Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
དཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང་བསྐུར་བའི་དབང་བཤད་རྩེ་ལེས་མཛད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང་བསྐུར་བའི་དབང་བཤད་རྩེ་ལེས་མཛད་པ།next

དཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང་བསྐུར་བའི་དབང་བཤད་རྩེ་ལེས་མཛད་པ།


CMR008_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང་བསྐུར་བའི་དབང་བཤད་རྩེ་ལེས་མཛད་པ་བཞུགས་སོ།།


CMR008_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དབང་རྐྱང་པ་བསྐུར་བ་ནི། དབང་རྫས་བུམ་པ། ཚེ་ཆང་།་ཐོད་པ། ཚེ་རིལ། མདའ་དར་རྣམས་མ་གཏོགས་དབང་རྫས་གཞན་རྣམས་མི་དགོས་ལ། དཀྱིལ་འཁོར་གྱི་དབུས་སུ་ཚེའི་དབང་རྫས་རྣམས་དང་མཐའ་སྐོར་དུ་གཏོར་མཆོད་སོགས་བཤམས་ནས། ལས་གཞུང་བསྲང་ཞིང་འཛབ་ཀྱི་སྐབས་སུའམ། ཚེ་འཛབ་ཁོ་ན་བཟླ་བར་བྱ། དེ་ནས་དབང་གྲལ་ཚོགས་པ་རྣམས་ལ་བགེགས་བསྐྲད། སྲུང་འཁོར་ཁྲུས་ཆོག་སོགས་ནི་སྤྱི་དང་མཐུན་པར་རྒྱས་བསྡུས་གང་འོས་དང་། ཆོས་བཤད་ནི། ཚེའི་དམིགས་པ་བཞིན་སྤྱད་པ་དང་། ཤིན་ཏུ་བསྡུས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ནས་གསན་འཚལ། དེའང་འོ་སྐོལ་འགྲོ་བ་སེམས་ཅན་ཐམས་ཅད་


CMR008_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་ཐ་མ་འཆི་བ་ལས་མ་འདས་ཤིང་། གླིང་གཞན་གྱི་མི་རྣམས་དང་འདོད་ཁམས་གཟུགས་ཁམས་ཀྱི་ལྷ་སོགས་ལ་ཚེ་ཚད་ངེས་ཅན་དུ་ཡོད་ཀྱང་། རང་ཅག་འཛམ་བུ་གླིང་པ་རྣམས་ནི་ཚེ་ཚད་ལ་ངེས་པ་མེད་པ་དང་། སོ་སོ་ལ་ཚེ་ཡི་དབང་སྐལ་ཇི་ཙམ་ཡོད་པ་དེ་ཉིད་གློ་བུར་གྱི་རྐྱེན་གྱིས་བསྐྱོད་པའི་ཆེ་ཉམས་པ། གུད་པ། ཡར་བ། འཐོར་བ། འཁྱེར་བ་ལ་སོགས་པའི་དབང་དུ་སོང་ན། དུས་མིན་གློ་བུར་དུ་འཆི་བར་འགྱུར་ཕྱིར། ཚེ་བསྲིང་བའི་ཐབས་གལ་ཆེ་བ་དང་། དེའི་ཐབས་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཡོད་མོད་ཀྱང་། མདོར་བསྡུ་ན་རྒྱུ་


