Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འོད་འབར་ཕྲིན་ལས་བཞི་སྒྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའོད་འབར་ཕྲིན་ལས་བཞི་སྒྲུབ།next

འོད་འབར་ཕྲིན་ལས་བཞི་སྒྲུབ།


CMR008_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འབར་ཕྲིན་ལས་བཞི་སྒྲུབ་ལ་བྱེད་ལུགས་མང་ན་ཡང་། ད་ནངས་སྔ་མོ་ནས་འོད་འབར་ཚར་གཅིག་འདོན། ཐོ་རེངས་སམ་ནམ་ལངས་ནས་བཟུང་སྟེ་རང་ཁ་ཤར་དུ་གྱུས་ལ། རང་ཨོ་རྒྱན་དཀར་པོ་པད་ཞྭ་ན་བཟའ་ཐམས་ཅད་དཀར་པོར་བསྒོམ། དེའི་སྤྱི་བོ་ཀླད་པའི་ནང་དུ་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་ལ་སྔགས་ཕྲེང་བསྐོར་བ་ལས་འོད་ཟེར་དཀར་པོ་འཕྲོས་པས་ནད་གདོན་སྡིག་སྒྲིབ་དང་གནོད་བྱེད་ཐམས་ཅད་བ་མོ་ལ་ཉི་ཟེར་ལྟར་སང་སང་དག་ཅིང་ཞི་བར་བསྒོམ། བཛྲ་གུ་རུའི་མཇུག་ཏུ། ཨོ་ཤཱནཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྦྱར་བ་བཟླ་། བརྒྱ་རྩ་རེའི་མཚམས་སུ། ནད་གདོན་སྡིག་སྒྲིབ་བག་ཆགས་ངན༔ སྡང་དགྲ་གནོད་བྱེད་གདུག་པའི་དབལ༔ རྣོ་བའི་མཚོན་དང་སྦྱོར་བའི་དུག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀུན་དང་༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ རྨིས་ལྟས་མཚན་ངན་ཐམས་ཅད་ཀུན༔ མྱུར་བ་ཉིད་དུ་ཞི་གྱུར་ཅིག༔ ཅེས་བརྗོད་དོ། །ཉི་མ་ཤར་ཡག་བར་བསྙེན་པ་དེའི་ངང་ལ་ཝིག་ཅི་ཐོན་བྱའོ༔ ༈ ཉི་དྲོས་རེད་ཙ་ཁ་ལྷོར་གྱུས་ལ་འོད་འབར་ཚར་གཅིག་འདོན་ནས། རང་ཨོ་རྒྱན་སེར་པོ་དབུ་ཞྭ་ན་བཟའ་ཐམས་ཅད་སེར་པོར་བསྒོམ། ལྟེ་བར་


CMR008_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་སེར་པོའི་སྟེང་དུ་ཧཱུཾ་སེར་པོ་ལ་སྔགས་ཕྲེང་སེར་པོས་བསྐོར་བ་ལས་འོད་ཟེར་གསེར་གྱི་མདོག་ལྟར་འཕྲོས་ལུས་གང་ཡུལ་ཁམས་ཁྱབ་པས། ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བསྒོམས་ལ། །བཛྲ་གུ་རུའི་མཇུག་ཏུ། བྷཾ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ སྦྱར་ལ་བསྙེན་པ་བརྒྱ་རེའི་མཚམས་སུ། ཚེ་དང་བསོད་ནམས་སྙན་གྲགས་སྟོབས༔ འཁོར་དང་བུ་སློབ་ཕྲིན་ལས་རྒྱས༔ མཐའ་ཐང་ལོངས་སྤྱོད་ཡོན་ཏན་ཀུན༔ མྱུར་བ་ཉིད་དུ་རྒྱས་གྱུར་ཅིག༔ ཅེས་བརྗོད་དོ། །དེ་ལྟར་སྔགས་དང་དམིགས་པ་དགོང་ཀ་བར་བྱའོ།། ༈ །དགོང་ཆེན་ཁ་རེད་ཙ་ལ་རང་ཁ་ནུབ་ཏུ་གྱུས་ལ་འོད་འབར་ཚར་གཅིག་འདོན་ནས། རང་ཨོ་རྒྱན་སྐུ་མདོག་ཞྭ་བེར་དམར་པོ་ཅན་བསྒོམ་པའི་མགྲིན་པར་པདྨ་དམར་པོའི་ལྟེ་བར་ཧྲཱིཿདམར་པོ་ལ་སྔགས་ཕྲེང་དམར་པོས་བསྐོར་བ་ལས་འོད་ཟེར་འཕྲོས་པས། སྣང་སྲིད་ཐམས་ཅད་རང་དབང་མེད་པར་རང་གི་དབང་དུ་སྡུད་པར་བསྒོམས་ལ། བཛྲ་གུ་རུའི་མཇུག་ཏུ།་ཧིཔ་ཤོ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྦྱར་ལ་བསྙེན། བརྒྱ་རེའི་མཚམས་སུ། རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང་༔ འགྲོ་བའི་སྟོབས་དང་དཔལ་འབྱོར་བཅས༔ སྐྱེ་འགྲོ་མཐོང་ཐོས་དྲན་རེག་


