Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ དྲག་པོའི་ཟོར་ཟློག་བཅའ་ཐབས་ཀྱི་ཟིན་བྲིས་རབ་ཏུ་གསལ་བ།
   
   
   
   
   
   
   
   
   
   
   
   
   


 
previousབཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ དྲག་པོའི་ཟོར་ཟློག་བཅའ་ཐབས་ཀྱི་ཟིན་བྲིས་རབ་ཏུ་གསལ་བ།next

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ དྲག་པོའི་ཟོར་ཟློག་བཅའ་ཐབས་ཀྱི་ཟིན་བྲིས་རབ་ཏུ་གསལ་བ།


CMR008_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ དྲག་པོའི་ཟོར་ཟློག་བཅའ་ཐབས་ཀྱི་ཟིན་བྲིས་རབ་ཏུ་གསལ་བ་བཞུགས་སོ།།


CMR008_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀྲོ་དྷ་ན་མ་ཡེ༔ པདྨ་འོད་འབར་གྱི་བསྙེན་པ་ཐེམ་པའི་རྣལ་འབྱོར་པས༔ དྲག་པོའི་ཟོར་ཟློག་བྱེད་པར་འདོད་ན༔ དང་པོ་ཕུགས་གཏོར་ཆ་ཚང་བཅའ༔ སྔར་ནས་བཅས་པ་ཡོད་ན་དེས་ཆོག༔ དེ་ནས་ཟངས་ལྕགས་ཀྱི་སྣོད་ཆེན་པོའམ༔ ཐོད་པའི་སྣོད་དུ་དམར་གཏོར་གྲུ་གང་ལ༔ མཐོ་གང་ལས་མི་ཆུང་བ་བཞི་ཡིས་བསྐོར་ཏེ༔ འཁོར་ཁྲོ་བོ་དང་༔ ཁྲོ་མོ་དང་༔ ཁྱུང་དང་༔ སྡིག་པ་བཞི་ཡིན་ནོ༔ གཙོ་བོ་ལ་རྩང་ཉེར་གཅིག་གམ་བདུན་བཙུགས༔ འཁོར་བཞི་ལ་གསུམ་རེའམ་རེ་རེ་བཙུགས༔ ཡང་ལྕགས་སྡེར་རམ་ཐོད་སྣོད་དུ་སེང་གདོང་མའི་གཏོར་མ་དམར་གཏོར་གུར་དྲག་དེ་ལས་སོར་བཞི་བས་ཆུང་བ་གཅིག་ལ༔ འཁོར་མཁའ་འགྲོ་སྡེ་བཞི་དམར་གཏོར་ཆུང་བ་བཞིས་བསྐོར༔ རྩང་བཙུགས་ལུགས་


CMR008_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་དང་འདྲ༔ དེ་གཉིས་ཀའི་དམར་གཏོར་གྱི་ལོགས་གསུམ་དུ་ལིངྒ་མགོ་ཐུར་དུ་བསྟན་པ་གསུམ་བཙུགས༔ ཤ་དང་ཁྲག་གིས་བརྒྱན༔ རྩེ་ལ་མར་གྱི་མེ་རི་རེ་རེ་བཏགས༔ ཡོད་ན་ཙཀྲི་བཙུགས༔ ཡང་ཁ་གཅིག་ཏུ་བཅའ་ན་ཡབ་ཡུམ་གཉིས་དབུས་སུ་བཞག༔ འཁོར་བརྒྱད་ཀྱིས་བསྐོར༔ མཐར་རྩང་བཙུགས༔ རྒྱུན་དུ་གསོ་བའི་ཟན་ལིང་ཆུང་ངུ་དང་༔ གཏོར་ཆུང་ཁྲག་བྱུག་པ་ཤ་དུམ་དང་བཅས་པ་མང་དུ་བཅ༔ ཚོགས་དང་གཏོར་འབུལ་དཀར་གཏོར་ལྷ་བཤོས་མང་བ་བཅ༔ མཆོད་པ་རྣམ་ལྔ་སྤྱི་ལྟར་བཤམས༔ གཏོར་ཟློག་གཉིས་བྱས་ན་བསྒྲིགས་ནས་བཞག༔ རང་གི་མདུན་དུ་གཡས་སུ་དྲག་པོ་དང་༔ གཡོན་དུ་སེང་གདོང་མའོ༔ དེ་ནས་དང་པོ་པདྨ་འོད་འབར་ཚར་གཅིག་འདོན༔ བསྙེན་པ་བཛྲ་གུ་རུ་ཕྲེང་སྐོར་འདོན་ཚེ༔


CMR008_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རང་པདྨ་འོད་འབར་ཐུགས་ཀར་པདྨ་དཀར་པོ་དང་ཟླ་བའི་གདན་ལ་ཡི་གེ་ཧཱི༔དཀར་པོའི་མཐར་བཛྲ་གུ་རུ་གཡས་སུ་འཁོར་བས༔ དེ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་གླིང་དུ་ཨོ་རྒྱན་རིན་པོ་ཆེ་བཞུགས་པའི་ཐུགས་ཀར་ཕོག་པ་དང་༔ ཨོ་རྒྱན་དེའི་ཐུགས་ཀ་ནས་པདྨ་འོད་འབར་གྲངས་མེད་པ་ཆར་དང་ན་བུན་བཞིན་དུ་བྱོན་ནས༔ རང་ལ་རྒྱུན་ཆད་མེད་པར་ཐིམ་པར་བསྒོམ༔ དེ་ནས༔ ༀ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོ་ཤཱནྟི་ཀུ་རུ་སྭཱ་ཧཱ༔ འདི་ཕྲེང་སྐོར་གཅིག་འདོན་ཚེ༔ རང་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཟླ་བའི་འོད་ལྟ་བུ་འཕྲོས་ནས་རང་དང་བསྲུང་བྱ་མི་ནོར་ཐམས་ཅད་ཀྱི་ནད་གདོན་བར་ཆད་ཐམས་ཅད་སང་སང་དག་པར་བསྒོམ༔ དེ་ནས། ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ནད་གདོན་སྡིག་སྒྲིབ་བག་ཆགས་ངན༔ སྡང་དགྲ་གནོད་བྱེད་གདུག་པའི་དབལ༔ རྣོ་བའི་མཚོན་དང་སྦྱོར་བའི་དུག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་དང་༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ རྨིས་ལྟས་མཚན་ངན་ཐམས་ཅད་ཀུན༔ མྱུར་བ་ཉིད་དུ་ཞི་གྱུར་ཅིག༔ ཨོ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཚར་ཉེར་གཅིག་འདོན༔ ༈ དེ་ནས་དྲག་པོ་ནི༔ རང་ཉིད་པདྨ་འོད་འབར་སྐད་ཅིག་ལ་ཐུགས་ཁྲོས་ནས་གུ་རུ་དྲག་པོའི་སྐུར་གྱུར་ཏེ༔ སྐུ་མདོག་དམར་ནག་ཕྱག་གཡས་གསེར་གྱི་རྡོ་རྗེ་ཕྱར་ཞིང་༔ གཡོན་པས་