CMR008_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གཉིས་ལ་འདུས་ཏེ། རྒྱུ་ནི་སྐྱེ་འགྲོ་གཞན་གྱི་སྲོག་བཅད་པའི་འབྲས་བུ་ཡང་རང་ཉིད་ཚེ་ཐུང་བར་འགྱུར་བ་ནི་བསླུ་མེད་ཀྱི་རྒྱུ་འབྲས་ཡིན་ཕྱིར། དེའི་གཉེན་པོར་སྲོག་གཅོད་སྤང་ཞིང་ཚེ་ཐར་སྲོག་བསླུ་སོགས་དཀར་ཕྱོགས་དགེ་བའི་ལས་ལ་བརྩོན་དགོས་པ་དང་། རྐྱེན་གྱི་སྒོ་ནས་ཚེ་བསྲིང་བའི་ཐབས་ནི་ལྷ་དང་བླ་མའི་བྱིན་རླབས་ལ་བརྟེན་པ་ཁོ་ན་ཐབས་ཟབ་ཅིང་ཁྱད་པར་དུ་འཕགས་པ་ཡིན་པ་དང་། དེ་ལྟ་བུའི་བྱིན་རླབས་དང་ལྡན་པ་ནི་ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད་པ། སྤྲུལ་སྐུ་པདྨ་འབྱུང་གནས་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་བསྟན་ནས། འགྲོ་བ་སེམས་ཅན་ལས་ངན་འཆི་རྐྱེན་དྲག་པོས་གཟིར་བ་རྣམས་སྡུག་བསྔལ་དེ་ལས་སྐྱོབ་པའི་ཐུགས་རྗེ་ནུས་སྟོབས་དང་ལྡན་པ་ལགས་པས་། དེས་ན་སྐབས་འདིར་འཆི་མེད་ཚེ་དབང་སྒྲུབ་པའི་དཀྱིལ་འཁོར་བདག་མདུན་ཟུང་འབྲེལ་གྱི་ལྷའི་ངོ་བོ་ཚེ་བདག་པདྨ་འབྱུང་གནས་འཁོར་བཅས་རྣམས་བྱིན་རླབས་ཀྱི་སྤྲིན་འཐིབས་། དངོས་གྲུབ་ཀྱི་མཚོ་འཁྱིལ། འཆི་མེད་ཚེའི་ཆུ་རྒྱུན་འབེབས་ཤིང་བཞུགས་པའི་དྲུང་དུ་དད་པ་མོས་གུས་རྩེ་གཅིག་བསྐྱེད་ནས་ཚེ་དབང་དངོས་གྲུབ་ཞུ་བའི་ཕྱིར།


CMR008_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་སེམས་བསྐྱེད་ཀྱི་འདུན་པ་གསལ་བཏབ་་་འདི་ཡིན་རྩེ་ལེས་གསུང་ཡིན། །པས། མདུན་གྱི་དབང་རྫས་རྣམས་གུ་རུ་པདྨ་འོད་འབར་དུ་གསལ་བའི་དྲུང་དུ་སེམས་བསྐྱེད་ཞུ་བ་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་ཀུན༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ་བྱ། ད་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ དཀོན་མཆོག་སྤྱི་འདུས་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོས་རྗེས་སུ་བཟུང་༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ གསུམ། དེ་ལྟར་གསོལ་བ་བཏབ་པས༔ གུ་རུ་པདྨ་འོད་འབར་གྱིས་བཀའ་ཡི་གནང་བ་འདི་ལྟར་བྱིན་པའི་མོས་པ་མཛོད། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་ཅིང་སྨིན་པར་བྱའོ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་རྣམས་ལ་སྨྲ་མི་རུང་༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ དེང་ཕྱིན་ཆད་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་


CMR008_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་རྗེས་ཟློས་མཛོད༔ ཨོཾ་བཛྲ་རཀྵ་སི་ཧཱུྃ༔ ཨི་དན་ན་ར་ཀན༔ ལས་བུམ་གྱི་ཆུས་སློབ་མ་བྲན་ལ། ད་ཁྱེད་རང་རྣམས་གུ་རུ་པདྨ་འོད་འབར་གྱི་སྐུ་འདི་ལྟར་སྒོམས་ཤིག །ཧྲཱི༔ སློབ་མའི་ངོ་བོ་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊཾ་གཡོན་ན་འཁྲིལ༔ ཕོད་ཀ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེས་རབ་བརྒྱན་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་བའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམས༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཞེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་


CMR008_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པས༔ ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ༔ འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་དཔག་ཏུ་མེད་པ་སྤྱན་དྲངས༔ སློབ་མ་རྣམས་ལ་སིབ་སིབ་ཐིམ་པར་བསྒོམ༔ ཧཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ་སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛསིདྡྷི་ཕ་ལ་ཧཱུྃ་ཨཱཿ སྔགས་ལན་གསུམ། ཡེ་ཤེས་པ་བརྟན་པར་གྱུར་པའི་མོས་པ་མཛོད༔ ཏིཥྛ༔ བཛྲ༔ རྡོ་རྗེ་སྤྱི་བོར་བཞག༔ འདིའི་དབང་མང་དུ་བསྐུར་ན་དེ་ཡན་དང་པོ་གཅིག་བྱས་ན་རྒྱུན་དུ་མི་དགོས། ད་ཚེ་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་