CMR008_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སོགས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ ཅེས་བརྗོད། མུན་རུབ་བར་དེ་ལྟར་བྱའོ།། ༈ མུན་རུབ་ནས་ཁ་བྱང་དུ་གྱུ་ལ་འོད་འབར་ཚར་གཅིག་འདོན། རང་ཨོ་རྒྱན་མཐིང་ནག་ཞྭ་དང་ཆོས་གོས་མཐིང་ཀ་ཅན་བསྒོམ་པའི་གསང་གནས་སུ་ཉི་མའི་གདན་ལ་ཧཱུཾ་མཐིང་ནག་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་མཐིང་ནག་ཚྭ་ཞིང་རྩུབ་པ་འཕྲོས་པས་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསྒོམ་ཞིང་། བཛྲ་གུ་རུའི་མཇུག་ཏུ། ཧཱུཾ་མཱ་ར་ཡ་ཕཊ༔ ཅེས་སྦྱར་ལ་བཟླས། བརྒྱ་རེའི་མཚམས་སུ། དམ་སྲི་འབྱུང་པོ་མ་རུངས་པ༔ བསྟན་དགྲ་སྒོས་དགྲ་ལ་སོགས་པའི༔ ཞིང་བཅུ་ལྡན་རྣམས་བརླག་གྱུར་ཅིག༔ ཅེས་བརྗོད། དེ་ལྟར་ཉལ་ཁའི་བར་དུ་བྱའོ། །དེ་དག་རེ་རེ་ལ། །སྔགས་སྟོང་ངམ། ལྔ་བརྒྱའམ། བརྒྱ་ཡན་ཆད་རང་གི་གང་འདོད་བྱ་ཆོག །དེ་དག་གི་ཐུན་མཚམས་སུ། ལུས་པདྨ་འོད་འབར་དུ་མོས་ཙམ་ལ། དོན་ཉམས་ལེན་ཕྱག་རྒྱ་ཆེན་པོའི་ངར་ཐོན་པས་སྣང་སྲིད་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར་བདེན་མེད་སྟོང་ཉིད་དུ་ངེས་ཤེས་བསྐྱེད་ཅིང་། ལུས་འཆམ་སྟབས་ངང་ནས། ངག་དབྱངས་སུ་གྱེར་ཏེ། ཨོ་ཨཱ༔ཧཱུྃ་བཛྲ་གུ་རུ་


CMR008_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛསིདྡྷི་ཕ་ལ་ཧཱུྃ༔ ཞེས་ཛབ་བྲོ་བརྡུང་བ་ལྟར་བྱའོ། །གཞན་ཡང་ཐུན་མཚམས་སུ་ཕག་མོ་སོགས་དང་ཆོས་སྤྱོད་སོགས་ཆག་མེད་རིགས་གང་ཡོད་རྣམས་བྱའོ། །འོད་འབར་ཚར་བཞི་དང་སྔགས་དམིགས་ཐུན་བཞི་རེ་མ་ཆག་པར་བྱའོ། །དེ་ལྟར་སྔགས་རེ་རེ་ལ་འབུམ་ཕྲག་བཞི་རེའམ་རེ་རེའམ། ཟླ་དྲུག་གམ་གསུམ་མམ་གཅིག་སོགས་གང་ཐོན་རེ་བྱའོ། །དེས་དངོས་སུ་འཇའ་ཟུག་པ། དྲི་བཟང་འཐུལ་བ། ཉམས་རྟོགས་འཕེལ་བ། རྨི་ལམ་དུ་ཉི་ཟླ་ཤར་བ། ཁྲོམ་འདུ་བ། དར་ཕྱར་བ། དགྲ་བགེགས་བསྒྲལ་བ་སོགས་ཕྲིན་ལས་བཞི་འགྲུབ་རྟགས་སྣ་ཚོགས་པ་འབྱུང་ངོ་། །།འདིས་ནི་ཉམས་རྟོགས་ལ་བོགས་ཆེན་པོ་འབྱུང་ཞིང་བྱིན་རླབས་ཆེ་བས་ཐ་ནའང་ཟླ་བ་གསུམ་ཙམ་ལ་ཐུགས་དམ་རྩེ་གཅིག་ཏུ་མཛོད་ཅིག༔ ཨོཾ༔ དེ་ནས་གཏེར་གསར་གུར་དྲག་འདོན་ན། དང་པོ་འོད་འབར་ཚར་གཅིག་འདོན་ཏེ། བདག་མདུན་གཉིས་ཀ་འོད་འབར་དུ་བསྒོམ། བཛྲ་གུ་རུ་ཕྲེང་སྐོར་ཙམ་བསྙེན་ནས། སྐད་ཅིག་ལ་རང་གུ་རུ་དྲག་པོ་ཕྱག་གཉིས་པ་གཞུང་ལྟར། ཞི་བ་གནས་འགྱུར་ནས་དྲག་པོར་བསྒོམ་པ་ལ་དྲག་པོའི་བསྟོད་པ་ཡན་འདོན། ཐུགས་


