དྲོད་དབུགས་ཉམས་པ་སོར་ཆུད་ནས༔ སླར་ཡང་ཟླ་བ་ཡར་ངོ་ཇི་བཞིན་ཏུ༔ སྟོབས་རྩལ་ཡོན་ཏན་ཚེ་ཡི་དབང་ཐོབ་ཤོག༔ ཚེ་གཏོར་མགོར་བཞག་ལ༔ ཨོཾ་ཨཱ༔ཧཱུྃ་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཉང་བན་ཏིང་འཛིན་བཟང་པོ། སྔགས་འཆང་ཧཱུྃ་ནག་མེ་འབར། ལས་ཅན་ཆོས་ཀྱི་བདག་པོ། རྩ་བ་ནོར་བུ་བརྒྱན་པ། སྡོང་པོ་ཞྭ་དམར་ནག །ཡལ་ག་སེམས་དཔའ་མི་བརྒྱད། མེ་ཏོག་ལྟ་བུ་ལྔ། འབྲས་བུ་ལྟ་བུ་ལྔ། གྲུབ་ཐོབ་སུམ་ཅུ་རྩ་བརྒྱད། ཕྱིར་


CMR008_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡོག་གི་ས་ཐོབ་པ་བརྒྱད་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་ཁྱད་པར་དུ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་འཁོར་དཔའ་བོ་མཁའ་འགྲོ་རིག་འཛིན་བྱེ་བ་འབུམ་དང་བཅས་པ་ཐམས་ཅད་ཀྱིས། གུ་རུ་པདྨ་འབྱུང་གནས་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ལ། འཆི་བ་མེད་པ་ཚེ་ཡི་དབང་བསྐུར་བར་མཛད་དུ་གསོལ། ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་མཛོད་ཅིག༔་ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་མཛོད་ཅིག༔ ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་མཛོད་ཅིག །འཆི་བ་མེད་པ་ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས་ཤིག༔ ཨོཾ་ཨཱཿཧཱུྃ་བཛྲ་སོགས་སྙིང་པོ་གསུམ་མམ་གཅིག་བརྗོད༔ ད་བུམ་པ་ལ་བརྟེན་ནས་ཚེ་བསྲིང་བ་ནི། བུམ་པའི་དབུས་སུ་གུ་རུ་པདྨ་འོད་འབར་བཞུགས་པའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ནམ་མཁའ་གང་བར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་རབ་འབྱམས་རྣམས་དང་། རིགས་གསུམ་མགོན་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་ན་ཡང་མངའ་ཐང་བསོད་ནམས་ལོངས་སྤྱོད་ཅན་ཚངས་པ་དང་དབང་ཕྱུག་ལ་སོགས་པ་ལྷ་ཚེ་རིང་བ་རྣམས་དང་། །


CMR008_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱི་རྒྱུ་དང་ནོར་རྒྱས་ལ་སོགས་ཀླུ་ཚེ་རིང་པོ་རྣམས་དང་། གསེར་གྱི་འཁོར་ལོས་འཇིག་རྟེན་ན་ཡང་བསྒྱུར་བ་ལ་སོགས་མི་ཚེ་རིང་པོ་རྣམས་དང་། རྣམ་ཐོས་ཀྱི་བུ་ལ་སོགས་མངའ་ཐང་བསོད་ནམས་ལོངས་སྤྱོད་ཅན་རྣམས་ཀྱི་ཚེ་དང་བསོད་ནམས། ཟག་བཅས་འཇིག་རྟེན་ཁམས་ཀྱི་ཚེ་བསོད་ནམས། ཟག་མེད་འཕགས་པ་བཞིའི་སྐུ་དང་ཚེ་དང་བསོད་ནམས། མཁའ་འགྲོ་ཆོས་སྐྱོང་འཇིག་རྟེན་སྐྱོང་བ་རྣམས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་བུམ་པར་ཞུགས། འཆི་མེད་ཀྱི་བདུད་རྩིར་གྱུར༔ བུམ་པ་སྤྱི་བོར་བཞག་པས་བདུད་རྩི་བུམ་པའི་ཁ་ནས་ལྷུད༔ སྤྱི་བོ་ཚངས་པའི་བུ་གར་ཞུགས༔ ལུས་འཆི་མེད་ཚེ་ཡི་བདུད་རྩིས་ལྟེམ་གྱིས་གང་༔ ལྕགས་ལ་གསེར་འགྱུར་གྱི་རྩིས་རེག་པ་ལྟར་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ བུམ་པའི་བདུད་རྩི་པདྨ་འོད་འབར་བཞུགས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ རྒྱལ་བ་རབ་འབྱམས་རིགས་གསུམ་མགོན་པོ་དང་༔ འཇིག་རྟེན་ལོངས་སྤྱོད་བསོད་ནམས་མངའ་ཐང་ཅན༔ ཟག་བཅས་ཟག་མེད་མཐུ་སྟོབས་ནུས་པ་ཀུན༔