CMR008_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད༔ འགྲོ་རྣམས་མ་ལུས་སྒྲོལ་བའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། ད་སྨོན་ལམ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ལན་གཅིག་གམ་གསུམ་བྱའོ། །ད་བུམ་པ་འདི་ཕྱི་རིན་པོ་ཆེའི་བུམ་པ་ལ་ནང་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། རྒྱན་རྟ་བབས་དང་བཅས་པའི་དབུས་སུ། པདྨ་དང་ཟླ་བའི་གདན་ལ། ཨོ་རྒྱན་པདྨ་ཚེ་དཔག་ཏུ་མེད་པ། །རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི། ཕྱག་གཡོན་བྷནྡྷའི་ནང་དུ་ཚེ་བུམ་འཛིན་པ། དེའི་དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱས་མཚན་པ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། ལྟེ་བར་རིན་པོ་ཆེ་སེར་པོ་སཱུས་མཚན་པ། གསང་བར་སྣ་ཚོགས་རྡོ་རྗེ་ཧཱས་མཚན་པ། དེ་རྣམས་ལས་འོད་ཟེར་ཁ་དོག་


CMR008_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ནམ་མཁའ་གང་བར་འཕྲོས། འཁོར་འདས་སྣོད་བཅུད་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་བསྡུས། ཁྱད་པར་དུ་འོད་ཟེར་དཀར་པོ་ལྕགས་ཀྱུ་ལྟ་བུ་ཤར་ཕྱོགས་སུ་འཕྲོས་པས། ཤར་ཕྱོགས་དྲི་ཟའི་ལག་ཏུ་ཚེ་འཁྱམས་པ་ཡར་བ། བརྐུས་པ་འཕྲོག་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ། ཀྲྀ་ཡིག་ལྗང་གུས་མཚན་པ་དཔག་ཏུ་མེད་པ་བསྡུས་ཏེ་སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ། དེ་བཞིན་དུ་འོད་ཟེར་སེར་པོ་ཞགས་པ་ལྟ་བུ་ལྷོ་ཕྱོགས་སུ་འཕྲོས་པས། ལྷོ་ཕྱོགས་གཤིན་རྗེའི་ལག་ཏུ་ཚེ་འཁྱམས་པ་ཡར་བ། བརྐུས་པ། འཕྲོག་པ་ཐམས་ཅད་བསྡུས། འོད་ཟེར་དམར་པོ་ལྕགས་སྒྲོག་ལྟ་བུ་ནུབ་ཕྱོགས་སུ་འཕྲོས་པས། ནུབ་ཕྱོགས་ཀླུ་བདུད་ཀྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ། བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས། ཡང་འོད་ཟེར་ལྗང་གུ་དྲིལ་བུ་དབྱིབས་ཅན་བྱང་ཕྱོགས་སུ་འཕྲོས་པས༔ བྱང་ཕྱོགས་གནོད་སྦྱིན་གྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས༔ འོད་ཟེར་མཐིང་ཁ་སྟེང་ཕྱོགས་སུ་འཕྲོས་པས། ཚངས་པ་ལ་སོགས་གཟུགས་ཁམས་ཀྱི་ལྷ་དང་། །


CMR008_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བྱིན་ལ་སོགས་འདོད་ཁམས་ཀྱི་ལྷ་སྟེ། སྟེང་ཕྱོགས་ལྷའི་བུའི་བདུད་དང་། གཟའ་དང་རྒྱུ་སྐར་གྱི་ལག་ཏུ་ཚེ་འཁྱམས་པ། ཡར་བ། བརྐུས་པ། འཕྲོག་པ་ཐམས་ཅད་བསྡུས་། ཡང་འོད་ཟེར་ཁ་དོག་སྣ་ཚོགས་འོག་ཕྱོགས་སུ་འཕྲོས་པས༔ དགའ་བོ་འཇོག་པོ་ལ་སོགས་ཀླུ་གཉན་ས་བདག་ཐམས་ཅད་ཀྱི་ལག་ཏུ་ཚེ་འཁྱམས་པ། ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ། ཏྲཾ་ཡིག་ལྗང་གུས་མཚན་པ། དཔག་ཏུ་མེད་པ་བསྡུས་ཏེ། སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ་པས། བླ་ཚེ་སྲོག་དབུགས་ཉམས་པ་ཐམས་ཅད་སོར་ཆུད་དེ། འཆི་བ་མེད་པའི་ཚེ་དང་། རྡོ་རྗེ་ལྟ་བུའི་སྲོག་ཐོབ་སྟེ། བཀྲག་མདངས་འོད་འབར་བར་སྒོམས་ཤིག༔ གྷི༔ ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧྲཱིཿ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་བདུད་ལག་ནས་ལྕགས་


