Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ གདབ་ལས་བསད་པའི་ལས་རིམ་བཞི།
   
   
   
   
   
   
   
   
   
   
   
   


 
previousབཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ གདབ་ལས་བསད་པའི་ལས་རིམ་བཞི།next

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ གདབ་ལས་བསད་པའི་ལས་རིམ་བཞི།


CMR008_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ གདབ་ལས་བསད་པའི་ལས་རིམ་བཞི་བཞུགས་སོ༔


CMR008_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ རིག་འཛིན་དྲག་པོའི་བསྒྲལ་ལས་དོན་བཞི་ཡོད་པ་འདི་ལ༔ དང་པོ་ཧོ་བསྐྱེད་པ༔ དགུག་གཞུག་བྱ་བ༔ ལྷ་དང་ཕྲལ་བ༔ གཟུགས་ལ་དབབ་པ༔ ཐུན་བརྡེག་པ༔ ཞལ་དུ་བསྟབ་པའོ༔ དེ་ལ་ཧོ་བསྐྱེད་པ་ནི༔ ཨོཾ་སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་ཡི་དམ་དུ་གསལ་བའི་མདུན་དུ༔ ལས་སྣ་ཚོགས་སྨིན་པ་ལས་གྲུབ་པའི་གནམ་ལྕགས་འབར་བའི་ཁང་སྒོམ་ཟུར་གསུམ་པ༔ ཁ་དོག་ལ་གཏིང་ཟབ་པ༔ འོག་ན་འདོད་ཆགས་ཀྱི་ཆུ་ལྟར་ཁོལ་བ༔ བར་ན་གཏི་མུག་གི་མུན་པ་འཐིབས་པ་སྟེང་ན་ཞེ་སྡང་གི་བྲག་རི་ཉིལ་བ༔ ལོགས་ལ་


CMR008_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་གྱི་ཐོག་སེར་འབེབས་པ༔ ཕྱི་ན་ཕྲག་དོག་གི་འབྲུག་སྒྲ་དང་མེ་རླུང་འཚུབ་པ༔ ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ནས༔ གཤིན་རྗེའི་ལས་མཁན་བསམ་གྱིས་མི་ཁྱབ་པ༔ མཚོན་ཆ་སྣ་ཚོགས་ཟིང་ཟིང་ཐོགས་ནས་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་ཞལ་ནས་ཧ་ཧ་དང་ཕཊ་ཕཊ་རྒྱོབ་སོད་ཀྱི་ཀུ་སྒྲ་ཆེན་པོ་སྒྲོག་ཅིང་དགྲ་བགེགས་འབྱུང་པོ་རང་དབང་མེད་པར་ཚུད་པའི་གནས་སུ་གྱུར༔ དེ་ཡི་ནང་དུ་དམ་ཉམས་པའི་དགྲ་བོ་འདི་ཉིད་སྔོ་ལ་ཧམ་པ་སྐྱ་ལ་རིད་པ༔ མགོ་བོ་ལྷོ་ནུབ་མཚམས་སུ་བསྟན་པ༔ རྐང་པ་བྱང་ཤར་མཚམས་སུ་བསྟན་པ༔ ལག་


CMR008_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པ་མྱ་ངན་གྱི་ཕྱག་རྒྱས་བསྡམས་པ༔ ཡན་ལག་ལྕགས་སྒྲོག་གིས་བཅིངས་བ༔ འགུལ་བསྐྱོད་མི་ནུས་ཤིང་འདར་ལྡི་ལི་ལི་མིག་ནས་མཆི་མ་ཁྲག་ལྟར་དུ་འབབས་པ༔ དབུགས་སླེབ་སླེབ་སྐད་ངན་ཙི་རི་རི་འདོན་པ་ཞིག་ཏུ་གྱུར༔ འགུགས་པ་ནི་ཕྱག་རྒྱ་དང་བཅས༔ ན་མོ༔ དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ གསང་སྔགས་དང་༔ རིག་སྔགས་དང་༔ སྙིང་པོ་དང་༔ ཕྱག་རྒྱ་དང་༔ ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་༔ ཡི་དམ་དཀྱིལ་འཁོར་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱི་བཀའ་བདེན་པ་དང་༔ དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་༔ ཁྱད་པར་དུ་ཡང་རིག་འཛིན་ཆེན་པོ་པདྨ་དྲག་པོ་རྩལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ མཁའ་འགྲོ་སེང་གེའི་གདོང་ཅན་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་ཅིང་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་ཆེན་པོའི་