CMR008_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དེང་འདིར་བུ་ལ་ཚེ་ཡི་དབང་ཐོབ་ཤོག༔ སྙིང་པོ་བརྗོད་ཅིང་བུམ་པ་མགོར་བཞག་བུམ་ཆུ་སྦྱིན༔ ཆུ་ཡི་ལྷག་མ་ཡར་ལུད་པ་ལས༔ འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར༔ ད་ཚེ་རིལ་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ སྔོན་རྒྱལ་པོ་གཙུག་ལག་འཛིན་དང་༔ ཡངས་པ་ཅན་གྱི་བུ་མོ་སོགས་ཀྱིས་བྲམ་ཟེའི་ཤའི་རིལ་བུ་ཟོས་པས༔ འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པ་ལྟར༔ རིལ་བུ་འདི་ཚེ་དཔག་ཏུ་མེད་པ་སྐུ་ཆུང་ལ་ཡན་ལག་དོད་པ༔ ཁ་ཤར་གྱི་སྒོ་ནས་ཐོན༔ སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་དུ་དུས་རྟག་ཏུ་བཞུགས་པར་སྒོམས་ཤིག༔ ཧཱི༔ སྔོན་བྱོན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྒྲུབ་རྫས་རིལ་བུ་འདི་ལ་བརྟེན་ནས་མཛད༔ གུ་རུའི་བྱིན་རླབས་རིལ་བུར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་ཟས་སུ་སྦྱིན༔ དམ་རྫས་མ་སྤང་བཅུད་ལེན་སྙིང་པོར་སྤྱོད༔ ཟ་ཐང་ལོངས་སྤྱོད་ཚེ་ཡི་དབང་ཐོབ་ཤོག༔ ཚེ་རིལ་སྦྱིན་སྙིང་པོ་བརྗོད༔ ད་ཚེ་ཆང་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ སྔོན་གྲུབ་ཆེན་བྱ་རི་ཀ་པ་དང་༔ ཨརྱ་དེ་ཝ་སོགས་ཀྱིས་ཚེ་ཆུ་ལ་བརྟེན་ནས་འཆི་མེད་ཚེ་འགྲུབ་པ་ལྟར་ཨོ་རྒྱན་ཚེ་དཔག་ཏུ་མེད་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩི་འདི་འཐུང་བས་འཆི་མེད་


CMR008_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡི་དངོས་གྲུབ་དང་ནད་མེད་བདེ་བའི་ལང་ཚོ་རྒྱས་རྒས་མེད་བཅུ་དྲུག་གི་གཞོན་ཤ་དང་ལྡན་པར་སྒོམས་ཤིག༔ ཧྲཱི༔ སྔོན་བྱོན་དྲང་སྲོག་རིག་འཛིན་ཐམས་ཅད་ཀྱིས༔ ཚེ་སྒྲུབ་བདུད་རྩི་འདི་ལ་བརྟེན་ནས་མཛད༔ རྒྱལ་བའི་བྱིན་རླབས་བདུད་རྩིར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་སྒོམ་དུ་སྦྱིན༔ ཕྱི་ནང་བྱང་སེམས་ཁམས་རྣམས་འཕེལ་ཞིང་རྒྱས༔ བདེ་དྲོད་རང་འབར་ཚེ་ཡི་དབང་ཐོབ་ཤོག༔ སྙིང་པོ་བརྗོད༔ ཚེ་ཆང་སྦྱིན༔ དེ་ལྟར་ཚེ་དབང་བསྐུར་ནས་དེ་མི་ཉམས་ཤིང་བར་ཆད་མི་འཇུག་པའི་ཕྱིར་སླར་ཡང་བསྲུང་བའི་གོ་བསྒོ་བ་ནི༔ མདུན་བསྐྱེད་པདྨ་འོད་འབར་གྱི་སྐུ་ལས་སྣ་ཚོགས་རྡོ་རྗེ་ཕྲ་མོའི་ཆར་བབས་པས་ཁྱེད་རང་གི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་ནས། འོད་འཁྱིལ་ལི་ལི་བྱེད་པར་སྒོམས་ཤིག༔ ཚེ་ནས་གཏོར་ཞིང་༔ ཨོཾ་བཛྲ་རཀྵ་རཀྟ་ཧཱུྃ༔ ཞེས་བརྗོད༔ དེ་ནས་ཚེ་ཡི་དབང་བསྐུར་བ་དེ་མི་ཉམས་ཤིང་བརྟན་པར་བྱ་བའི་ཕྱིར་རྒྱས་འདེབས་ནི༔ ཁྱེད་རང་གི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་ཡིག་གིས་མཚན་པས་རྒྱས་གདབ༔ ལྗགས་སྟེང་དུ་ཨཱཿལས་པདྨ་དམར་པོ་ཨཱཿཡིག་གིས་མཚན་པས་རྒྱས་


