Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་ཟིན་བྲིས།next

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་ཟིན་བྲིས།


CMR008_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་ཟིན་བྲིས་བཞུགས་པའི་དབུ་ཕྱོགས་སོ།།


CMR008_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་སྤྱི་འདུས་ཀྱི་ཚེ་སྒྲུབ་ཀྱིས་ཚེ་སྒྲུབ་པའི་ཟིན་བྲིས་ལྟར་བྱ༔ ཚེ་སྒྲུབ་རྒྱུན་ཁྱེར་རམ་སྤྲོས་མེད་བྱེད་ཀྱང་རུང་སྟེ༔ པདྨ་འོད་འབར་ཚར་གཅིག་འདོན༔ ཤིན་ཏུ་སྤྲོས་མེད་ནི༔ ལས་བྱང་མེད་ཀྱང་སྐད་ཅིག་དྲན་རྫོགས་ཀྱང་རུང་སྟེ༔ རང་ཉིད་པདྨ་འོད་འབར་གྱི་སྐུར་གསལ་བའི་ཐུགས་ཀར༔ པདྨ་དཀར་པོ་འདབ་མ་བརྒྱུད་པའི་ལྟེ་བར་ཧྲཱིཿདཀར་པོ༔ དེའི་མཐར་བཟླ་བྱའི་སྔགས་ཡིག་ངོ་ཕྱིར་བསྟན་མདུན་ནས་ལང་སྟེ་གཡོན་དུ་བཀོད༔ དང་པོ་ཀློག་པའི་ཚུལ་དུ་བཏོན༔ དེ་ནས་སྔགས་མི་འཁོར་བར་འོད་ཟེར་དཀར་པོ་ཕྲེང་བའི་ལུང་ལྟར་གཡས་སུ་འཁོར་


CMR008_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་འབྲུ་ཐམས་ཅད་དཀར་པོ་ལ་འོད་ལྔའི་མདངས་དང་ལྡན་པ་གཡས་སུ་ཀྱི་ལི་ལི་འཁོར༔ དེ་ནས་མགྱོགས་པར་འཁོར་བཞིན་པ་ལས༔ འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས༔ ཕྱི་སྣོད་ཀྱི་འཇིག་རྟེན་ས་ཆུ་མེ་རླུང་འབྱུང་བ་ལྔའི་བཅུད༔ ནང་བཅུད་ཀྱི་སེམས་ཅན་ལྷ་ཀླུ་མིའི་ཚེའི་དངོས་གྲུབ༔ སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བྱིན་རླབས་དང་ཚེ་ཡི་དངོས་གྲུབ༔ རང་གི་ཚེ་བསོད་ནམས་ཡར་བ་འཁྱམས་པ་བརྐུས་པ་ཐམས་ཅད་ཐིག་ལེ་དཀར་པོ་གསལ་ལ་འཚེར་བ་སྣུམ་ལ་འདྲིལ་བ༔ ཡིག་གེ་ནི་ཡིག་གི་རྣམ་པར་བསྡུས་ནས་