CMR008_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིབ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུའེ་ཧཱུྃ་ཧཱུྃ་ཛ༔ ཞེས་མདའ་དར་གཡུག་ཕྱོགས་དང་དམིགས་པ་བསྣུན་ཅིང་གཡབ་བོ། །འོ་དེས་ཚེ་ཡར་བ་འགུགས་པ་སོང་ནས། མདུན་བསྐྱེད་ཚེ་གཏོར་ལ་དམིགས་ནས། དབང་བསྐུར་བའི་དོན་དུ་དམིགས་པ་མཛོད། ཚེ་གཏོར་འདི་ཉིད་གུ་རུ་པདྨ་འོད་འབར་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལ། ཚེའི་སྔགས་ཀྱིས་གཡས་སུ་བསྐོར་བ་ལས། འོད་ཟེར་དཀར་སེར་དམར་ལྗང་དཔག་ཏུ་མེད་པ་ནམ་མཁའ་གང་བར་འཕྲོས་པས། ས་ཡི་བཅུད་ཐམས་ཅད་སེར་པོ་གསེར་ལྟ་བུ། ཆུའི་བཅུད་ཐམས་ཅད་དཀར་པོ་ཤེལ་ལྟ་བུ། མེའི་བཅུད་ཐམས་ཅད་དམར་པོ་པདྨ་རཱ་ག་ལྟ་བུ། རླུང་གི་བཅུད་ཐམས་ཅད་ལྗང་ཀུ་ཨིནྡྲ་ནི་ལ་ལྟ་བུ། ནམ་


CMR008_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་བཅུད་ཐམས་ཅད་བེཌཱུརྱ་ལྟ་བུར་བསྡུས། ཕྱུག་གི་བུམ་པ་དང་། བྷནྡྷར་ཞུགས། འཆི་བ་མེད་པ་ཚེའི་བདུད་རྩིར་གྱུར། །ཚེ་གཏོར་སྤྱི་བོར་བཞག་པའི་ཚེ། བྷནྡྷ་དང་བུམ་པ་ནས་བདུད་རྩིའི་རྒྱུན་བབ། སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། རྩ་དབུ་མའི་ནང་བརྒྱུད། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། གསང་གནས་བདེ་སྐྱོང་གི་འཁོར་ལོ། སྤྱི་གཙུག་མན་ཆད། རྐང་མཐིལ་ཡན་ཆད། འཆི་མེད་བདུད་རྩིས་ལྟེམ་གྱིས་གང་ནས། ནད་གདོན་ཚེའི་བར་ཆད་ཐམས་ཅད་འོག་སྒོ་དང་། རྐང་མཐིལ་བ་སྤུའི་བུ་ག་ནས་ནག་ཉིལ་གྱིས་ཕྱིར་ཐོན། ཤ་ཁྲག་དྲོད་དབུགས་སེམས་ཀྱི་ཚེ་ཉམས་པ་ཐམས་ཅད་སོར་ཆུད་དེ།་སའི་ཡོན་ཏན་ཐམས་ཅད་རྫོགས་པས་ལུས་སྲ་ཞིང་བརྟན་པ་རྡོ་རྗེ་ཕ་ལམ་ལྟ་བུ། ཆུའི་ཡོན་ཏན་རྫོགས་པས་ལུས་སྣུམ་ཞིང་བག་དྲོ་བ་མར་སར་ཉི་མས་དྲོས་པ་ལྟ་བུ། །མེའི་ཡོན་ཏན་རྫོགས་པས་ལུས་གསལ་ཞིང་བཀྲག་མདངས་དང་ལྡན་པ་སྤྲིན་མེད་པའི་ཉི་མ་ལྟ་བུ། རླུང་གི་ཡོན་ཏན་རྫོགས་པས་ལུས་ཡང་ཞིང་དཔའ་རྩལ་དང་ལྡན་པ་ནམ་མཁའ་


