Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་དམིགས་རིམ་ཞལ་ཤེས་བཀོད་པ་ཨ་རཱ་གས་སྦྱར་བ།།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་དམིགས་རིམ་ཞལ་ཤེས་བཀོད་པ་ཨ་རཱ་གས་སྦྱར་བ།།next

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་དམིགས་རིམ་ཞལ་ཤེས་བཀོད་པ་ཨ་རཱ་གས་སྦྱར་བ།།


CMR008_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་དམིགས་རིམ་ཞལ་ཤེས་བཀོད་པ་ཨ་རཱ་གས་སྦྱར་བ་བཞུགས།།


CMR008_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གཞུང་ནས་ཚེ་སྒྲུབ་རྒྱས་པ་དང་། རྒྱུན་ཁྱེར་བསྡུས་པ་དང་དབང་བཞི་ཡོངས་རྫོགས་མཇུག་ཏུ་ཚེ་དབང་གི་མཐའ་བརྟེན་བྱ་ཚུལ་གསུངས་པ་དེ། གསར་བུ་རྣམས་ཀྱིས་དབྱེ་ཤེས་པར་དཀའ་བ་ཙམ་དུ་འདུག་པས། གཞི་ཡི་སྟེང་དུ་པདྨ་འདབ་མ་བརྒྱད་དམ་འབྲུ་ཡི་ཚོམ་བུ་བྱ། བུམ་པ་ཚེ་གཏོར་ཚེ་ཆང་ཚེ་ནས་ཚེ་རིལ། འཛོམས་ན་ཚེ་འགུགས་མདའ་དར་དམར་པོའམ་དཀར་པོ་གཅིག །རྒྱས་འདེབས་ཁ་བཏགས་གམ་མོན་ཙི་རྡོ་རྗེ་རྒྱ་གྲམ་མདུད་བྱས་ལ་མདའ་དར་ལ་བཏགས། མེད་ན་མདའ་དར་གཅིག་དེས་ཆོག །དེ་ནས་ཚེ་སྒྲུབ་ནི་པདྨ་འོད་འབར་ཚར་གཅིག་གིས་ཆོག་སྟེ། བདག་བསྐྱེད་ལྷར་བསྐྱེད་པ་དང་། བུམ་པའི་ནང་དུ་ཚེ་གཏོར་དང་གསུམ་ཀ་པདྨ་འོད་འབར་དུ་བསྐྱེད་ལ། དང་པོ་སྔོན་འགྲོ་ནི། བགེགས་གཏོར་མི་


CMR008_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སྟོང་པའི་ངང་ཉིད་ལས། །རིན་ཆེན་སྣོད་དུ་བདུད་རྩིའི་རྒྱ་མཚོར་གྱུར། །བསྲེག་སྦྱངས་གཏོར་བྱེད་རཾ་ཡཾ་ཁཾ་གསུམ་འཕྲོས། །ཨོཾ་ཨཱཿཧཱུྃ་གིས་འདོད་དོན་དཔག་མེད་གྱུར། །དེང་འདིར་དཀྱིལ་འཁོར་མཆོད་པས་འབྱུང་པོ་ཀུན། །གནས་འདིར་མ་འདུག་གཏོར་མས་ཚིམ་གྱིས་ལ། །རང་རང་སོ་སོའི་གནས་སུ་ཕྱིར་དེངས་ཤིག །གལ་ཏེ་མི་འགྲོ་བར་ཆད་བྱེད་པ་ན། །ང་ཉིད་དབང་ཆེན་པདྨ་རྟ་སྐད་འཚེར། །ཁམས་གསུམ་སྲིད་པ་གསུམ་ཀུན་འདར་ཞིང་སྔངས། །གདོན་བགེགས་འབྱུང་པོ་མ་ལུས་རྡུལ་དུ་རློགས། །ཨོཾ་པདྨནྟ་ཀྲྀཏ་ཧཱུྃ་ཕཊ།