CMR008_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་སྡིག་པ་འཛིན་པ༔ ཁྲོ་བོའི་ཆ་ལུགས་ཐམས་ཅད་དང་ལྡན་ཞིང་༔ མེ་འབར་བའི་ཀློང་ན་བཞུགས་པའི་ཐུགས་ཀར་ཧཱུྃ་དམར་པོ་ལ་སྔགས་ཀྱི་ཕྲེང་བ་།གཡས་སུ་འཁོར་བར་གྱུར༔ ཨོཾ་ཨཱ༔ཧཱུྃ༔ ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཅེས་ཕྲེང་སྐོར་བཞི་འདོན་ཚེ་རང་གི་སྤྱི་གཙུག་ཏུ་པདྨ་འོད་འབར་ཆུང་ངུ་ཞིག་དབུ་རྒྱན་གྱི་ཚུལ་དུ་བཞུགས་ཤིང་༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོར་ཨོ་རྒྱན་གྱི་ཐུགས་ཀར་ཕོག་པས༔ ཐུགས་ཀ་ནས་སྤྲུལ་པའི་གུ་རུ་དྲག་པོ་ཞལ་གཅིག་ཕྱག་གཉིས་པ་མང་པོ་བྱོན་ནས་རང་ལ་ཐིམ་པར་བསམ༔ ༈ དེ་ནས་ལིངྒ་དང་གཏོར་ཆུང་གིས་དྲག་པོའི་གཏོར་ཆེན་གསོ་བྲན་བྱས་ལ༔ སྨན་དང་རཀྟས་བྲན་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས༔ བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ༔ གཟུགས་མེད་ཀྱི་བགེགས༔ བྱད་ཁ་སྟོན་པའི་བྱད་མ༔ ཚེ་དང་བསོད་ནམས་ལ་བར་དུ་གཅོད་པ༔ ཁ་རྗེ་དབང་ཐང་ལ་བར་དུ་གཅོད་པ་ཐམས་ཅད༔ གཟུགས་ལིངྒ་དང་གཏོར་མ་འདི་ཡི་ནང་དུ་ཁུག་ཅིག༔ ཛཧཱུྃ་བཾ་ཧོ༔ ལན་གསུམ་བརྗོད༔ གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་བདུད་


CMR008_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཧཱུྃ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ལྷོ་ནུབ་སྲིན་པོའི་ཡུལ་དུ་ཨོ་རྒྱན་པདྨ་འོད་འབར་གྱི་ཐུགས་ཀར་ཕོག་པས༔ སྐད་ཅིག་ལ་གུ་རུ་དྲག་པོའི་སྐུར་གྱུར་ནས༔ འཁོར་ཁྲོ་བོ་དང་ཁྲོ་མོ་དམག་དཔུང་ཆེན་པོ་དང་བཅས་པས་འུར་འུར་ཆེམ་ཆེམ་མདུན་དུ་བྱོན་ནས༔ གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ཧབ་ཧབ་གསོལ་བར་གྱུར༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ སོགས་ནས། རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བར་འདོན། གུ་རུ་དྲག་པོའི་ཟོར་ཟློག་ནི༔ ཧཱུྃ༔ དབང་དྲག་འབར་བ་དྲག་པོ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་ནག་དུས་མཐའི་མེ་ལྟར་འབར༔ འཁོར་འདས་དགྲ་ལྡང་གནོད་པ་བཟློག་ཏུ་གསོལ༔ དམར་ལ་ཟླུམ་པའི་སྤྱན་གསུམ་ཕྱོགས་བཅུར་གཟིགས༔ དུག་གསུམ་མི་དགེ་བཅུ་རྣམས་བཟློག་ཏུ་གསོལ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ཡིས་དུག་ལྔ་ལས་གྱུར་ནད་གདོན་བཟློག་ཏུ་གསོལ༔ དབུ་སྐྲ་རལ་པས་ནམ་མཁར་ཁྱབ་པ་ཡིས༔ སྟེང་གདོན་གཟའ་སྐར་ལྷ་གདོན་བཟློག་ཏུ་གསོལ༔ ཤངས་ནས་རླུང་ནག་འབྲུག་སྒྲ་སྒྲོག་པ་ཡིས༔ ཐོག་སེར་ལོ་ཉེས་མུ་


CMR008_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གེ་བཟློག་ཏུ་གསོལ༔ ཞལ་གདངས་ལྗགས་འདྲིལ་མཆེ་བཞི་གཙིགས་པ་ཡིས༔ ཟ་འདྲེ་བདུད་བཞིའི་གནོད་པ་བཟློག་ཏུ་གསོལ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཕྱར་བ་ཡིས༔ མཐའ་དམག་དུས་འཁྲུག་རོ་ལངས་བཟློག་ཏུ་གསོལ༔ གཡོན་པས་སྤྲུལ་པའི་སྡིག་རྒོད་འགྱེད་པ་ཡིས༔ རྒྱལ་འགོང་དམ་སྲིའི་སྨྱོ་འདྲེ་བཟློག་ཏུ་གསོལཿ་སྦྲུལ་རིགས་ལྔ་ཡིས་དབུ་ལ་བརྒྱན་པ་ཡིས༔ ཀླུ་རིགས་ལྔ་ཡི་གནོད་པ་བཟློག་ཏུ་གསོལ༔ མི་མགོ་རློན་པས་དོ་ཤལ་བྱས་པ་ཡིས༔ འཆི་བདག་གཤིན་རྗེའི་ཕོ་ཉ་བཟློག་ཏུ་གསོལ༔ གླང་ཆེན་ཀོ་རློན་སྟོད་གཡོགས་བྱས་པ་ཡིས༔ བགེགས་དང་བདུད་ཀྱི་སྟོབས་ནུས་བཟློག་ཏུ་གསོལ༔ ཞབ་གཉིས་བརྐྱངས་བསྐུམ་དྲེགས་པ་མནན་པ་ཡིས༔ སྲིད་དང་ཞི་བའི་མཐའ་གཉིས་བཟློག་ཏུ་གསོལ༔ སྟག་གི་པགས་པས་སྨད་དཀྲིས་བྱས་པ་ཡི༔ ཤ་ཟ་སྡེ་བརྒྱད་གནོད་པ་བཟློག་ཏུ་གསོལ༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ་བ་ཡིས༔ དུར་སྲི་དུར་འདྲེའི་ཟ་ཁ་བཟློག་ཏུ་གསོལ༔ སྐུ་ལ་ཁྲོ་ཆུང་ཚྭ་ཚྭ་འཕྲོ་བ་ཡིས༔ ཁྲོ་བོ་ཁྲོ་མོས་བཀའ་ཆད་བཟློག་ཏུ་གསོལ༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས་པ་ཡིས༔ མ་རིག་