CMR008_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གདབ༔ སྙིང་གའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པས་རྒྱས་གདབ། ལྟེ་བའི་རྩ་མདུད་དུ་སཱ་ལས་རིན་པོ་ཆེ་སེར་པོ་སྭཱ་ཡིག་གིས་མཚན་པས་རྒྱས་གདབ། གསང་གནས་སུ་ཧཱ་ལས་སྣ་ཚོགས་རྡོ་རྗེ་ཧཱཡིག་གིས་མཚན་པས་རྒྱས་གདབ། ཐུགས་ཀར་ཧཱུཾ་གི་ནང་དུ་སྲོག་མི་འགྱུར་བའི་ངོ་བོ་ཨ་དཀར་པོ་དེའི་ནང་དུ་སྲོག་གི་ས་བོན་གྱི་ངོ་བོ་ནི་ཡིག་ལྗང་གུ་བཀྲག་མདངས་འོད་དུ་འབར་བ་དེ་ལ་ཚེ་ཡི་བཅུད་ཐམས་ཅད་འདུས་ནས་ཚེ་འགྱུར་མེད་དུ་རྒྱས་གདབ་པར་སྒོམས་ཤིག༔ མདའ་དར་གཡབ་ཅིང་༔ ཧཱུྃ༔ དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་བ་ཡེ་ཤེས་བཞི་ཡི་རྒྱ༔ ལྔ་པ་རིགས་ལྔའི་སངས་རྒྱས་རྒྱ༔ དྲུག་པ་བཅོམ་ལྡན་ཐུབ་དྲུག་རྒྱ༔ བདུན་པ་སངས་རྒྱས་རབ་བདུན་རྒྱ༔ ཕྱག་རྒྱ་བདུན་གྱིས་རྒྱས་གདབ་བོ༔ ཞེས་རྒྱས་གདབ༔ སྤྲོ་ན་མེ་ཏོག་འཐོར་ཞིང་༔ ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ལས་བྱང་ལས་


CMR008_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྩའབྱུང་བ་ལྟར་བཀྲ་ཤིས་བརྗོད༔ འོ་དེས་གུ་རུ་པདྨ་འོད་འབར་གྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་རྒྱས་པར་ཐོབ་པ་ཡིན་པས་ཨུ་རྒྱན་ཚེ་དཔག་མེད་ཡི་དམ་གྱི་ལྷར་འཛི་པས་འདིའི་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་བསྩལ་པ༔ སོགས། དེང་ནས་བརྩམས་ཏེ་སོགས། མཎྜལ་ཕུལ༔ དེ་ལྟ་བུར་ཚེ་སྒྲུབ་ཏུ་བདག་འཇུག་ལེན་ནམ༔ གཞན་ལ་དབང་བསྐུར་བ་སོགས་ལ་དམིགས་པ་ལྟར༔ ༧ ཅེས་པ་འདི་བླ་མ་བརྩོན་འགྲུས་རྒྱ་མཚོས་བསྐུལ་བ་ཤིང་ཕོ་འབྲུག་གི་ལོ་མགོ་ཟླ་བའི་དམར་པོའི་ཚེས་གཅིག་ནུབ༔ ༧ རཱ་ག་ཨ་སྱས་སྦྱར་བའི་ཡི་གེ་པ་ནི་ཀརྨ་བིརྱ་སཱ་ག་རའོ༔་སརྦ་མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousབཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་ཟིན་བྲིས།next