CMR008_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུཥ་ཧཱུཾ་ནི་ཛ༔ ཅི་ནུས་བཟླས་པར་བྱའོ༔ གོང་དུ་ལས་བྱང་བཏོན་ན་ཐུན་མཚམས་སུ༔ ཕྱི་རོལ་སྣོད་བཅུད་སོགས་བསྡུ་རིམ་དང་༔ བསྔོ་བ་སྨོན་ལམ་བྱ༔ སྤྲོས་མེད་དྲན་རྫོགས་ཡིན་ན་མི་དགོས༔ བདག་བསྐྱེད་ཡེ་ཤེས་པ་ནི་ནམ་ཡང་མི་གཤེགས༔ ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པ་ཞེས་བྱ༔ དེ་ལྟར་ཉམས་སུ་བླང་བས་རྟགས་ནི་ཆུ་བོ་ལས་བརྒལ་བ༔ གྱེན་ལ་འགྲོ་བ་དང་༔ ལུས་ལ་གོ་གྱོན་པ་དང་༔ ཉི་ཟླ་ཤར་བ་དང་༔ འབྲས་བུ་ལ་ལོངས་སྤྱོད་པ་དང་༔ ལྕགས་ཀྱི་རྡོ་རྗེ་མཐོང་བ་སོགས་འགྲུབ་རྟགས་ཡིན་ནོ༔ གྲངས་ཀྱི་བསྙེན་པ་རབ་འབུམ༔ འབྲིང་ཁྲི༔ ཐ་མ་སྟོང་ཕྲག་རེ་ཟུང་༔ དེ་ལྟར་ཐོན་ན་ཚེའི་བར་ཆད་སེལ་ངེས་སོ༔ དེ་ནི་བསྡུས་པ་ཡིན་ལ༔ རྒྱས་པར་བྱེད་ན་མདུན་དུ་པདྨ་འདབ་བརྒྱད་ཀྱི་སྟེང་དུ༔་ཚེ་བུམ་ཚེ་གཏོར་ཚེ་རིལ་ཚེ་ཆང་རྣམས་བཤམས༔ མདའ་དར་ཚེ་ནས་སོགས་ཀྱང་བཤམ༔ དེ་ནས་རང་ཉིད་བདེ་བའི་གདན་ལ་འཁོད་ཅིང་༔ སྔོན་འགྲོ་དཀར་བགེགས་གང་རུང་ཞིག་དང་པོ་བཏོན་ནས༔ གཞུང་བཞིན་ལས་བྱང་བཏོན༔ མངོན་རྟོགས་ཚར་གཅིག་གིས་བདག་མདུན་


CMR008_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་གསུམ་གཏོར་བསྐྱེད་དང་བཞི༔ ཚེ་ཆང་གི་སྟེང་དང་ཚེ་རིལ་རེ་རེ་ཡང་ཨོ་རྒྱན་རེ་རེ༔ དེ་ནས་ཨོ་རྒྱན་མང་དུ་སྤྱན་དྲངས་ཤིང་སོ་སོར་བསྟིམ་མོ༔ རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་གྲངས་མེད་སྤྲོས་ཏེ༔ བདག་མདུན་སོ་སོ་ལ་མཆོད་བསྟོད་བྱས་པར་བསམས་ལ༔ མཆོད་བསྟོད་གཞུང་ལྟར་བྱས༔ དེ་ནས་བསྙེན་པ་བྱ་སྟེ་ལྷ་སོ་སོའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿལ་སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར་བར་བསྒོམ༔ བདག་བསྐྱེད་ཀྱི་དམིགས་པ་ནི་གོང་དང་འདྲ་ལ༔ བུམ་བསྐྱེད་ཀྱི་དམིགས་པ་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་བུམ་བསྐྱེད་ཀྱི་ཐུགས་ཀར་ཕོག༔ བུམ་བསྐྱེད་ལས་འོད་ཟེར་འཕྲོས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས༔ བུམ་པའི་ནང་དུ་ཀྱི་ལི་ལི་འཁོར་འཆི་མེད་ཀྱི་བདུད་རྩིར་ཞུ༔ འོད་ཟེར་གྱི་རྣམ་པར་བདག་དང་བསྲུང་བྱ་ལ་ཐིམ༔ དེ་ལྟར་བསྒོམ་ཞིང་དམིགས་པ་ཅི་མང་བཟླས་པ་བུམ་བསྐྱེད་དོ༔ དེ་བཞིན་དུ་མདུན་བསྐྱེད་ཀྱི་རྟེན་ནི་ཚེ་བུམ་སྟེང་པདྨ་འོད་འབར་བསྒོམ༔ དེ་ཡི་ཐུགས་ཀ་ནས་འོད་ཟེར་འཕྲོ་འདུས་གོང་ལྟར་ལས༔ ཕྱག་གཡོན་བྷནྡྷའི་ནང་གི་ཚེ་བུམ་ལ་བསྡུ༔ ཚེ་བུམ་ནས་འཆི་མེད་བདུད་རྩི་རང་ལ་ཐིམ་པར་བསྒོམ་ཞིང་བསྙེན་པ་