CMR008_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་སྡུག་བསྔལ་བཟློག་ཏུ་གསོལ༔ མཁའ་འགྲོ་མ་ཚོགས་རོལ་དུ་ཁྲིད་པ་ཡིས༔ ཡེ་ཤེས་འཇིག་རྟེན་སུན་མ་བཟློག་ཏུ་གསོལ༔་མེ་དབལ་ཁྲོ་ཚོགས་གཡས་ན་ཧཱུཾ་སྒྲ་ཡིས༔ སྲིད་པ་ཕོ་རྒྱུད་གནོད་པ་བཟློག་ཏུ་གསོལ། མཁའ་འགྲོ་མ་ཚོགས་གཡོན་ན་ཕཊ་སྒྲ་ཡིས༔ སྲིད་པ་མོ་རྒྱུད་གནོད་པ་བཟློག་ཏུ་གསོལ༔ ཡེ་ཤེས་ཁྱུང་ཆེན་ནམ་མཁར་ལྡིང་བ་ཡིས༔ ཀླུ་གཉན་ས་བདག་གནོད་པ་བཟློག་ཏུ་གསོལ༔ ཕྱོགས་མཚམས་སྤྲུལ་པའི་ལྕགས་སྡིག་ཤིག་ཤིག་ཟིང་༔ འབྱུང་པོ་དམ་སྲི་འགོང་པོ་བཟློག་ཏུ་གསོལ༔ སྡེ་བརྒྱད་དམག་དཔུང་བྲན་དུ་བཀོལ་བ་ཡིས༔ དགྲ་སྣ་དམག་སྣ་ཇག་རྐུན་བཟློག་ཏུ་གསོལ༔ བྷྱོ༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ ད་ལྟ་རྣལ་འབྱོར་བདག་ཅག་ལ༔ སྡེ་བརྒྱད་ཆད་པ་བྱུང་བ་ཟློག༔་བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག༔ བརྗེའི་སྔགས་ཟོར་འདུས་པ་ཟློག༔ མུ་སྟེགས་བོན་པོའི་ཛོ་དམར་ཟློག༔ ལྷ་འདྲེའི་ཟ་ཁ་ཟུག་པ་ཟློག༔ རྒྱལ་པོ་ལོ་ཡི་བདུན་ཟུར་ཟློག༔ བློན་པོ་ཟླ་བའི་དབང་བཙན་ཟློག༔ དམག་མའི་ཞག་གི་དཔུང་དགྲ་ཟློག༔ མཚོན་ཆ་དུས་ཀྱི་རྣོ་ངར་ཟློག༔ སྤར་ཁའི་སྐྱ་མདའ་ཟུག་པ་ཟློག༔


CMR008_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྨེ་བ་དུར་དུ་ཚུད་པ་ཟློག༔ ས་བདག་ཀོ་ལོང་གདུག་རྩུབ་ཟློག༔ འབྱུང་བའི་དགྲ་གཤེད་འཐབ་པ་ཟློག༔ གཟའ་སྐར་དུས་ཚོད་ངན་པ་ཟློག༔ ལོ་ཟླ་ཞིག་དུས་བབ་པ་ཟློག༔ ཁྲམ་དང་བྱད་དུ་བཅུག་པ་ཟློག༔ ཧོམ་དང་པར་བུ་བསྐོར་བ་ཟློག༔ དགྲ་ཆག་བདུད་དུ་ལང་པ་ཟློག༔ ལྟས་ངན་གློ་བུར་ཡེ་འདྲོགས་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག །མི་ཁ་བྲ་མཆུ་ཐམས་ཅད་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག༔ སྔོན་བསྒུག་ཕྱི་ནས་དེད་པ་ཟློག༔ དགྲ་སྣ་ཕུང་སྣ་གྱོད་སྣ་ཟློག༔ ནད་སྣ་ཡམས་སྣ་རིམས་སྣ་ཟློག༔ དགྲ་སྲི་རྨི་ངན་ཐམས་ཅད་ཟློག༔ ཆེ་སྲི་ཆུང་སྲི་རྒན་སྲི་ཟློག༔ གཞོན་སྲི་དར་སྲི་གོད་སྲི་ཟློག༔ དགྲ་སྲི་མཚོན་སྲི་ནད་སྲི་ཟློག༔ མདོར་ན་སྲིད་པའི་ཆག་སྒོ་དང་༔ བདག་ལ་གནོད་པའི་དགྲ་འདྲེ་རྣམས༔ སྡང་བྱེད་དགྲ་ཡི་སྟེང་དུ་ཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ༔ བར་ཆད་བདུད་ཀྱི་སྟེང་དུ་བྷྱོ༔ ཟ་འདྲེ་ཕུང་འདྲེའི་སྟེང་བྷྱོ༔ དམ་ཉམས་བྱད་མའི་སྟེང་དུ་བྷྱོ༔ ཧཱུྃ༔ དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ལས་ཀྱི་དབང་དྲག་སྲིན་པོའི་གཟུགས་ཅན་ནི༔ སྐུ་ལ་མེ་འོད་