CMR008_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལྡིང་ལྟ་བུ། སེམས་ཀྱི་ཡོན་ཏན་རྫོགས་པས་སེམས་ལ་ཟུག་རྔུ་མེད་པ་དགེ་སློང་བསམ་གཏན་བཞི་ལ་སྙོམས་པར་ཞུགས་པ་ལྟ་བུ་སྟེ། ཚེ་དང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟ་བུར་འཕེལ། ལུས་ཀྱི་སྟོབས་དང་རྩལ་དང་ཡོན་ཏན་ཐམས་ཅད་རྒྱས་ཏེ། འཆི་མེད་རྡོ་རྗེའི་ཚེ་ཐོབ་པའི་མོས་པ་མཛོད། ཧྲཱི༔ བུམ་པའི་ངོ་བོ་པདྨ་འོད་འབར་བཞུགས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ས་ཆུ་མེ་རླུང་བཅུད་རྣམས་རང་མདོག་གསལ༔ ཤ་ཁྲག་དྲོད་དབུགས་ཉམས་པ་སོར་ཆུད་དེ༔ སླར་ཡང་ཟླ་བ་ཡར་ངོ་ཇི་བཞིན་དུ༔ སྟོབས་རྩལ་ཡོན་ཏན་ཚེ་ཡི་དབང་ཐོབ་ཤོག༔ ཅེས་ཚེ་གཏོར་མགོར་བཞག་ལ། ཨོཾ་ཨཱ༔ཧཱུྃ་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཉང་བན་ཏིང་འཛིན་བཟང་པོ། སྔགས་འཆང་ཧཱུྃ་ནག་མེ་འབར། ལས་ཅན་ཆོས་ཀྱི་བདག་པོ། རྩ་བ་ནོར་བུས་བརྒྱན་པ། སྡོང་པོ་ཞྭ་དམར་ནག །ཡལ་ག་སེམས་དཔའ་མི་བརྒྱད། མེ་ཏོག་ལྟ་བུ་ལྔ། འབྲས་བུ་ལྟ་བུ་ལྔ། གྲུབ་ཐོབ་སུམ་ཅུ་རྩ་བརྒྱད། ཕྱིར་མི་ལྡོག་པའི་ས་


CMR008_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་བརྒྱ་རྩ་བརྒྱད་ལ་སོགས་པ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་འཁོར་དཔའ་བོ་མཁའ་འགྲོ་རིག་འཛིན་བྱེ་བ་འབུམ་དང་བཅས་པ་ཐམས་ཅད་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ། འཆི་བ་མེད་པ་ཚེའི་དབང་བསྐུར་བར་མཛད་དུ་གསོལ། ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་མཛོད་ཅིག །ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་མཛོད་ཅིག །ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་མཛོད་ཅིག །འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས་ཤིག །སྔགས་ལན་གསུམ་བརྗོད། ད་བུམ་པ་ལ་བརྟེན་ནས་ཚེ་བསྲིང་བ་ནི་བུམ་པའི་དབུས་སུ་གུ་རུ་པདྨ་འོད་འབར་བཞུགས་པའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ནམ་མཁའ་གང་བར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་རྣམས་དང་། རིགས་གསུམ་མགོན་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་ན་མངའ་ཐང་བསོད་ནམས་ལོངས་སྤྱོད་ཅན། ཚངས་པ་དང་དབང་ཕྱུག་ལ་སོགས་ལྷ་ཚེ་རིང་བ་རྣམས་དང་། སྟོབས་ཀྱི་རྒྱུ་དང་ནོར་རྒྱས་ལ་སོགས་ཀླུ་ཚེ་རིང་པོ་རྣམས་དང་། གསེར་གྱི་འཁོར་ལོས་སྒྱུར་བ་ལ་