CMR008_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་སརྦ་ཤ་ཏྲ་མཱ་ར་ཡ་སྲིད་ན་ཟློག་ཅིག །ཅེས་སྔགས་ལན་གསུམ་བཟླ་ཞིང་ནས་ལྕག་རྒྱབས། གཏོར་མ་ཕྱི་རོལ་དུ་དོར། དེ་ནས་སྲུང་འཁོར་ནི་དབྱངས་རོལ་མོ་དང་བཅས། ཧྲཱི༔ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཞེས་སོགས་ནས། ཨོཾ་བཛྲ་རཀྟ་ཛྭ་ལ་རཾ། སྔགས་མང་དུ་བརྗོད་ཅིང་རོལ་མོ་བྱའོ། །སྐྱབས་སེམས་ནས་གཞུང་བསྲང་། བདག་མདུན་ཚེ་སྒྲུབ་ནི།ཧྲཱིཿསྒྲུབ་རྫ་ས་ངོ་བོ་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྡན་སོགས་ནས། གཉིས་མེད་རོལ་པ་ཆེན་པོར་ཕྱག་འཚལ་བསྟོད༔ རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿདཀར་པོ་དེའི་མཐར་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པ་འཁོར་བ༔ བུམ་བསྐྱེད་དང་གཏོར་མ་ལྷར་གསལ་བའི་དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་པདྨ་དམར་པོ་ཨཱས་མཚན་པ༔ ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ༔ ལྟེ་བར་རིན་ཆེན་སེར་པོ་སྲས་མཚན་པ༔ གསང་བར་སྣ་ཚོགས་རྡོ་རྗེའི་ཧས་མཚན་པར་བསྒོམ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་བུམ་བསྐྱེད་ལ་ཕོག༔ དེ་ཡི་གནས་ལྔ་ཕྱག་མཚན་ཡིག་འབྲུ་ལྔ་ལས་འོད་ཟེར་དཔག་ཏུ་མེད་པ་ནམ་མཁའ་ཁྱབ་པར་


CMR008_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས༔ ཕྱི་སྣོད་ཀྱི་འཇིག་རྟེན་བདེ་བ་ཅན་གྱི་ཞིང་ཁམས༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་པདྨ་འོད་འབར་གྱི་སྐུ་ཤ་སྟག་ཏུ་གྱུར་ཏེ༔ དེ་ཐམས་ཅད་ཀྱིས་རམ་བུ་བཀྱག་པའི་ཚུལ་དུ་སྔགས་འུ་རུ་རུ་བཟླས་པའི་ནུས་པ་དང་གཟི་བརྗིད་ཀྱིས་སངས་རྒྱས་བྱང་སེམས་རྩ་བ་གསུམ་དང་༔ ཆོས་སྐྱོང་ཐམས་ཅད་ཀྱི་ཚེ་ཡི་བྱིན་རླབས་དང་༔ འབྱུང་བའི་བཅུད་ཀྱི་དྭངས་མ་ཐམས་ཅད་དང་དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་བྱིན་རླབས༔ མདོར་ན་སེམས་ཅན་བསོད་ནམས་ཅན༔ དཀར་པོ་དགེ་བའི་ལས་སྒྲུབ་ཅིང་དབང་ཆེ་བ་རྩལ་དྲག་པ་འཁོར་མང་ལ་ཡོན་ཏན་ཆེ་བ༔ སྟོབས་དང་སྙན་གྲགས་ཅན་གདུལ་བྱ་ཕྲིན་ལས་ཀྱི་ཚེ་བསོད་ནམས་ཐམས་ཅད་ཡི་གེ་ནི་ཡི་རྣམ་པར་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་ལི་ལི་བུམ་པའི་ནང་དང་ཚེ་གཏོར་དང་༔ ཚེ་རིལ་ཚེ་ཚང་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་༔ སྔགས་འདི་སྟོང་ངམ་བརྒྱ་རྩ་བརྒྱད་ལས་མི་ཉུང་བར་བཟླ། ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུཥ་ཧཱུཾ་ཏྲཾ་ཛ༔ དེ་ནས་བདག་འཇུག་ཀྱང་བླང་། མ་བླངས་ཀྱང་རུང་། ཐུན་མཚམས་སུ་ཚེ་འགུགས་དམིགས་པ་ནི། བུམ་པ་འདི་ཕྱི་རིན་པོ་ཆེའི་བུམ་པ་ནང་གཞལ་ཡས་གྲུ་བཞི་སྒོ་བཞི་རྒྱན་