CMR008_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆ་ཡ་ལ་ལ༔ ཁྲོ་ཚོགས་རབ་འཇིགས་གཡས་ན་ཧཱུཾ་སྒྲ་ལྡིར༔ མཁའ་འགྲོ་རབ་འཇིགས་གཡོན་ན་ཕཊ་སྒྲ་སྒྲོག༔ ཕྱོགས་དང་ཕྱོགས་མཚམས་ལྕགས་སྡིག་ཤིག་ཤིག་ཟིང་ལྷ་སྲིན་སྡེ་བརྒྱད་བྲན་དང་རོལ་དུ་ཁྲིད༔ གནོད་བྱེད་མ་ལུས་ཧབ་ཧབ་ཟས་སུ་ཟ༔ ཧོར་སོགས་འཇིགས་པའི་དམག་དཔུང་བཟློག་ཏུ་གསོལ༔ རང་རང་གནས་སུ་བྱང་ཆུབ་སྒྲུབ་པ་ལ༔ ཕྲིན་ལས་དུས་ལ་བབ་བོ་ས་མ་ཡཱ༔ འདོན༔ མདུན་དུ་གུ་རུ་དྲག་པོའི་སྐུ་ལས་མེ་དཔུང་དང་མཚོན་ཆའི་ཚོགས་འཕྲོས༔ གནོད་བྱེད་ཐམས་ཅད་བསྲེག་ཅིང་གཏུབ་གཡས་ན་ཁྲོ་བོའི་དམག་ཚོགས༔ གཡོན་ན་ཁྲོ་མོའི་དམག་ཚོགས༔ རྒྱབ་ན་ལྷ་སྲིན་གྱི་དམག་ཚོགས༔ སྟེང་ན་ཁྱུང་གི་དམག་ཚོགས༔ འོག་གི་ས་གཞི་ཐམས་ཅད་ལྕགས་སྡིག་གི་དམག་ཚོགས་ཀྱིས་གང་ནས་རང་དང་བསྲུང་བྱ་ལ་གནོད་པའི་དགྲ་བགེགས་ཐམས་ཅད་ཧབ་ཧབ་ཟོས་ནས་རྗེས་མེད་དུ་སོང་བར་གྱུར༔ ཅེས་བསྒོམས་ལ༔ ཨོཾ་ཨཱཿཧཱུྃ༔ ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དང་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་བཟློག་ཅིག༔ ཅེས་ཕྲེང་སྐོར་ཅིག་འདོན་ཐལ་མོ་ལན་གསུམ་བརྡབ་བོ༔ ཁྱི་དང་


CMR008_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ལི་བནྡྷེ་བུད་མེད་བརྡུང་བ་དང་༔ གོ་གྱོན་མཚོན་དང་མཁར་བཙན་བཟུང་བ་དང་༔ སེར་བ་ཟློག་པ་རང་དངོས་སུ་དཔའ་སེམས་བསྐྱེད་པ་བྱུང་ན་བར་ཆད་ཟློག་པའི་རྟགས་སོ༔ དེ་ལྟར་དྲག་པོ་ཚར་ནས༔ རང་ཉིད་གུ་རུ་དྲག་པོ་སྐད་ཅིག་ལ་གནས་འགྱུར་ནས༔ མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་གྲི་གུག་དང་ཐོ་ཁྲག་འཛིན་ཅིང་གར་བྱེད་པ༔ ཡབ་གུ་རུ་དྲག་པོའི་ངོ་བོ་ཁཊཾ་ག་ལ་འཁྱུད་པ༔ སྤྱི་གཙུག་ན་གུ་རུ་པདྨ་འོད་འབར་སོར་བཞི་ཙམ་ཞིག་གིས་དབུ་བརྒྱན་པ༔ ཐུགས་ཀར་ཧཱུཾ་མཐིང་ནག་གི་མཐར་སྔགས་ཕྲེང་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་ཨོ་རྒྱན་གྱི་གནས་ནས་སེང་གདོང་མ་ཁ་བ་བུ་ཡུག་ལྟར་བྱོན་ནས་རང་ལ་ཐིམ་པར་གྱུར༔ ཨཀཿསཿམརཿཙཤདརསམརཿཡཕཊ༔ ཕྲེང་སྐོར་བཞི་འདོན༔ དེ་ནས་སེང་གདོང་མའི་གཏོར་ཆེན་ལིང་ག་དང་གཏོར་ཆུང་གིས་གསོ་བྲན་བྱས་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས༔ བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ༔ གཟུགས་མེད་ཀྱི་བགེགས༔ བྱད་ཁ་སྟོན་པའི་བྱད་མ༔ ཚེ་དང་བསོད་ནམས་ལ་བར་དུ་


CMR008_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པ༔ ཁ་རྗེ་དབང་ཐང་ལ་བར་དུ་གཅོད་པ་ཐམས་ཅད༔ གཟུགས་ལིངྒ་དང་གཏོར་མ་འདི་ཡི་ནང་དུ་ཁུག་ཅིག༔ ཛཧཱུྃ་བཾ་ཧོ༔ ལན་གསུམ། གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ནུབ་ཕྱོགས་ཨོ་རྒྱན་གྱི་གནས་ནས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན༔ འཁོར་སྐུ་སྤྲུལ་སེང་གདོང་མ༔ གསུང་སྤྲུལ་སྟག་གདོང་མ༔ ཐུགས་སྤྲུལ་དོམ་གདོང་མ༔ ཡོན་ཏན་སྤྲུལ་པ་མ་མོ་འབུམ་སྡེ༔ ཕྲིན་ལས་སྤྲུལ་པ་སྤྱང་གདོང་ལྗང་མོ༔ ཡང་སྤྲུལ་མཁའ་འགྲོ་བྱེ་བ་ས་ཡ་དང་བཅས་པ་འུར་འུར་ཆེམ་ཆེམ་བྱོན་ནས༔ གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཧབ་ཧབ་གསོལ་བར་གྱུར༔ དེ་ནས། ཧཱུྃ་མ་སྐྱེས་རྫོགས་པ་ཆོས་ཀྱི་དབྱིངས་ཉིད་ལས༔ ཞེས་པ་ནས༔ བ་ལིཾ་ཏ་ཁཱ་ཧི༔ བར་འདོན། སེང་གདོང་མའི་ཟོར་ཟློག་ནི༔ ཧཱུཾ་བྷྱོ༔ དབང་བྲག་འབར་བའི་ཡུམ་གཅིག་སེང་གདོང་མ༔ སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད༔ ལས་ངན་འཁོར་བའི་བག་ཆགས་བཟློག་ཏུ་གསོལ༔ སེང་གེའི་ཞལ་གདངས་ངར་སྒྲ་སྒྲོག་པ་ཡིས༔ བོན་དང་མུ་སྟེགས་ཚོགས་