CMR008_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ལྟར་ཅི་མང་བྱ་ཚེ་རིལ་འབྲུ་རེ་རེ་ཡང་གོང་ལྟར་ཨོ་རྒྱན་ཚེ་དཔག་མེད་གསལ་བའི་འོད་ཟེར་སྤྲོ་བསྡུ་གོང་ལྟར་བྱ་ཞིང་ཚེ་རིལ་ལ་བསྟིམས་ནས་བསྙེན་པ་བྱ༔ དེ་བཞིན་དུ་ཚེ་ཆང་སྟེང་གི་ཨོ་རྒྱན་ཚེ་དཔག་མེད་ལས་འོད་ཟེར་སྤྲོ་བསྡུ་གོང་བཞིན་བྱ་ཞིང་བསྙེན་པ་ཅི་མང་བརྗོད་ནས་ཚེ་ཆང་ལ་བསྟིམ༔ དེ་ལྟར་སྒྲུབ་པ་བྱས་ནས་རྟགས་ཐོན་པར་བྱ༔ རྟགས་ཐོན་ལས་ལ་སྦྱར་བ་ནི༔ ཚེ་དབང་བདག་འཇུག་རྒྱས་པར་བླང་༔ དེ་ནི་སྤྲོས་བཅས་ཀྱི་སྒྲུབ་པ་ཡིན་ནོ༔ ཕན་ཡོན་ནི་ཚེ་དབང་མཇུག་གི་ཡིག་ཆུང་ལས༔ ཨེ་མ་ཧོ༔ དེ་ལྟར་སྒྲུབ་པའི་ཕན་ཡོན་ནི༔ རྐྱེན་ངན་བར་ཆད་ཐམས་ཅད་བཟློག༔ དུས་ཟད་པ་ཡི་མི་ཡིན་ཀྱང་༔ ཚངས་པའི་ཚེ་དང་མཉམ་པར་འགྱུར༔ འཆི་བ་རྣམ་པ་བརྒྱད་མི་འབྱུང་༔ ལས་འཕྲོ་ལྡན་པ་ཉི་ཟླའི་ཚེ༔ རྡོ་རྗེ་གཡུང་དྲུང་ལྟ་བུ་ཡི༔ ཚེ་ཡི་རིག་འཛིན་ཨེ་མ་ཧོ༔ ཞེས་གསུངས་སོ༔ ཞེས་པ་འདི་ནི་དགྲ་རྒྱལ་འབྲུག་གི་ལོ་དམར་པོའི་ཚེས་གསུམ་ནུབ་མོ། དགེ་སློང་རཱ་ག་ཨ་མྱས་སྦྱར་ཏེ་བསྐུལ་བ་པོ་དང་ཡི་གེ་པ་ནི་དགེ་བཤེས་བཱིརྱ་སཱ་ག་རའོ༔ མངྒ་ལཾ༔ གྲངས་ཡིག་ནི༔ བཅུ་ཚོ་བཅུ་ནི་བརྒྱ༔ བརྒྱ་ཚོ་བཅུ་ནི་སྟོང་༔ སྟོང་ཚོ་བཅུ་ནི་


CMR008_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་ཚོ༔ ཁྲི་ཚོ་བཅུ་ནི་འབུམ་ཚོ༔ འབུམ་ཚོ་བཅུ་ནི་བྱེ་བ༔ བྱེ་བ་བཅུ་ནི་ས་ཡ༔ ས་ཡ་བཅུ་ནི་དུང་ཕྱུར་དུ་འགྲོ་བ་ངེས་ཤེས་མཛོད།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousབཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས་ཚེ་སྒྲུབ་ལྕགས་ཀྱི་རི་བོའི་ཟིན་བྲིས།next