CMR008_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བབས་བང་རིམ་དང་བཅས་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་ཨོ་རྒྱན་པདྨ་ཚེ་དཔག་མེད་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་ཕྱག་གཉིས་གཡོན་བྷནྡྷའི་ནང་དུ་ཚེ་བུམ་འཛིན་པ། དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་པདྨ་དམར་པོ་ཨཱུས་མཚན་པ༔ ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ༔ ལྟེ་བར་རིན་པོ་ཆེ་སེར་པོ་སཱུས་མཚན་པ། གསང་བར་སྣ་ཚོགས་རྡོ་རྗེ་ཧཱས་མཚན་པ། དེ་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས་ནམ་མཁའ་གང་བ་སྤྲོས་པས་འཁོར་འདས་སྣོད་བཅུད་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་བསྡུས༔ ཁྱད་པར་དུ་འོད་ཟེར་དཀར་པོ་ལྕགས་ཀྱུ་ལྟ་བུ་ཤར་ཕྱོགས་སུ་འཕྲོས་པས༔ ཤར་ཕྱོགས་དྲི་ཟའི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་ནི་ཡིག་ལྗང་གུས་མཚན་པ་དཔག་ཏུ་མེད་པར་བསྡུས་ཏེ་སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ༔ དེ་བཞིན་དུ་འོད་ཟེར་སེར་པོ་ཞགས་པ་ལྟ་བུ་ལྷོ་ཕྱོགས་སུ་འཕྲོས་པས༔ ལྷོ་ཕྱོགས་གཤིན་རྗེའི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས༔ འོད་ཟེར་དམར་པོ་


CMR008_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྒྲོག་ལྟ་བུ་ནུབ་ཕྱོགས་སུ་འཕྲོས་པས༔ ནུབ་ཕྱོགས་ཀླུ་བདུད་ཀྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས༔ ཡང་འོད་ཟེར་ལྗང་གུ་དྲིལ་བུ་དབྱིབས་ཅན་བྱང་ཕྱོགས་སུ་འཕྲོས་པས༔ བྱང་ཕྱོགས་གནོད་སྦྱིན་གྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས༔ ཡང་འོད་ཟེར་མཐིང་ཀ་སྟེང་ཕྱོགས་སུ་འཕྲོས་པས༔ ཚངས་པ་ལ་སོགས་གཟུགས་ཁམས་ཀྱི་ལྷ་དང་༔ བརྒྱ་བྱིན་ལ་སོགས་འདོད་ཁམས་ཀྱི་ལྷ་སྟེ༔ སྟེང་ཕྱོགས་ལྷའི་བུ་ཡི་བདུད༔ གཟའ་རྒྱུ་སྐར་གྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས། ཡང་འོད་ཟེར་ཁ་དོག་སྣ་ཚོགས་འོག་ཕྱོགས་སུ་འཕྲོས་པས་དགའ་བོ་འཇོག་པོ་ལ་སོགས་ཀླུ་གཉན་ས་བདག་ཐམས་ཅད་ཀྱི་ལག་ཏུ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ཐམས་ཅད་བསྡུས༔ ཐིག་ལེ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་ནི་ཡིག་ལྗང་གུས་མཚན་པ་དཔག་ཏུ་མེད་པ་བསྡུས་ཏེ་སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ་པས་བླ་ཚེ་སྲོག་དབུགས་ཀྱི་ཉམས་པ་ཐམས་ཅད་སོར་ཆུད་དེ༔ འཆི་བ་མེད་པའི་ཚེ་དང་རྡོ་རྗེའི་ལྟ་བུའི་སྲོག་ཐོབ་སྟེ༔ བཀྲག་