CMR008_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཟློག་ཏུ་གསོལ༔ ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་རྫོགས་པ་ཡིས༔ མུ་སྟེགས་ལྟོག་འགོང་དབུལ་སྲི་བཟློག་ཏུ་གསོལ༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་བ་ཡིས༔ ལས་བྱེད་སྲོག་གཅོད་དབུགས་ལེན་བཟློག་ཏུ་གསོལ༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ་ཡིས༔ མ་མོའི་ཁྲག་ནད་དལ་ཡམས་བཟློག་ཏུ་གསོལ༔ ཁ་ཊཾ་རྩེ་གསུམ་མཆན་དུ་བཅུག་པ་ཡིས༔ དུག་གསུམ་ནད་གསུམ་གདོན་གསུམ་བཟློག་ཏུ་གསོལ༔ རུས་རྒྱན་མེ་ལོང་དྲིལ་བུ་གཡེལ་ཁ་ཡིས༔ དཔའ་བོ་ཌཱ་ཀིའི་སུན་མ་བཟློག་ཏུ་གསོལ༔ ཡེ་ཤེས་མེ་དཔུང་སྐུ་ལ་འབར་བ་ཡིས༔ གཟུང་འཛིན་གྲིབ་དང་མི་གཙང་བཟློག་ཏུ་གསོལ༔ གར་ཐབས་པད་ཉི་རོ་སྟེང་འགྱིང་བ་ཡིས༔ སྣང་ཞིང་སྲིད་པའི་གདོན་ཚོགས་བཟློག་ཏུ་གསོལ༔ སྐུ་སྤྲུལ་མཁའ་འགྲོ་སེང་གདོང་དཀར་མོ་ཡིས༔ བནྡེའི་བྱད་ཁ་དྲོད་གཏོང་བཟློག་ཏུ་གསོལ༔ གསུང་སྤྲུལ་དམར་མོ་སྟག་གི་གདོང་ཅན་གྱིས༔ བན་བོན་ངན་སྔགས་བྱད་ཁ་བཟློག་ཏུ་གསོལ༔ ཐུགས་སྤྲུལ་ལྗང་མོ་དོམ་གྱི་གདོང་ཅན་གྱིས༔ མུ་སྟེགས་ངན་པའི་སྦྱོར་ངན་བཟློག་ཏུ་གསོལ༔ ཡོན་ཏན་སྤྲུལ་པ་


CMR008_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་འབུམ་ཕྲག་གིས༔ མ་མོའི་དལ་ཁ་རིམས་ནད་བཟློག་ཏུ་གསོལ༔ ཕྲིན་ལས་སྤྲུལ་པ་སྤྱང་གདོང་ལྗང་མོ་ཡིས༔ གཏད་སེལ་ཕྲ་མེན་རླུང་འཁོར་བཟློག་ཏུ་གསོལ༔ ཡང་སྤྲུལ་ཕོ་ཉ་རི་རབ་རྡུལ་མཉམ་གྲངས༔ དགྲ་འདྲེས་ལྟས་ངན་ཡེ་འདྲོགས་བཟློག་ཏུ་གསོལ༔ སྔགས་ལན་གསུམ་བརྗོད༔ ཧཱུྃ༔ མཁའ་འགྲོ་སེང་གེའི་གདོང་ཅན་འཁོར་བཅས་ཀྱིས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི༔ སྲིད་པའི་ཁྲམ་ཁ་ཐམས་ཅད་དགྲ་ལ་བསྒྱུར༔ ལྷ་འདྲེའི་དམག་ཚོགས་མ་ལུས་དགྲ་ལ་དྲོངས༔ ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམས་པ་བྱད་ཁ་ཕུར་ཁ་དྲོད་གཏོང་དྲག་པོ་དང་༔ མཚེ་ཟོར་ཅད་འདྲེ་ཡུངས་ཟོར་འཕེན་པ་ཟློག༔ ས་བདག་ཀླུ་ཡིས་བྱེད་དུ་བཅུག་པ་དང་༔ ཐེའུ་རང་འགོང་པོའི་སྲིས་རྐུན་ཐམས་ཅད་ཟློག༔ གཤིན་རྗེའི་འཁོར་ལོ་བདུད་ཀྱིས་ཁྲམ་འདེབས་དང་༔ མུ་སྟེགས་ངན་པས་བར་ཆད་བྱེད་པ་ཟློག༔ རྒྱལ་བསེན་རྣམས་ཀྱིས་སྨྱོ་འབོག་གཏོང་བ་དང་༔ དྲང་སྲོང་གཟའ་དང་ཀླུ་གདོན་གནོད་པ་ཟློག༔ ཞང་ཞུང་ཛོ་དམར་སུམ་པའི་གླང་ཟོར་དང་༔ བོན་པོ་རྣམས་ཀྱིས་གཏོར་ཟོར་འཕེན་


CMR008_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟློག༔ བརྗེའི་སྔགས་ཟོར་སྐྱེས་པའི་མདའ་ཟོར་དང་༔ བུད་མེད་རྣམས་ཀྱིས་དམོད་ཟོར་འཕེན་པ་བཟློག༔ བདུད་ཀྱི་ཞགས་པ་གཤིན་རྗེའི་ཁྲམ་ཁ་དང་༔ མཁའ་འགྲོ་རྣམས་ཀྱིས་ཁྲག་ནད་གཏོང་བ་ཟློག༔ བདུད་ཀྱི་གཤེད་བཞི་རོ་ལངས་འབྱུང་པོ་དང་༔ མ་མོ་རྣམས་ཀྱིས་ཁྲག་ཟོར་འཕེན་པ་ཟློག༔ མོ་རྩིས་ངན་དང་རྨི་ལམ་མཚན་མ་ངན༔ ལྟས་ངན་མི་རུང་བརྒྱད་ཅུ་རྩ་གཅིག་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་དང་༔ གདོན་རིགས་ཉི་ཁྲི་ཆིག་སྟོང་ཚོགས་རྣམས་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་མ་ལུས་དང་༔ ཡེ་འདྲོགས་ཆེན་པོ་སུམ་བརྒྱ་དྲུག་ཅུ་ཟློག༔ གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་སྐག༔ མི་མཐུན་ཚོགས་རྣམས་དགྲ་བགེགས་སྟེང་དུ་ཟློག༔ དུས་མིན་འཆི་བའི་འཇིགས་པ་བརྒྱད་རྣམས་དང་༔ ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་ཟློག༔ དེ་ནས། སེང་གདོང་མའི་བསྐུལ་པ་ནི༔ ཧཱུྃ༔ ང་ནི་དབང་དྲག་ཆེ་མཆོག་བདག༔ བྷྱོ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཁྲག་མཚོ་ཁོལ་མའི་དབུས་ནས་བཞེངས༔ སྲུང་མ་འཁོར་དུ་རོལ་ཞིང་འཁྲིད༔ བདག་ལ་བརྣག་པའི་དགྲ་བོ་