CMR008_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཉི་མའི་གདན་ལ་ཧཱུྃ་དམར་པོ་ལ་ཨརྩིག་གིས་བསྐོར་བར་བསྒོམས་ལ་ཨརྩིག་རྐྱང་པ་འདོན། ཨ་ཡ་མ་མི་སྦྱར་རོ། །དེ་ནས་ཉིན་ཕྱེད་དྲག་པོ་ཚར་གཅིག་དགོང་ཀ་གཅིག་དང་ཚར་གསུམ་འདོན། གཏོར་འབུལ་ཡོད་ན་བཀུག་གཞུག་བྱས་ལ། དམར་ནག་གྲུ་གསུམ་འབར་བའི་ཞེས་སོགས་བསྐུལ་པ་དང་། སེང་གདོང་མ་ཆད་མདོ་གསུམ་འདོན་ལ་འབུལ། རྒྱུན་དུ་གཏོར་འབུལ་མི་དགོས་སོ། དྲག་པོ་ནམ་འདོན་ཡི་དམ་གཏོར་མ་གསོས་ལ་འདོན། དེ་ལྟར་ཟླ་གཅིག་སོགས་ཅི་འདོད་པར་དྲག་པོ་བསྙེན་པར་བྱའོ། །དྲག་པོ་འདི་ཉུང་ལ་གཏེར་ཁ་གསར་པས་བྱིན་རླབས་ཆེ། ཐུན་སྐབས་སུ་རང་དྲག་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་རི་ནས་དྲག་པོ་མང་པོ་སྤྱན་དྲངས་ལ་རང་ཉིད་ལ་བསྟིམ་མོ།། ཨོཾ༔ དེ་ནས་སེང་གདོང་མ་བསྙེན་འདོད་ན། དང་པོ་འོད་འབར་འདོན། ཕྲེང་སྐོར་གཅིག་བསྙེན། དེ་གནས་འགྱུར་གུར་དྲག་ཏུ་བསྒོམས་ལ་ཨརྩིག་ཕྲེང་སྐོར་གཅིག་འདོན་༔ དེ་ནས་བདག་དང་མདུན་གྱི་གུ་རུ་དྲག་པོ་དེ་སྐད་ཅིག་ལ་གནས་འགྱུར་ནས་སེང་གདོང་མར་བསྒོམ་སྟེ། སྤྱི་བོར་པདྨ་འོད་འབར་སོར་བཞི་ཙམ་རིགས་བདག་གི་ཚུལ་དུ་བསྒོམ། །