CMR008_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས༔ བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས༔ སྔ་དགྲ་ལག་གིས་བརྡར་བ༔ ཕྱི་དགྲ་ཡིད་ལ་བསམ་པ༔ ད་དགྲ་དངོས་སུ་བྱེད་པ༔ ལྷ་ཁྱེད་ལ་མཐུ་མེད་ཟེར་བ༔ མི་ང་ལ་ལྷ་མེད་ཟེར་བ༔ དགྲ་སྣ་རྐུན་སྣ་ཇག་སྣ་སྟོན་པ༔ བསམ་ངན་སྦྱོར་རྩུབ་བྱེད་པ་དེ་དག་ཐམས་ཅད་སྐད་ཅིག་རང་དབང་མེད་པར་སྦྱར་མ་རླུང་གིས་ཁྱེར་བ་ལྟར་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ བཛྲ་ཨངྐུ་ཤ་ཛ༔ བཛྲ་པ་ཤ་ཧཱུྃ༔ བཛྲ་སྤོ་ཊ་བཾ༔ བཛྲ་གྷནྡྷེ་ཧོ༔ ཨ་ཝེ་ཤ་ཡ་ཨ་ཨཱཿ ལན་གསུམ༔ ཕོ་ཉ་བསྐུལ་བ་ནི༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ དབང་དྲག་ཡབ་ཡུམ་ལྷ་ཚོགས་རྣམས༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ དགྲ་བགེགས་འགུགས་པའི་དུས་ལ་བབ༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ རང་དབང་མེད་པར་འདིར་ཁུག་ཅིག༔ དབང་དུ་བསྡུས་ལ་འདིར་ཁུག་ཅིག༔ ཧཱུྃ༔ ཁྲོ་བོའི་སྤྲུལ་པས་འོད་ཟེར་ཁྱུག༔ ལྕགས་ཀྱུ་སྤྲུལ་པས་ནམ་མཁའ་གང་༔ ཞགས་པ་སྤྲུལ་པས་ས་གཞི་གང་༔ ལྕགས་སྒྲོག་སྤྲུལ་པས་བར་སྣང་གང་༔


CMR008_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་སྤྲུལ་པས་ཕྱོགས་མཚམས་གང་༔ འཁོར་བཅས་ལག་ཏུ་ཤོར་མི་འཚལ༔ ཞེས་བཀུག་གོ༔ དགྲ་བོ་ལྷ་དང་ཕྲལ་བའི་བྱ་རོག་འུག་པའི་དང་རུ་གཡབ་ལ༔ ཧཱུྃ༔ དམ་ཉམས་དགྲ་བོ་སྡིག་ཅན་ལ༔ མགོན་པར་བྱེད་པའི་ལྷ་ཁྱོད་ཉོན༔ དམ་ཉམས་དགྲ་བོ་སྡིག་ཅན་འདིས༔ དང་པོ་སངས་རྒྱས་བསྟན་པ་བཤིག༔ བར་དུ་དཀོན་མཆོག་དབུ་འཕང་སྨད༔ ཐ་མ་གསང་སྔགས་གཉེན་པོ་བྲལ༔ དགེ་བ་བཅུ་ནི་ཁྱད་དུ་བསད༔ མི་དགེ་བཅུ་ནི་དང་དུ་བླངས༔ མཚམས་མེད་ལྔ་ཡི་འབྲས་བུར་སྨིན༔ འདི་ནི་བསྒྲལ་བའི་ཞིང་ཡིན་ཕྱིར། འདི་ཡི་མགོན་སྐྱབས་མ་བྱེད་པར༔ ཡེ་ཤེས་ལྷ་ནི་དབྱིངས་སུ་གཤེགས༔ འཇིག་རྟེན་ལྷ་ནི་རང་གནས་སོང་༔ གལ་ཏེ་མི་འགྲོ་སྐྱབས་བྱེད་ན༔ ཡེ་ཤེས་ལྷ་ནི་ཐུགས་དམ་ཉམས་པར་འགྱུར༔ འཇིག་རྟེན་ལྷ་རྣམས་རྡུལ་དུ་རླག་པར་བྱེད༔ དེ་བས་འདི་ཡི་མགོན་སྐྱབས་མ་བྱེད་ཅིག༔ ཨཱ་ཡུ་ཛྷཱ་ན་ཤག་ཕྱེས༔ དེ་ནས་ཕུར་པ་བསྐྱེད་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་རྒྱལ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་འཁོར་བཅས་དྲག་པོའི་ཕྲིན་ལས་