CMR008_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

འདིས༔ བླ་མ་དམ་པའི་སྐུ་ལ་བསྡོས༔ སངས་རྒྱས་བསྟན་པའི་རྨང་རྡོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔་ཆོས་མཛད་ཡོངས་ལ་བརྙས་སུ་བཅུག༔ དགེ་བ་བཅུ་ཡི་བསོད་ནམས་བཅག༔ མི་དགེ་བཅུ་ནི་དང་དུ་བླངས༔ རྣལ་འབྱོར་བདག་ལ་བསྡོས་སུ་བཙུགས༔ སྔགས་སྲུང་ཁྱེད་ལ་མཐུ་མེད་ཟེར༔ བསྐུལ་ལོ་མཁའ་འགྲོ་ལས་ལ་བསྐུལ༔ འདི་ལ་ཁྱེད་ཀྱི་མཐུ་མེད་ན༔ ཁྲག་འཐུང་ཆེན་པོའི་བཀའ་ཡང་བཅག༔ ཁྱོད་ཀྱང་དམ་ཚིག་ཉམས་པ་སྟེ༔ རྣལ་འབྱོར་ཡི་ཡང་མི་ཆད་དམ༔ རྒྱུ་འབྲས་བདེན་པས་མི་བསླུའམ༔ དགྲ་བོ་ཚེ་ཟད་དུས་ཐེམ་ན༔ ཁྱོད་ཀྱི་མཐུ་རྩལ་ཅི་ཞིག་བྱ༔ གློ་བུར་ཧུར་ཐུམ་དུས་ལ་བབ༔ སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང་༔ ལོ་དང་ཟླ་བར་བཞག་ཐབས་མེད༔ བསད་རྟགས་དོན་སྙིང་ད་ལྟ་ལོངས༔ དུས་ལ་བབ་བོ་ས་མ་ཡ༔ ༈ བདག་དང་མདུན་བསྐྱེད་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་ཚོགས་ཀྱིས་གང་ནས་སྔགས་ཀྱི་སྒྲ་འབྲུག་སྟོང་གྲག་པ་ཙམ་འུ་རུ་རུ་སྒྲོག་ཅིང་༔ རང་གི་སྣ་བུག་ནས་ལས་ཀྱི་རླུང་དམར་འཚུབ་མ་ཆེན་པོ་འཕྲོས་ཏེ་བདག་ཅག་ལ་གནོད་ཅིང་


CMR008_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་རང་དབང་མེད་པར་སྦྱར་མ་རླུང་གིས་ཁྱེར་བ་ལྟར་བཀུག་ནས༔ རང་སེང་གདོང་མའི་ཕྱག་གཡས་ཟླ་བ་དང་ཕྱག་གཡོན་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དགྲ་བགེགས་ཐམས་ཅད་སྤུང་ངེ་བཞག་པར་གྱུར༔ དཔལ་ལྡན་རྡོ་རྗེ་ལྷ་མོ་ནི། དྲག་མོ་སེང་གེའི་གདོང་པ་ཅན༔ ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ༔ སེང་གེའི་གདོང་ཅན་ལྷ་མོར་འདུད༔ ཨཀཿསཿམཿརཿཙཤདརཿསཿམཿརཿཡཿཕཊ༔ ཅེས་ཕྲེང་སྐོར་གཅིག་ཕྲེང་བ་ཕྱིར་བཅད་ཅིང་བགྲང་༔ མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ༔ སྡང་བར་བྱེད་པའི་དགྲ་གནོད་པར་བྱེད་པའི་བགེགས༔ བར་དུ་གཅོད་པའི་རྐྱེན༔ མདོར་ན་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག༔ ལག་པ་གཡས་ཟླ་བའི་དཀྱིལ་འཁོར༔ གཡོན་ཉི་མ༔ ཉི་ཟླ་བརྡབ་པའི་བར་དུ་གནོད་བྱེད་ཐམས་ཅད་དམར་ཆིལ་ཆིལ་སོང་བ༔ འཁོར་མཁའ་འགྲོ་རྣམས་ཀྱིས་ལྷག་མ་མེད་པར་གསོལ་བར་གྱུར༔ ཅེས་བསྒོམས་ལ་ཐལ་མོ་ལན་


CMR008_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བརྡབ་བོ༔ དམིགས་པ་བསྒོམ་ཐུབ་ན་སྔགས་མང་དུ་འདོན་མི་དགོས༔ བཏོན་ཀྱང་རུང་ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས༔ དགྲ་བགེགས་དག་ནི་ཐམས་ཅད་ཀྱི༔ ལུས་ངག་ཐལ་བ་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུས༔ གནོད་བྱེད་མ་ལུས་ཞི་བ་དང་༔ ཅི་བསམ་ཡིད་བཞིན་འགྲུབ་པ་དང་བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད༔ ཅེས་བརྗོད༔ དེ་ནས་མདུན་བསྐྱེད་དྲག་པོ་དང་༔ སེང་གདོང་མ་གཉིས་འབུལ་ཉིན་གཏོར་མའི་རྩེ་ཡི་མར་རྒྱན་དང་དབྱེར་མེད་དུ་བཞུགས་པར་བསྒོམ༔ བདག་བསྐྱེད་ནི༔ བདག་ཉིད་སེང་གདོང་མའི་འཁོར་རྣམས་བདག་ལ་ཐིམ༔ བདག་ཐུགས་ཀའི་ཧཱུཾ་ལ་ཐིམ༔ ཧཱུྃ་ཡང་འཇའ་ལྟར་ཡལ་ནས་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་ངང་ལ་གནས་པར་གྱུར༔ ཅེས་སེམས་ངོ་ཡུད་ཙམ་བསྐྱང་༔ དགེ་བ་འདི་ཡིས་མྱུར་དུ་བདག༔ དྲག་པོ་ཡབ་ཡུམ་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ བདུད་བཞིའི་གཡུལ་ལས་རྒྱལ་བར་ཤོག༔ དེ་ཡན་ཐུན་གཅིག་གོ༔ དེ་ལྟ་བུའི་ཐུན་གསུམ་མམ་བཞིའམ༔ ཐུན་དྲུག་ལྟ་བུ་གང་ཐོན་བྱའོ༔ ཡང་པདྨ་འོད་འབར་འདོན༔་དྲག་པོ་སེང་གདོང་མ་རྣམས་སྔར་ལྟར་འོར་ནས་འདོན་པ་ཡིན་ནོ༔ ཚོགས་གཏོར་འབུལ་རྒྱུན་དུ་མ་ཐོན་ཀྱང་༔ དང་པོ་དང་