CMR008_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་མོ་གཡོན་གྱི་ཁཊ་དེ་ཡབ་གུ་རུ་དྲག་པོའི་ངོ་བོ་ཡིན་པར་བསམས་ལ་སེང་གདོང་མའི་གཏོར་བསྔོས་ཡན་འདོན། བསྐུལ་པ་མི་འདོན། རང་གི་ཐུགས་ཀར་པདྨ་དམར་པོ་འདབ་མ་བཅུ་གཉིས་ལྟེ་བར་ཧཱུཾ། འདབ་མ་ལ་ཨཀསམསོགས་ཡི་གེ་བཅུ་བཞི་པ་བསྒོམས་ལ་སྔགས་ཕྲེང་ཧཱུྃ་གི་མཐར་གཡོན་དུ་འཁོར་བར་བསྒོམས་ལ། ཨཀསམའདོན། དེ་ཡང་དུས་གསུམ་སེང་གདོང་མའི་ལས་བྱང་ཚར་གསུམ་འདོན་ནོ། །གཏོར་འབུལ་ཡོད་ན་བྷྱོབཞེངས་ཤིག་བཞེངས་ཤིག་སོགས་བསྐུལ་ཚར་གཅིག་འདོན། རྒྱུན་དུ་མི་དགོས་སོ། །སེང་གདོང་མའི་སྔགས་འདི་རྩུབ་དྲགས་པས་བློ་མི་བདེ་ཉེན་ཡོད་པས། འབུམ་ཚོ་གཅིག་ཙམ་བཏོན་ན་ཡང་མཆོག །ཁྲི་ཚོ་གསུམ་གྱིས་ཀྱང་བསྙེན་པ་རྫོགས། རྩུབ་སློང་མ་བྱུང་ན་ཟླ་གཅིག་ལ་འདོན། ནུབ་རྒྱུན་དུ་རང་སེང་གདོང་མའི་ཕྱག་ཉི་ཟླ་གཉིས་བརྡབ་པའི་བར་དུ་དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་པར་བསམས་ལ། སྔགས་ཕྲེང་སྐོར་རེ་དང་ཐལ་རྡེབ་བདུད་ཟློག་ནི་མི་ཆག་པར་བྱས་པས་སྐུ་རིམ་གྱི་མཆོག་དམ་པའོ། །སེང་གདོང་མའི་རྟགས་སོགས་ནི། ཕག་མོ་དུས་དང་འདྲའོ།། ༈ དེ་ལྟར་གསར་རྙིང་སོ་སོར་གཏོར་འབུལ་བྱས་ནའང་ལེགས་


CMR008_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི། གཏོར་མ་མང་པོ་བཅའ་བ་ཡང་ཆོག་གོ །གྲོང་ཆོག་སོགས་འདོན་ལུགས་ནི། སྔ་མོ་ཚེ་སྒྲུབ་འདོན། དེ་ནས་བླ་མ་འོད་འབར། དེ་ནས་ཡི་དམ་རྒྱལ། བ་རྒྱ་མཚོ། དེ་ནས་མཁའ་འགྲོ་ཕག་མོ། དེ་ནས་དྲག་པོ། སེང་གདོང་མ། ཞིང་སྐྱོང་། ཚེ་རིང་མ། སོགས་འདོན། ཚོགས་ཕག་མོ་འདོན། དེ་ལ་འོད་འབར་ཚོགས་མཐུད་ནས་འདོན། དེ་ནས་ཚོགས་ཕུད་ལ། གསང་སྔགས་ནང་གཏོར། མཚལ་མའམ། མ་དག་མ། མཁའ་འགྲོ་སྤྱི་གཏོར་འདོན། ཕག་མོའི་བསྐང་བ་ཡང་འདོན། དེ་ནས་དཀར་གཏོར་བྲན་ལ་གཞི་བདག་གཏོར་མ་འདོན། དེ་ནས་དམར་གཏོར་གཅིག་ལ་བཀུག་གཞུག་བྱས་ལ། དྲག་པོའི་གཏོར་བསྔོས་ཚང་མ་འདོན། དེ་ནས་ཕག་མོའི་གཏོར་འབུལ་ཐམས་ཅད། སེང་གདོང་མ། མགོན་པོ། ལྷ་མོ། ཚེ་རིང་མའམ། དམ་ཅན་འདོན། ཆད་མདོ་བཟློག་བསྒྱུར་ཡོད་ན་འདོན། མེད་ཀྱང་གཏོར་མ་དཀར་གཏོར་དང་གཉིས་ཀ་དུས་གཅིག་ཕུལ་ལོ། །གསར་རྙིང་བསྲེས་པས་སྐྱོན་མེད། རྗེས་ཆོག་རྣམས་ཕག་མོས་བྱའོ། །ཞེས་རཱ་ག་ཨ་སྱས་འཕྲལ་དུ་བྲིས་པའོ། །སརྦ་མངྒ་ལཾ།། །།ཆགས་མེད་


CMR008_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་ཕྱག་བྲིས་དངོས་ཀྱི་བུ་ལས་ཉི་མས་བཤུས་ཟེར་བ་ལས་ཚེ་དབང་རྒྱས་དེ་ནས་བདག་གིས་སོ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousའོད་འབར་ཕྲིན་ལས་བཞི་སྒྲུབ།next