CMR008_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ དེ་ནས་ཕུར་པ་ཐོགས་ལ༔ ཧཱུྃ༔ ང་ནི་དབང་དྲག་ཡབ་ཡུམ་སྐུ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉ་བཅས༔ དབང་དྲག་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ་༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་འཛིན༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས༔ ཨོཾ་ཨཱ༔ཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཀསམརཿཙཤདརཿསཿམཿརཿཡ༔ ཕཊ༔ གནོད་བྱེད་དགྲ་བགེགས་ནི་ཏྲི་ཤ་ཧཱུཾ་མཱ་ར་ཡ་རྦད་སོད་སོད༔ སྙིང་དཀར་ནག་མཚམས་སུ་གདབ་བོ༔ དེ་ཡི་རྣམ་པར་ཤེས་པའི་རྟེན༔ དཀར་པོ་མཆིལ་པའི་སྒོ་ང་ཙམ༔ དེ་ཡི་ནང་ན་སྲོག་དྭངས་མ༔ ཚྭ་ཡིག་ལྗང་གུ་ཕུར་རྩེ་ནས༔ རེག་པས་ཡི་གེ་ཨ་རུ་གྱུར༔ ཨ་དེ་ནམ་མཁར་ཡལ་ནས་ནི༔ ཀུན་བཟང་ཡབ་ཡུམ་ཐུགས་ཀ་རུ༔ ཐེ་ཚོམ་མེད་པར་རྒྱངས་སེ་ཐོན༔ དབྱེ་བ་མེད་དོ་གཤེགས་པར་གྱུར༔ ཕཊ༔ མདུན་བསྐྱེད་ཀྱི་ཐུགས་ཀར་བསྟིམ་མོ༔ ལས་ཕུར་ནི༔ ཧཱུྃ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ སངས་རྒྱས་ཡོངས་རྫོགས་ཕྲིན་ལས་སྐུ༔ ཕུར་ཐུན་དྲག་པོ་ཐོག་ལྟར་འབེབས༔ དགྲ་བགེགས་གཟུགས་ཕུང་


CMR008_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་དུ་རློགས༔ ཧཱུྃ༔ ཡུངས་དཀར་རྒྱལ་པོ་ཤ་རི་རམ༔ ཁྲོ་རྒྱལ་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ རཀྟའི་རྒྱ་མཚོའི་རྦ་ཀློང་འཁྲུག༔ མ་མོ་ཡོངས་རྫོགས་བྱེད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ མཚེ་མདའ་དྲག་པོ་སྐར་ལྟར་འཁྲུག༔ དྲེགས་པ་འཇོམས་མཛད་ཙམ་གྱི་སྐུ་དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ སྟོབས་ཆེན་འདུས་པ་རྡོ་ཡི་ཐུན༔ བདུད་འཇོམས་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ དཔལ་ཆེན་དྲག་པོ་མདའ་ཡི་ཐུན༔ དྲེགས་པ་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ འབྱུང་བ་དུག་ཐུན་རླུང་ལྟར་འཚུབ༔ གདུག་པའི་དུག་སྣ་ཡོངས་རྫོགས་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ མཚོན་ཆེན་འབར་བ་ཆེན་པོ་ཡི༔ ལུས་ནི་དུམ་བུར་གཏུབ་པར་བྱ༔ དབང་པོ་རྩད་ནས་བཅད་པར་བྱ༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱ༔ དུམ་བུ་དུམ་བུ༔ ཤག་ཤག་ཚལ་པ་ཚལ་པ༔ རྦད་རྦད༔ ལིང་རོ་དུམ་བུར་གཏུབ་བོ༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཤ་ཁྲག་བདུད་རྩི་བསྟབ་ལ༔ ཧཱུྃ༔ རིག་འཛིན་


CMR008_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལྷ་ཚོགས་ཞལ་ཕྱེས་ཤིག༔ དམ་ཉམས་དགྲ་བགེགས་ཤ་ཁྲག་རུས་པའི་ཚོགས༔ དབང་དྲག་པདྨའི་ལྷ་ཚོགས་ཞལ་དུ་བསྟབ༔ ཌོཀི་སེང་གདོང་ལྷ་ཚོགས་ཞལ་དུ་བསྟབ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཞལ་དུ་བསྟབ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མགུལ་དུ་བསྟིམ་མོ་ཨཱ་ར་ལི༔ དབྱིངས་སུ་བསྟིམ་མོ་ས་མ་ཡ༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི༔ དྲག་པོས་བསྒྲལ་ལས་ནི༔ སྤྲུལ་པའི་གཏེར་སྟོན་འཇའ་ཚོན་སྙིང་པོས་གཏེར་བྱོན་གྱི་བཀའ་དགོངས་ཕུར་གསུམ་སོགས་ནས་ཁོལ་དུ་ཕྱུང་བ་ཀུན་ལ་མེད་པའི་མདོར་བསྡུས་ཧ་ཅང་མི་ཉོབ་པ་འདོན་ཆ་ལག་ལེན་ཁྱེར་བདེ་ཡིན་ནོ༔ སྔགས་འཆང་རཱ་གའི་མིང་གིས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousབཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ གདབ་ལས་བསད་པའི་ལས་རིམ་བཞི།next