CMR008_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མི་ཚེ་རིང་བ་རྣམས་དང་། རྣམ་ཐོས་ཀྱི་བུ་ལ་སོགས་མངའ་ཐང་ལོངས་སྤྱོད་ཅན་རྣམས་ཀྱི་ཚེ་བསོད་ནམས། ཟག་བཅས་འཇིག་རྟེན་གྱི་བསོད་ནམས། ཟག་མེད་འཕགས་པ་བཞིའི་སྐུ་དང་ཚེ་བསོད་ནམས། མཁའ་འགྲོ་ཆོས་སྐྱོང་། འཇིག་རྟེན་སྐྱོང་བ་རྣམས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས། བུམ་པར་ཞུགས་འཆི་མེད་ཀྱི་བདུད་རྩིར་གྱུར། བུམ་པ་སྤྱི་བོར་བཞག་པའི་ཚེ་བུམ་པའི་ཁ་ནས་ལྷུད། སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་འཆི་མེད་ཚེའི་བདུད་རྩིས་ལྟེམ་གྱིས་གང་། ལྕགས་ལ་གསེར་འགྱུར་གྱི་རྩིས་རེག་པ་ལྟར། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པར་སྒོམས་ཤིག །ཧྲཱིཿ བུམ་པའི་བདུད་རྩི་པདྨ་འོད་འབར་ཞུ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ རྒྱལ་བ་རབ་འབྱམས་རིགས་གསུམ་མགོན་པོ་དང་༔ འཇིག་རྟེན་ལོངས་སྤྱོད་མངའ་ཐང་བསོད་ནམས་ཅན༔ ཟག་བཅས་ཟག་མེད་མཐུ་སྟོབས་ནུས་པ་ཀུན༔ དེང་འདིར་བུ་ལ་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བཟླས་ཤིང་བུམ་ཆུ་བླུད། ཆུའི་ལྷག་མ་ཡར་ལུད་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ད་ཚེ་


CMR008_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་ལ་བརྟེན་ནས་ཚེ་བསྲིང་བ་ནི། སྔོན་རྒྱལ་པོ་གཙུག་ལག་འཛིན་དང་། ཡངས་པ་ཅན་གྱི་བུ་མོ་སོགས་ཀྱིས་བྲམ་ཟེའི་ཤའི་རིལ་བུ་ཟོས་པས་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པ་ལྟར། །རིལ་བུ་འདི་ཨོ་རྒྱན་ཚེ་དཔག་ཏུ་མེད་པ་སྐུ་ཆུང་ལ་ཡན་ལག་དོད་པ། ཁ་ཤར་གྱི་སྒོ་ནས་བྱོན། སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བཞུགས་པར་སྒོམས་ཤིག །ཧཱི༔ སྔོན་བྱོན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྒྲུབ་རྫས་རིལ་བུ་འདི་ལ་བརྟེན་ནས་མཛད༔ གུ་རུའི་བྱིན་རླབས་རིལ་བུར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་ཟས་སུ་སྦྱིན༔ དམ་རྫས་མ་སྤངས་བཅུད་ལེན་སྙིང་པོ་སྤྱོད༔ ཟ་ཐང་ལོངས་སྤྱོད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུཥ་ཧཱུྃ་ཧཱུྃ་ཛ༔ དེ་བཞིན་ཏུ་སྔགས་བཟླས་ཤིང་ཚེ་རིལ་སྦྱིན་ད་ཚེ་ཆང་ལ་བརྟེན་ནས་ཚེ་བསྲིང་བ་ནི། སྔོན་གྲུབ་ཆེན་བྱ་རི་ཀ་པ་དང་། ཨཱརྱ་དེ་ཝ་སོགས་ཀྱིས་ཚེ་ཆུ་ལ་བརྟེན་ནས་འཆི་མེད་ཚེ་འགྲུབ་པ་ལྟར་ཨོ་རྒྱན་ཚེ་དཔག་མེད་འོད་དུ་ཞུ་བ་ལས་བྱུང་བའི། བདུད་རྩི་འདི་འཐུང་བས་འཆི་མེད་ཚེ་ཡི་དངོས་གྲུབ་དང་ནད་མེད་བདེ་བའི་ལང་ཚོ་རྒྱས། རྒས་མེད་བཅུ་དྲུག་གི་ན་ཚོད་གཞོན་ཤ་དང་ལྡན་པར་སྒོམས་