CMR008_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་འོད་དུ་འབར་བར་བསྒོམ་ཞིང་༔ ཁྱད་པར་ཚེ་གཏོར་འདི་ཉིད་གུ་རུ་པདྨ་འོད་འབར་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལ་ཚེ་ཡི་སྔགས་གཡས་སུ་འཁོར་བ་ལས་འོད་ཟེར་དཀར་སེར་དམར་ལྗང་དཔག་ཏུ་མེད་པ་ནམ་མཁའ་གང་བར་འཕྲོས་པས་ས་ཡི་བཅུད་ཐམས་ཅད་སེར་པོ་གསེར་ལྟ་བུ༔ ཆུ་ཡི་བཅུད་ཐམས་ཅད་དཀར་པོ་ཤེལ་ལྟ་བུ༔ མེ་ཡི་བཅུད་ཐམས་ཅད་དམར་པོ་པདྨ་རཱ་ག་ལྟ་བུ༔ རླུང་གི་བཅུད་ཐམས་ཅད་ལྗང་གུ་ཨིནྡྲ་ནཱི་ལ་ལྟ་བུ༔ ནམ་མཁའི་བཅུད་ཐམས་ཅད་སྔོན་པོ་བེཌུརྱ་ལྟ་བུར་བསྡུས་ཏེ་ཕྱག་གི་བུམ་པ་དང་ལྷའི་ཞལ་དུ་ཞུགས་འཆི་བ་མེད་པ་ཚེ་ཡི་བདུད་རྩིར་གྱུར༔ ཚེ་གཏོར་དང་བྷནྡྷ་བུམ་པའི་ནང་དུ་བདུད་རྩིའི་རྒྱུན་བབས༔ སྤྱི་བོ་ཚངས་པའི་བུ་གར་ཞུགས༔ རྩ་དབུ་མའི་ནང་དུ་བརྒྱུད་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་གང་༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ༔ སྙིང་ག་ཆོས་ཀྱི་འཁོར་ལོ༔ ལྟེ་བ་སྤྲུལ་པའི་འཁོར་ལོ༔ གསང་གནས་བདེ་སྐྱོང་གི་འཁོར་ལོ༔ སྤྱི་གཙུག་མན་ཆད་རྐང་མཐིལ་ཡན་ཆད་འཆི་མེད་བདུད་རྩིས་ལྟེམ་གྱིས་གང་ནས༔ ནད་གདོན་ཚེ་ཡི་བར་ཆད་ཐམས་ཅད་འོག་སྒོ་དང་རྐང་མཐིལ༔ བ་སྤུའི་བུ་ག་ནས་ནག་ཉིལ་གྱིས་


CMR008_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཐོན་ཤ་དང་ཁྲག་དང་དྲོད་དང་དབུགས་སེམས་ཀྱི་ཚེ་ཉམས་པ་ཐམས་ཅད་སོར་ཆུད་དེ༔ ས་ཡི་ཡོན་ཏན་རྫོགས་པས་ལུས་སྲ་ཞིང་བརྟན་པ་རྡོ་རྗེ་ཕ་ལམ་ལྟ་བུ༔ ཆུ་ཡི་ཡོན་ཏན་རྫོགས་པས་ལུས་སྣུམ་ཞིང་བག་དྲོ་བ་མར་གསར་བ་ཉི་མས་དྲོས་པ་ལྟ་བུ༔ མེ་ཡི་ཡོན་ཏན་རྫོགས་པས་ལུས་གསལ་ཞིང་བཀྲག་མདངས་ལྡན་པ་སྤྲིན་མེད་པའི་ཉི་མ་ལྟ་བུ༔ རླུང་གི་ཡོན་ཏན་རྫོགས་པས་ལུས་ཡང་ཞིང་དཔའ་རྩལ་དང་ལྡན་པ་མཁའ་ལྡིང་གི་རྒྱལ་པོ་ལྟ་བུ༔ སེམས་ཀྱི་ཡོན་ཏན་རྫོགས་པས་ཟུག་རྔུ་མེད་པ་དགེ་སློང་བསམ་གཏན་བཞི་ལ་སྙོམས་པར་ཞུགས་པ་ལྟ་བུར་གྱུར་ཏེ༔ ཚེ་དང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་འཕེལ༔ ལུས་ཀྱི་སྟོབས་དང་རྩལ་དང་ཡོན་ཏན་ཐམས་ཅད་རྒྱས་ཏེ་འཆི་མེད་རྡོ་རྗེའི་ཚེ་ཐོབ་པའི་མོས་པ་མཛོད༔ ཅེས་དང་༔ ཧཱུྃ༔ ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ བཱི༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་