CMR008_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་ནུབ་བྱེད་དགོས་སོ༔ ཚོགས་གཞུང་ལྟར་ཡིན༔ གཏོར་འབུལ་བྱེད་ན་འོད་འབར་ཆད་བརྟན་གཉིས༔ དམར་གཏོར་གཉིས་འབུལ༔ དཀར་གཏོར་གཅིག་གཞི་བདག་ལ་བསྔོ་བ་སྤྱི་ལྟར་རོ༔ ཐུན་རེ་ལ་མཆོད་པ་རྗེ་མ་ཐུབ་ཀྱང་སྐྱོན་མེད༔ དཀྱིལ་འཁོར་འགྲམ་དུ་བཤམས་ནས་བཞག༔ པདྨ་འོད་འབར་ནམ་བཏོན་བླ་མ་གཏོར་མ་གསོ་བར་བྱའོ༔ འདི་ནི་ཕྱི་སྒྲུབ་འོད་འབར༔ ནང་སྒྲུབ་དྲག་པོ༔ གསང་སྒྲུབ་སེང་གདོང་མ༔ གཏོར་སྒྲུབ་ཡང་ཡིན༔ རྨིས་ལྟས་ལ༔ དམར་གཏོར་བཤིག་པ༔ ཕུར་པ་བཅག་པ༔ སེར་བ་དང་རྦབ་ཟློག་པ༔ མདའ་གཞུ་དང་མཚོན་ཆ་གཏིབས་པ་སོགས་རྨིས་ན་བྱེད་ཁ་ཟློག་པའི་རྟགས་སོ༔ སེམས་ཅན་བསད་པ་དང་བརྡུང་བ་སོགས་རྨིས་ན་དགྲ་གདོན་ཐུལ་རྟགས་ཡིན༔ དེ་ནས་ཞག་གྲངས་ཐེམ་ཉིན༔ སྔ་དྲོ་ཐུན་སྔར་ལྟར་བྱ༔ དེ་ནས་མཁོ་བའི་གཏོར་མ་རྣམས་བཅའ་ལ༔ ཕྱོགས་གང་ཡོད་ངོས་ཕ་ཀི་དེར་དཀར་གཏོར་བཤམས༔་དེ་རྒྱབ་གསེར་སྐྱེམས༔ དེ་རྒྱབ་དམར་གཏོར་གཉིས་བཤམས༔ དེ་ནས༔ ཧཱུྃ་སྤ་ར་ཎ༔ གཏོར་ཆེན་རྩེའི་ལྷ་གཉིས་ནམ་མཁར་བཏེག་ནས་བཞུགས་པར་གྱུར་ཅེས་མར་རྒྱན་དང་ཙཀ་ལི་བླངས་ལ༔ དམར་གཏོར་གཉིས་ཀྱི་རྒྱབ་དེར༔ སེང་གདོང་མའི་གཏོར་ཆེན༔ དེ་རྒྱབ་དྲག་པོའི་གཏོར་ཆེན་བཤམས༔ དེ་ཐམས་ཅད་བྲན་ལ༔ དེ་ནས་དཀར་གཏོར་བསྔོ་བ་ནི༔ ཧཱུྃ༔ ཤར་ལ་སོགས་པའི་ཕྱོགས་བཅུ་ན༔ གནས་པའི་ལྷ་ཀླུ་མི་མ་ཡིན༔


CMR008_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བཀའ་ཡི་གཏོར་མ་ལོངས༔ བདེར་གཤེགས་བསྟན་པའི་སྤྱི་དགྲ་བྱུང་༔ དེ་ལ་ཁྲག་འཐུང་ཆེན་པོས་བཀས༔ དྲེགས་པ་ཐམས་ཅད་དམག་ཏུ་བསྡུས༔ ལམ་དུ་གནས་པའི་མཐུ་ཆེན་དེངས༔ མ་རུངས་ལྷ་སྲིན་འཁོར་དང་བཅས༔ ཐམས་ཅད་དེ་རིང་དམག་ལ་ཆོས༔ དྲང་སྲོང་རྒྱལ་པོ་རཱ་ཧུ་ལ༔ འཁོར་བཅས་དམག་གི་སྡོང་གྲོགས་མཛོད༔ ཅེས་བརྗོད༔ གཏོར་ཟློག་ཁྱིམ་ནས་འབུལ་ན༔ དཀར་གཏོར་འདིར་འབུལ༔ རི་ལ་ཕུལ་རྒྱུ་ཡིན་ན་དཀར་གཏོར་བཞག༔ དེ་ནས་གསེར་སྐྱེམས་མཆོད་ལ་འདི་སྐད་དོ༔ ཧཱུྃ༔ ཕྱོགས་བཅུ་ཀུན་ན་གནས་པ་དང་༔ ཡུལ་ཕྱོགས་འདི་ལ་གནས་པ་ཡི༔ ས་བདག་ཀླུ་གཉན་མཐུ་ཆེན་ཀུན༔ རྣལ་འབྱོར་བདག་ལ་སྙན་གསོན་དང་༔ ཆང་བས་དེ་ནི་ངོ་ཆེ་མེད༔ མེད་པ་དེ་ནི་མི་ལས་བཙལ༔ གསེར་བས་དེ་ནི་རིན་ཆེ་མེད༔ སྲ་བ་དེ་ནི་བྲག་ལས་བསྐོས༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་མར་སྨད༔ བར་པ་རྣམས་ཀྱིས་སྐུ་བཟུར་ལ༔ དྲག་པོ་གཏོར་མའི་ལམ་ཕྱེས་ཤིག༔ ཧཱུྃ༔ དབང་དྲག་པདྨ་ཡབ་ཡུམ་གྱི༔ ནང་སྒོ་སྲུང་བའི་སྒོ་མ་བཞི༔ ཕྱི་སྒོ་