CMR008_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ཧྲཱི༔ སྔོན་བྱོན་དྲང་སྲོང་རིག་འཛིན་ཐམས་ཅད་ཀྱིས༔ ཚེ་སྒྲུབ་བདུད་རྩི་འདི་ལ་བརྟེན་ནས་མཛད༔ རྒྱལ་བའི་བྱིན་རླབས་བདུད་རྩིར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་སྐོམ་དུ་སྦྱིན༔ ཕྱི་ནང་བྱང་སེམས་ཁམས་རྣམས་འཕེལ་ཞིང་རྒྱས༔ བདེ་དྲོད་རབ་འབར་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བཟླས་ཤིང་ཚེ་ཆུ་སྦྱིན། དེ་ལྟར་ཚེ་དབང་བསྐུར་བ་དེ་མི་ཉམས་ཤིང་བར་ཆད་མི་འཇུག་པའི་ཕྱིར། སླར་ཡང་སྲུང་བའི་གོ་བགོ་བ་ནི། མདུན་བསྐྱེད་པདྨ་འོད་འབར་གྱི་སྐུ་ལས་སྣ་ཚོགས་རྡོ་རྗེ་ཕྲ་མོའི་ཆར་བབ་པས་ཁྱེད་རང་གི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་ནས། འོད་ཟེར་ཁྱི་ལེར་བསྒོམ། ཚེ་ནས་གཏོར་ཞིང་། ཨོཾ་བཛྲ་རཀྵ་ཧཱུྃ༔ ཞེས་བརྗོད། དེ་ནས་ཚེའི་དབང་བསྐུར་བ་དེ་མི་ཉམས་ཤིང་བརྟན་པར་བྱ་བའི་ཕྱིར་རྒྱས་འདེབས་པ་ནི། ཁྱེད་རང་གི་དཔྲལ་བ་ལ། ཨོཾ་ལས་འཁོར་ལོ་དཀར་པོ་ཨོ་ཡིག་གིས་མཚན་པས་རྒྱས་གདབ། ལྗགས་སྟེང་དུ་ཨཱལས་པདྨ་དམར་པོ་ཨཱ༔ཡིག་གིས་མཚན་པས་རྒྱས་གདབ། སྙིང་གའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པས་རྒྱས་གདབ། ལྟེ་བའི་རྩ་མདུད་དུ་སྲ་ལས་རིན་པོ་ཆེ་


CMR008_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་སཱ་ཡིག་གིས་མཚན་པས་རྒྱས་གདབ། གསང་གནས་སུ་ཧཱ་ལས་སྣ་ཚོགས་རྡོ་རྗེ་ཧཱ་ཡིག་གིས་མཚན་པས་རྒྱས་གདབ། ཐུགས་ཀར་ཧཱུཾ་གི་ནང་དུ་སྲོག་མི་འགྱུར་བའི་ངོ་བོ་ཨ་དཀར་པོ། དེའི་ནང་དུ་སྲོག་གི་ས་བོན་དང་ངོ་བོ་ནི་ཡིག་ལྗང་གུ་བཀྲག་མདངས་འོད་ཟེར་འབར་བ་དེ་ལ། ཚེ་ཡི་བཅུད་ཐམས་ཅད་འདུས་ནས་ཚེ་དབྱེར་མེད་དུ་རྒྱས་གདབ་པར་སོམས་ཤིག །ཧྲཱི༔ དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཡེ་ཤེས་བཞི་ཡི་རྒྱ༔ ལྔ་པ་རིགས་ལྔའི་སངས་རྒྱས་རྒྱ༔ དྲུག་པ་བཅོམ་ལྡན་ཐུབ་དྲུག་རྒྱ༔ བདུན་པ་སངས་རྒྱས་རབ་བདུན་རྒྱ༔ ཕྱག་རྒྱ་བདུན་གྱིས་རྒྱས་བཏབ་བོ༔ བཀྲ་ཤིས་ནི། ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་བརྗོད། འོ་དེས་གུ་རུ་པདྨ་འོད་འབར་གྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་རྒྱས་པར་ཐོབ་པ་ཡིན་པས་ཨོ་རྒྱན་ཚེ་དཔག་མེད་ཡི་དམ་གྱི་ལྷར་འཛིན་སྙམ་


CMR008_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པས། འདིའི་རྗེས་ཟློས་མཛོད།་གཙོ་བོས་ཇི་ལྟར་བཀའ་སྩལ་པ། སོགས་བརྗོད། དེ་ལྟར་ཚེ་སྒྲུབ་དུས་བདག་འཇུག་ལེན་ནོ། །གཞན་ལ་བསྐུར་དུས་སོགས་ལ་དམིགས་པ་དེ་ལྟར་རོ། །ཞེས་པ་འདི་འབྲུག་ལོ་མགོ་ཟླ་བའི་དམར་པོའི་ཚེས་ལྔ་ནུབ་སྣང་གསལ་སྒྲོན་མེའི་ངོགས་ལ༔ ༧ རཱ་ག་ཨ་སྱས་སྦྱར་བའི་ཡི་གེ་པ་དང་ཞུ་བ་པོ་ནི་ཀརྨ་བིརྱ་སཱ་ག་རའོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousདཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང་བསྐུར་བའི་དབང་བཤད་རྩེ་ལེས་མཛད་པ།next