CMR008_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུཥ་ཧཱུྃ་ཧཱུྃ་ཛ༔ བསྙེན་པ་གྲུབ་ནས་བདག་འཇུག་བླང་བ་ནི༔ གསོལ་འདེབས་མཎྜལ་འབུལ་བ་སོགས་སྤྱི་ལྟར་བྱ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་སྒྲོལ་བའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ལན་གཅིག་གམ་གསུམ་བྱའོ༔ སྒྲུབ་གཏོར་རང་གི་


CMR008_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་བཞག་ལ་མདུན་བསྐྱེད་ཀྱི་གནས་ལྔ་ནས་འོད་ཟེར་དཀར་དམར་མཐིང་གསུམ་གོང་ལྟར་གྱི་དམིགས་པ་སྦྱར་ལ་ཚིགས་བཅད་འདི་སྐད་བརྗོད༔ ཧྲཱི༔ བུམ་པའི་ངོ་བོ་པདྨ་འོད་འབར་བཞུགས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ རྒྱལ་བ་རབ་འབྱམས་རིགས་གསུམ་མགོན་པོ་དང་༔ ས་ཆུ་མེ་རླུང་བཅུད་རྣམས་རང་མདོག་གསལ༔ ཤ་ཁྲག་དྲོད་དབུགས་ཉམས་པ་སོར་ཆུད་ནས༔ སླར་ཡང་ཟླ་བ་ཡར་ངོ་ཇི་བཞིན་དུ༔ སྟོབས་རྩལ་ཡོན་ཏན་ཚེ་ཡི་དབང་ཐོབ་ཤོག༔ ཀཱ་ཡ་ཝཀྲ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཟུངས་བཟླ་ཞིང་གཏོར་མ་མགོར་བཞག༔ དེ་ནས་བུམ་པ་ཐོགས་ལ༔ཧྲཱིཿབུམ་པའི་བདུད་རྩི་པདྨ་འོད་འབར་ཞུ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ རྒྱལ་བ་རབ་འབྱམས་རིགས་གསུམ་མགོན་པོ་དང་༔ འཇིག་རྟེན་ལོངས་སྤྱོད་མངའ་ཐང་བསོད་ནམས་ཅན༔ ཟབ་བཅས་ཟག་མེད་མཐུ་སྟོབས་ནུས་པ་ཀུན༔ དེངས་འདིར་བུ་ལ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ༴ སྔགས་བརྗོད་ཅིང་བུམ་པ་མགོར་བཞག་བུམ་ཆུ་བླུད༔ དེ་ནས་ཚེ་རིལ་ཚེ་ཆང་ལ་བརྟེན་ནས་ཚེ་བསྲིང་བའི་དམིགས་པ་ནི། སྔོན་རྒྱལ་པོ་གཙུག་ལག་འཛིན་དང་༔ ཡངས་པ་ཅན་གྱི་བུ་མོ་སོགས་ཀྱིས་བྲམ་ཟེའི་


CMR008_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཤའི་རིལ་བུ་ཟོས་པས་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པ་ལྟར༔ རིལ་བུ་ཨོ་རྒྱན་ཚེ་དཔག་མེད་སྐུ་ཆུང་ལ་ཡན་ལག་དོད་པ་ཁ་ཤར་གྱི་སྒོ་ནས་བྱོན་སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་དུ་རྟག་ཏུ་བཞུགས་པར་བསྒོམ༔ ཧཱུྃ༔ སྔོན་བྱོན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྒྲུབ་རྫས་རིལ་བུ་འདི་ལ་བརྟེན་ནས་མཛད༔ གུ་རུའི་བྱིན་རླབས་རིལ་བུར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་ཟས་སུ་སྦྱིན༔ དམ་རྫས་མ་སྤངས་བཅུད་ལེན་སྙིང་པོར་སྤྱོད༔ ཟ་ཐང་ལོངས་སྤྱོད་ཚེ་ཡི་དབང་ཐོབ་ཤོག༔ ཚེ་གཟུངས་སྔགས་བཟླས་ལ་ལྗགས་ཐོག་ཏུ་བཞག༔ ཚེ་ཆང་ལ་བརྟན་ནས་ཚེ་བསྲིང་བ་ནི༔ སྔོན་གྲུབ་ཆེན་བྱ་རི་ཀ་པ་དང་༔ ཨརྱ་དེ་ཝ་ལ་སོགས་ཀྱིས་ཚེ་ཆང་ལ་བརྟེན་ནས་འཆི་མེད་འགྲུབ་པ་ལྟར་ཨོ་རྒྱན་ཚེ་དཔག་མེད་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩི་འདི་འཐུང་བས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་ནད་མེད་བདེ་བའི་ལང་ཚོ་རྒྱས༔ རྒས་མེད་བཅུ་དྲུག་གི་ན་ཚོད་གཞོན་ཤ་དང་ལྡན་པར་བསྒོམ༔ ཧཱུྃ༔ སྔོན་བྱོན་དྲང་སྲོང་རིག་འཛིན་ཐམས་ཅད་ཀྱིས༔ ཚེ་སྒྲུབ་བདུད་རྩི་འདི་ལ་བརྟེན་ནས་མཛད༔ རྒྱལ་བས་བྱིན་རླབས་བདུད་རྩིར་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་སྐོམ་དུ་