CMR008_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བའི་རྒྱལ་ཆེན་བཞི༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག༔ འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག༔ གཏོར་ལམ་དགྲ་དང་བགེགས་ལ་སྟོན༔ དགྲ་དཔུང་ཆོག་ལ་བགེགས་དཔུང་ཐུལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གསེར་སྐྱེམས་གཏོར༔ ཆད་མདོ་ནི༔ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་ལ༔ ཅེས་སོགས་ནས། ཧོར་སོགས་འཇིགས་པའི་དམག་དཔུང་བཟློག་ཏུ་གསོལ༔ དམར་གཏོར་གཉིས་དུས་གཅིག་ལ་འབུལ༔ དེ་ནས་ཁྱིམ་དུ་འབུལ་ན་སླ་ང་ནང་དུ་ཟན་ལིང་བཞག་ལ། འགུགས་གཞུག་ལན་གསུམ་བྱས་ལ༔ སེང་གདོང་མའི་གཞུང་ཚར་གཅིག་འདོན༔ ཨཀསམཐརཿཙསོགས། སྔགས་འདོན་ཅིང་སླ་ང་ནང་དུ་སེང་གདོང་མའི་གཏོར་མ་རྒྱབ༔ དེ་ནས་དྲག་པོའི་གཞུང་ཚར་གཅིག་འདོན་ལ་དྲག་པོའི་གཏོར་མ་རྒྱབ༔ གཏོར་མ་མེ་ཧོམ་བརྩེགས་ལ་བསྲེག་བཅུག་གོ༔ རི་ལ་འབུལ་ན་སྔོན་ལ་དཀར་གཏོར་ཁྱེར༔ དེ་རྒྱབ་སེང་གདོང་མའི་གཏོར་མ་ཁྱེར༔ དེ་རྒྱབ་དྲག་པོ་ཁྱེར་ལ༔ དེ་ནས་དར་ནག་ཡོད་ན་ཁྱེར་ལ༔ སེང་གདོང་མའི་གཞུང་ནི༔ བྷྱོ༔ མ་སྐྱེས་རྫོགས་པ་སོགས་ནས། ཨཀསམཐའི་བར་དང་༔ དྲག་པོ༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་སོགས་ནས། ཨོཾ་ཨཱ༔ཧཱུྃ་ཨརྩིག་ནིརྩིག་ནས་བློ་བཟློག་ཅིག།


CMR008_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོན༔ དེ་ནས་དྲག་སེང་གཉིས་ཀྱི་བསྐུལ་འདོན༔ དེ་ནས་ཟོར་ལས་འདོན༔ གཏོར་མ་དེ་ཉིད་མེའི་ཕུང་པོ་མཚོན་ཆ་སྣ་ཚོགས་ཀྱི་ཚྭ་ཚྭ་འཕྲོ་བའི་རླུང་འཚུབ་ཆེན་པོ་ལྟར་སོང་བས་དགྲ་བགེགས་ཐམས་ཅད་རྩྭ་སྐྱ་མེ་ཡིས་ཕོག་པ་ལྟར་རྡུལ་དུ་བརླག་པར་གྱུར་བར་བསྒོམས་ལ་ཕྱོགས་ཡོད་སར་འབུལ་རྒྱུ་བསྐུར༔ ཚུར་མི་ལེན་ནོ༔ ཚུར་མ་བྱུང་བར་ཨརྩིག་ལ་ཨ་ཡ་མའི་སྔགས་ཤམ་བུ་ཅན་དང་༔ ཨཿཀཿསཿམཿསོགས་འདོན་ཅིང་རོལ་མོ་བྱའོ༔ ཚུར་ལ་ལོག་ནས༔ དང་པོ་གཏོར་མདོས་བཅས་པའི་སྣོད་དེ་གཉིས་ནང་དུ་ཆུ་གཙང་དང་ཇ་ཆང་གི་ཕུད་བླུགས་ལ་དུད་རྩིས་བྲན་ལ༔ འོད་འབར་གཞུང་གི་བརྟན་མ་ནི༔ ཁྱད་པར་སློབ་དཔོན་པདྨའི་བཀའ་སྒྲུབ་པའི༔ སོགས་ཀྱིས་བརྟན་མ་འབུལ༔ དེ་ནས་སྒོ་རྩར་གཏོར་གཞོང་སྦུབ་ལ༔ ཧཱུྃ༔ ང་ནི་དབང་དྲག་ཆེ་མཆོག་བདག༔ གནོད་བྱེད་འབྱུང་པོ་དམ་སྲི་རྣམས༔ གཏོར་གཞོང་རི་རབ་འོག་ཏུ་མནན༔ དྲག་པོ་ཡབ་ཡུམ་བྲོ་ར་བཙུགས༔ བྱམས་མགོན་བསྟན་པ་མ་བྱུང་བར༔ སྟེང་གི་ཕྱོགས་སུ་མ་ལྡང་ཞིག༔ ཨོ་ལཾ༔ ཧཱུཾ་ལཾ༔ སྟེ་བྷ་ཡ་ནན༔ ཞེས་གནོད་བྱེད་དམ་སྲི་མནན་པར་བསྒོམ༔ དེ་ནས་ཚེ་འགུགས་དང་ཚེ་གཟུངས་སོགས་ཚར་གསུམ་མམ་བདུན་འདོན༔ སྨོན་ལམ་བསྔོ་བ་རྫོགས་རིམ་བཀྲ་ཤིས་སོགས་འོད་འབར་གྱི་མཇུག་དེ་མ་ལུས་པ་འདོན༔ དོན་གྲུབ་ཀྱིས་བསྐུལ་ནས་རྭ་


CMR008_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཨ་སྱས་གོ་བདེ་བར་བྲིས་པ་ལ་ཉེས་འགལ་མཆིས་ན་བཤགས་ཤིང་། དགེ་བས་བྱང་ཆུབ་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་ནས་མྱུར་དུ་པདྨ་འོད་འབར་འགྲུབ་པར་གྱུར་ཅིག༔ མངྒ་ལཾ།། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousབཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ དྲག་པོའི་ཟོར་ཟློག་བཅའ་ཐབས་ཀྱི་ཟིན་བྲིས་རབ་ཏུ་གསལ་བ།next