CMR008_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན༔ ཕྱི་ནང་བྱང་སེམས་ཁམས་རྣམས་འཕེལ་ཞིང་རྒྱས༔ བདེ་དྲོད་རང་འབར་ཚེ་ཡི་དབང་ཐོབ་ཤོག༔ སྲུང་བའི་གོ་བསྒོ་བ་ནི༔ མདུན་བསྐྱེད་པདྨ་འོད་འབར་གྱི་སྐུ་ལས་སྣ་ཚོགས་རྡོ་རྗེའི་ཕྲེང་བའི་ཆར་བབས་པས་ཁྱེད་རང་གི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་ནས་འོད་ཟེར་ཆི་ལི་ལི་སྒོམ༔ ཚེ་ནས་རང་གི་ལག་ཏུ་ཐོགས་ལ༔ ཨོཾ་བཛྲ་རཀྵ་རཀ་ཧཱུྃ༔ ཞེས་བརྗོད༔ མི་ཉམས་པའི་ཕྱིར་རྒྱས་འདེབས་པ་ནི༔ སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པས་རྒྱས་བཏབ༔ ལྗགས་ཀྱི་སྟེང་དུ་ཨཱལས་པདྨ་དམར་པོ་ཨཱཡིག་གིས་མཚན་པས་རྒྱས་བཏབ༔ སྙིང་གའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པས་རྒྱས་བཏབ༔ ཐུགས་ཀའི་ཧིཡིག་གི་ནང་དུ་སྲོག་མི་འགྱུར་བའི་ངོ་བོ་ཧཱུྃ་ཡིག་ལྗང་གུ་བཀྲག་མདངས་འོད་ཟེར་འབར་བ༔ དེ་ལ་ཚེ་ཡི་བཅུད་ཐམས་ཅད་འདུས་ནས་ཚེ་འགྱུར་མེད་དུ་རྒྱས་གདབ་པར་བསྒོམ༔ཧྲཱིཿདང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསང་ཐུགས་ཀྱི་རྒྱ༔ བཞི་པ་ཡེ་ཤེས་བཞི་ཡི་རྒྱ༔ ལྔ་པ་སངས་རྒྱས་རིགས་ལྔའི་རྒྱ༔ དྲུག་པ་བཅོམ་ལྡན་ཐུབ་དྲུག་རྒྱ༔ བདུན་པ་སངས་


CMR008_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རབས་བདུན་རྒྱ༔ ཕྱག་རྒྱ་བདུན་གྱིས་རྒྱས་གདབ་བོ༔ ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ བཀྲ་ཤིས་བརྗོད༔ ཚོགས་ཆད་མདོ་སོགས་བྱས་ནས་དཀྱིལ་འཁོར་བསྡུ༔ ཆོ་ག་སོགས་གཞུང་ནས་གསལ་ལྟར་བྱ༔ སྒྲུབ་པ་ལོ་སྒྲུབ་ཟླ་སྒྲུབ་ཞག་ལྔ་བདུན་གྱི་སྒྲུབ་པ་གང་བྱེད་ཀྱང་ཞལ་ཤེས་དམིགས་རིམ་གསལ་བཀོད༔ ༈ ཨ་རཱ་གས་སྦྱར་བའོ༔ མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousབཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་དམིགས་རིམ་ཞལ་ཤེས་བཀོད་པ་ཨ་རཱ་གས་སྦྱར་བ།།next